མཚོ་སྔོན་མཚོ་ལྷོ་ས་ཁུལ་གྱི་བོན་དགོན་ཁག

རྩོམ་པ་པོ།:སྙན་བཟང་བསོད་ནམས་གཡུང་དྲུང་། ཡོང་ཁུངས།:ཧི་མ་ལ་ཡའི་བོན། དུས་ཚོད།:2011-02-25 09:02:00 ཀློག་གྲངས།:


བོན་པོ་གདོང་སྣ་ཀུན་བཟང་འོད་གསལ་གླིང་།

            བསྒྲུབ་སྡེ་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་མཁར་གྱི་ཉེ་སྐོར་དུ་ཡོད་ལ། དུས་རབས་དགུ་བར་མེ་ཉག་རབ་རྩེ་འདུས་ཀྱི་རྟ་རྫི་སོག་པོ་སྤྲེལ་སླག་ཅན་གྱིས། རྨ་རི་དེལ་གསུམ་གྱི་བྲག་ཕུག་ནས་བླ་ཆེན་མུ་ཟི་གསལ་བཟང་དང་མཇལ་བས་འགོག་པ་བསླངས་ནས་ཁོང་ཡང་རབ་ཏུ་བྱུང་། མཚན་ལ་ཁྲི་འབར་ཚུལ་ཁྲིམས་གསོལ་ཞིང་བླ་མར་གདམས་ངག་ཞུས་ནས་རྗེ་བོའི་གཡོག་པོ་མ་བྱས། རྗེ་བོས་མི་མངགས་ནས་སྤྲེལ་སླག་ཅན་རྟ་རྫིར་ཤོག་ཟེར་བར། བླ་མས་རབ་བྱུང་བས་རྟ་འཚོས་ན་མི་ཡོང་གསུངས་ནས་མ་བཏང་། རྒྱལ་པོ་ཁྲོས་ཏེ་བླ་སློབ་གཉིས་ཆམ་ལ་ཕབ་ཏུ་སོང་བའི་ལམ་བར་དུ་རི་དྭགས་ཤིག་མཐོང་བ་བདས་ཚེ་བྲག་ཕུག་ཏུ་འཛུལ་ཏེ་བླ་མའི་གམ་དུ་ཉལ་ནས་སྣང་། ཁོ་པས་མདའ་བརྒྱབ་པ་བླ་མས་ཕྱག་བསྐྱངས་ཏེ་བར་སྣང་ནས་བཟུང་། ངེད་ཀྱི་འཁོར་ལ་རྟ་འཚོ་རུ་མི་སྟེར། རི་དྭགས་གབ་ནས་གཤོར་དུ་མི་སྟེར། སྒོམ་ཆེན་འདི་འདྲ་ཅི་ཡིན་ཟེར་ནས་མདའ་ཆར་བཞིན་བསྙིལ་བ་གཟན་གྱིས་བཀག་ཅིང་མཚམས་དེར་བླ་མའི་ཤངས་ནས་མེ་འབར་བས་རི་ལུང་ཐམས་ཅད་གང་། རྒྱལ་བློན་རྣམས་ལ་འཇིགས་སྔངས་ཆེན་པོ་བྱུང་སྟེ་ཅི་བྱ་གཏོལ་མེད་དུ་གྱུར་ནས་སླར་བླ་མ་ལ་ཞུ་བ་ཕུལ་ཅིང་ཕོ་བྲང་དུ་གདན་དྲངས་ནས་ཅི་གསུང་དང་དུ་བླངས། རྗེ་བོས་མཐུན་རྐྱེན་གང་ལེགས་བསྒྲུབས་ནས་བོན་པོ་གདོང་སྣར་འདུལ་དགོན་བཏབས། མཁན་བརྒྱུད་ལ་སོག་སྟོན་ཁྲི་འབར་གྱི་མཁན་བུ་འདན་མ་རྒྱལ་བ་གཙུག་ཕུད། དེའི་མཁན་བུ་གྲུམ་བོན་དཔལ་འབར་གྱི་བུ་ཚུལ་ཁྲིམས་གཙུག་ཕུད། དེའི་མཁན་བུ་ཡ་ཟི་བོན་སྟོན་ནམ་ཤེས་རབ་ཚུལ་ཁྲིམས་ཏེ་བླ་མུ་ཐུར་དགོངས་པ་རབ་གསལ་ཞེས་ཀྱང་ཟེར་རོ།། རྟེན་གསུམ་གྱི་སྐོར་ལ་དེང་སང་འདི་དང་འདི་ཡོད་ཅེས་གསལ་བོར་བཤད་དཀའ་ཡང་། གསུང་རབ་དང་སྐུ་གདུང་མཆོད་རྟེན། འཕེལ་གདུང་དང་ཤ་རི་རམ་སོགས་རྟེན་དང་བརྟེན་པ་འགངས་ཆེན་རྣམས་ལ་ལ་གཞན་དུ་གདན་དྲང་བ་དང་མང་ཤོས་དུས་ཡུན་རིང་པོའི་འཕོ་འགྱུར་ཁྲོད་གཏོར་སྐྱོན་ཐེབས་ཤིང་རིག་གསར་ཡར་སྔོན་དུ་ལྷམ་མེར་བཞུགས་པ་ནི་རྣམ་མཁྱེན་སྟོན་པ་གཤེན་རབ་ཀྱི་རྡོ་སྐུ་རང་བྱོན་དེ་ཡིན། མིན་རྒྱལ་རབས་སྐབས་ཉམས་གསོ་བག་ཙམ་བྱས་ཤིང་གཤེན་རབ་ཀྱི་རྡོ་སྐུ་རང་བྱོན་སོགས་ས་འོག་ནས་རྙེད(དེང་སང་ཐུགས་རྗེ་ཆེན་པོ་རང་བྱོན་ཞེས་མིང་བསྒྱུར་བ་དེ་ཡིན)པའི་ལོ་རྒྱུས་ཡོད། ད་ལྟ་རྒྱ་ནག་གི་རོའུ་ལུགས་པའམ(儒家)ཏོ་ལུགས་པ(道教)སོགས་ཀྱིས་དགོན་ཤུལ་ཙམ་བཟུང་ནས་ཡོད་དོ།།


སྟོང་ཆེ་ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་།

            བསྒྲུབ་སྡེ་འདི་ནི་མཚོ་སྔོན་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཅུ་བཞིའི་སར་ཆགས་ཡོད། ཐོག་མར་རབ་བྱུང་དྲུག་པའི་ནང་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་ཁོང་གི་སྐུ་མཆེད་ཧོར་རྗེ་པདྨ་རྒྱལ་གཉིས་མདོ་སྨད་ཁྲི་ཀའི་ཡུལ་འདིར་ཕེབས་ནས་བླ་དཔོན་ཚུལ་གྱིས་གཞི་བཟུང་། ས་མོ་གླང་གི་ལོ(༡༣༤༩)ལོ་ལ་རྨང་འདིང་མཛད་ནས་ལྷ་ཁང་བྱ་འདབས་སུམ་བརྩེགས་ལ་ཁྱུང་མགུར་ཁྱུང་མགོ་ཏོག་གིས་བརྒྱན་པ་ལེགས་པར་གྲུབ། རབ་བྱུང་རྣམས་ལ་མདོ་ལུགས་དང་གྲོང་སྔགས་རྣམས་ལ་སྔགས་ཕྱོགས་སྤེལ་ནས་བླ་རབས་མང་པོ་ལ་མཛད་འཕྲིན་རྒྱས། དུས་རབས་བཅུ་བདུན་པའི་ནང་རྩེ་དབུས་ཨ་ལགས་ཤེས་རབ་ཀྱིས་རྒྱབ་རི་གདུགས་ཁྱེར་འདྲ་བའི་ཡུ་བའི་སྟེང་དུ་ཁོང་གི་བླ་བྲང་བཞེངས། གཞུ་མོ་བརྒྱད་ཅུ་བྱིན་ནས་དགོན་ས་ཉོས་ཤིང་འདུས་སྡེ་གཡུང་དྲུང་ཕུན་ཚོགས་གླིང་ཞེས་པ་གསར་དུ་བཏབས། སྟོང་ཆེ་ཨ་ཁུ་རྒྱལ་བ་ཟེར་བ་དྲུང་རམས་པ་གདན་འདྲེན་དུ་དབུས་གཙང་ལ་ཕེབས་ཤིང་གྲུབ་ཐོབ་སྤ་ཡི་གདན་ས་ནས་ཁྲོ་བོའི་ཕྱག་ལེན་དང་དབྱངས་སོགས་བསླབ་སྟེ་ཁྱུང་མོ་དགོན་པར་ཁྲོ་བོའི་བསྒྲུབ་མཆོད་བཙུགས་པས་དེང་སང་མདོ་སྨད་བྱང་རྒྱུད་དུ་དར་བ་འདིའོ།། ༡༩༥༨དང་༡༩༦༧སྐབས་ཐམས་ཅད་འཇིག་ཅིང་༡༩༨༢ལོར་འདུ་ཁང་བསྐྱར་དུ་བཞེངས། ༡༩༨༣ལོར་གོང་རིམ་ནས་ཆོག་མཆན་ཐོབ་ནས་དགོན་པའི་དོ་དམ་ཨུ་ལྷན་ཚུགས། ལོ་རབས་དགུ་བཅུ་བ་ནས་བླ་མ་སྟོབས་ལྡན་དབང་ཕྱུག་ཚང་གིས་དགོན་པའི་རྟེན་དང་བརྟེན་པ་བཅས་པ་བསྐྱར་བཞེངས་དང་༢༠༠༥ནས་སློབ་གླིང་བཙུགས་པས་ད་ལྟའི་གཞི་ཁྱོན་འདི་བསྐྲུན་པའོ།།

            བསྒྲུབ་སྡེ་འདི་ནི་ཁྲི་ཀ་རྨ་ནུབ་གྲོང་རྡལ་ནས་ལྷོ་ཕྱོགས་སུ་སྤྱི་ལེ་བཅུ་གཅིག་གི་སར་ཡོད། ཐོག་མའི་བྱུང་ཁུངས་ནི་ཀླུ་བོན་ཡེ་ཤེས་སྙིང་པོའི་སྤྲུལ་བ་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་དང་(སོག་བཙུན་ལ་སྟོང་ཆེ་སྟོན་པའང་ཟེར)ཁོང་གི་སྐུ་མཆེད་ཧོར་རྗེ་པདྨ་རྒྱལ་གཉིས། བསྟན་འགྲོའི་དོན་ལ་རབ་བྱུང་དྲུག་པའི་ནང་མདོ་སྨད་ཁྲི་ཀ་སྟོང་ཆེ་རུ་ཕེབས་ནས་བླ་དཔོན་ཚུལ་གྱིས་གཞི་བཟུང་། ས་མོ་གླང་(༡༣༤༩)ལོའི་དབྱར་ཟླ་ར་བའི་ཡར་ཚེས(༡༡)དགེ་བར་ལྷ་ཁང་གི་རྨང་འདིང་མཛད་ནས། གཟེ་མའི་ལྷ་ཁང་བྱ་འདབས་སུམ་བརྩེགས་ཅན་ལ་ཁྱུང་མགུར་ཁྱུང་མགོ་ཏོག་གིས་བརྒྱན་པ་ཕྱི་ནང་བར་ཁྱམས་དང་བཅས་པ་ལེགས་པར་གྲུབ། དེ་ལ་ཁྱུང་མོ་བླ་རབས་དང་མཁར་ནག་བླ་རབས། སྦ་སར་བླ་རབས་སོགས་ཀྱི་རིང་ལ། ཁྱུང་མོ་ལྷ་ཁང་དང་སྦ་སར་ལྷ་ཁང་། ཀ་རྒྱ་སྟོང་སྐོར་ལྷ་ཁང་། མཁར་ནག་ལྷ་ཁང་། རྒྱལ་ཐང་ལྷ་ཁང་སོགས་རིམ་བཞིན་བཞེངས། འབྲོག་རུ་དཔོན་ཚང་སྤྱི་བ་དང་། འབྲོག་རུ་སྟོང་སྐོར་སྤྱི་བ(ད་ལྟ་འདི་ན་ལྷ་ཁང་བཞེངས་ཡོད)། བྱ་མདོ་བོན་སྐོར་སྤྱི་བ(ད་ལྟ་འདི་ན་ལྷ་ཁང་བཞེངས་ཡོད)སོགས་བཙུགས་ནས་ལྷ་ཁང་དེ་དག་དང་སྤྱི་བ་དེ་དག་ཏུ་གྲྭ་ཚང་གཡུང་དྲུང་ཕུན་ཚོགས་གླིང་དང་སྤྱི་སྟོང་ཆེ་བོན་མང་གི་བསྒྲུབ་ཆེན་རྣམས་སྔོན་མའི་ཕྱག་ལེན་བཞིན་དུ་བསྟན་རྒྱུན་སྐྱོང་མུས་སུ་གནས་ལ། གཟེ་མའི་ལྷ་ཁང་གི་ནང་རྟེན་རྣམས༡༩༥༨ལ་འཇིག་ཅིང་༡༩༦༧སྐབས་ལྷ་ཁང་ཡང་འཇིག དེ་ནས་དད་མོས་རང་དབང་གི་སྲིད་ཇུས་དངོས་འབེབས་བྱས་ནས་སྟོང་ཆེའི་དབང་བྷ་དང་བུན་ཆང་པོ། འབྲུག་ཁོ། ལྷ་དར་འབུམ། འབྲོག་རུ་དཔོན་ཚང་གི་ནོའུ་ཁོ། བསོད་བློ། གཡང་དཔལ་བྱམས་བཅས་ཀྱིས༡༩༨༦ནས་ཉམས་གསོའི་འགོ་བཙུགས་ཏེ༡༩༩༢ལོར་གཟེ་མའི་ལྷ་ཁང་རྟེན་དང་བརྟེན་པ་བཅས་པ་ལེགས་པར་གྲུབ་ནས(སྟོང་ཆེ་སྟོན་པས་ཐོག་མར་ས་འདིར་གཞི་བཟུང་ནས་ད་ལྟའི་བར་མི་ལོ༦༦༡འགོར་བ)བསྒྲུབ་ཆེན་རྣམས་སྔོན་མ་ནང་བཞིན་དར་རྒྱས་སུ་གནས་སོ།།


སྟོང་སྐོར་གཡུང་དྲུང་གསང་སྔགས་གླིང་།

            བསྒྲུབ་སྡེ་འདི་ནི་མཚོ་སྔོན་མང་རྫོང་རྩྭ་ལས་ཀུང་སིའི་ཁོངས་གཏོགས་ཏེ་མགོ་མང་གྲོང་རྡལ་ནས་ནུབ་ཕྱོགས་སུ་སྤྱི་ལེ་ཞེ་བརྒྱད་ཀྱི་སར་ཡོད་ལ་སྤྱི་སྟོང་ཆེ་འབྲོག་རུ་དཔོན་པོའི་མངའ་འབངས་ཡིན། ཐོག་མར་རབ་བྱུང་བཅུ་བཞི་བའི་ནང་ལ་སྟོང་ཆེ་རོང་འབྲོག་ཏུ་ཕྱེས་ཤིང་ཡུན་རིང་བར་དུ་སྡེ་བའི་སྤྱི་སྲུང་སྒྲུབ་མཁན་ནི་བོན་པོ་གྲྭ་ཚང་(གཡུང་དྲུང་ཕུན་ཚོགས་གླིང་)དང་སྟོང་ཆེ་བོན་མང་(ད་ལྟའང་)ཡིན། སྟོང་སྐོར་དང་མར་ནང་། བྲོའུ་ཚང་བཅས་ཚོ་ཁག་གསུམ་ལ་(ད་ལྟ)དུད་ཁ༡༢༠ལྷག་ཡོད། རབ་བྱུང་བཅུ་དྲུག་པའི་མེ་བྱ་ལོར་མཁར་ནག་སྐུ་ཕྲེང་དྲུག་པ་ཚུལ་ཁྲིམས་རྒྱ་མཚོ་དང་སྔགས་འཆང་ལྔ་ཙམ་གྱིས་བཀྲ་ཤིས་དགེ་མཚན་དང་བཅས་ཏེ་ཚོགས་རས(ལྷ་གུར)ཤིག་བཟོས་ཏེ་སྟོང་སྐོར་སྡེ་བའི་ཐོག་མའི་སྤྱི་སྲུང་གི་བསྒྲུབ་པ་མཛད། ༡༩༨༨ལོར་དད་ལྡན་མང་ཚོགས་ཀྱི་རེ་འདུན་ལྟར་གཡུང་དྲུང་གསང་སྔགས་གླིང་ཞེས་པའི་ལྷ་ཁང་འདི་གསར་དུ་བཞེངས། ༡༩༩༠ལོར་གླིང་འདིར་སྟག་ལའི་མཆོད་རྟེན་གཡུང་དྲུང་བཀོད་ལེགས་དང་དབལ་ཆེན་ཕུར་བའི་འཁོར་ཆེན་བསྐོར། ༢༠༠༠ལོར་ལྷ་ཁང་སྔོན་མའི་མཁྲིས་སུ་ལྷ་ཁང་ཞིག་གསར་བཞེངས་བྱས་ནས་ནང་གི་རྟེན་བཞེངས་དང་རྒྱལ་བའི་བཀའ་དང་བཀའ་བརྟེན་སོགས་ད་ལྟའི་གཞི་ཁྱོན་འདི་ལེགས་པར་གྲུབ། ཧོར་ཟླ་དང་པོར་ཁྲོ་བོའི་བསྒྲུབ་པ་དང་བཞི་བར་ཀླུ་ཆོག་དང་རྣམ་པར་རྒྱལ་བའི་བསྒྲུབ་པ། བདུན་པར་བོན་སྐྱོང་ཚོགས་བསྒྲུབ་དང་དགུ་བར་ཁྲོ་བོའི་བསྒྲུབ་པ་བཅས་དར་རྒྱས་སུ་གནས་སོ།།

འབྲོག་རུ་དཔོན་ཚང་སྤྱི་བ།

            བསྒྲུབ་སྡེ་འདི་ནི་མཚོ་སྔོན་མང་རྫོང་རྩྭ་ལས་ཀུང་ཟིའི་མངའ་ཁོངས་ཏེ་མགོ་མང་གྲོང་རྡལ་ནས་ནུབ་ཏུ་སྤྱི་ལེ་ང་གཉིས་ཀྱི་སར་ཡོད། རབ་བྱུང་བཅུ་བཞི་བའི་ནང་ལ་སྟོང་ཆེ་རོང་འབྲོག་ཏུ་ཕྱེས་ཤིང་འབྲོག་རུ་དཔོན་པོ་གནམ་ལོའི་རིང་ནས་དཔོན་ཚང་སྤྱི་བ་ཚུགས་ལ་བསྒྲུབ་པ་འཛུགས་མཁན་བོན་པོ་གྲྭ་ཚང་(གཡུང་དྲུང་ཕུན་ཚོགས་གླིང་)དང་སྟོང་ཆེ་བོན་མང་ཡིན། དཔོན་རབས་ལ། སྤྱི་སྟོང་ཆེའི་དཔོན་པོ་གཡུང་དྲུང་བསྟན་པའི་སྐུ་མཆེད་མཁར་བྱམས་ཀྱིས་འབྲོག་ཕྱོགས་ནས་ཕྱུགས་ལས་གཉེར་བས་རུ་བ་རྣམས་ཀྱིས་དཔོན་པོར་བཀུར་བ་འབྲོག་རུ་དཔོན་པོ་དང་པོ་ཡིན། གཉིས་པ་གནམ་བྱམས། གསུམ་པ་མགོན་པོ་རྒྱལ(མན་དཀར) བཞི་བ་སྙིང་གར་རྒྱལ། ལྔ་བ་ད་ལྟའི་དཔོན་པོ་ཚེ་དཔལ་རྒྱལ་ཡིན། རབ་བྱུང་བཅུ་བདུན་པའི་ལྕགས་ལུག(༡༩༩༡)ལོར་བླ་མ་སྟོབས་ལྡན་དབང་ཕྱུག་ཚང་གིས་སྡེ་འདིའི་སྒང་རྒྱུད་ཅུང་མཐོ་ས་ཞིག་ནས་གཡུང་དྲུང་བཀོད་ལེགས་ཀྱི་མཆོད་རྟེན་ཞིག་གསར་དུ་བཞེངས། ད་ལྟ་སྔོན་མའི་བསྒྲུབ་མཆོད་དང་སྡེ་བའི་སྤྱི་སྲུང་རྣམས་ལྷ་གུར་ཕུབ་ནས་བསྒྲུབ་པ་ཉམས་ལེན་དང་སྔར་རྒྱུན་སྐྱོང་མུས་སུ་གནས་པ་བཅས་སོ།།


བོན་སྐོར་མི་འགྱུར་གསེར་འོད་བདེ་ཆེན་གླིང་།

            བསྒྲུབ་སྡེ་འདི་ནི་ཁྲི་ལྷོ་རྫོང་མགོ་མང་གྲོང་རྡལ་ནས་སྤྱི་ལེ་དྲུག་ཅུ་ལྷག་ཙམ་གྱི་ས་དེར་གནས་ཤིང་། ལོ་ངོ་ཉིས་བརྒྱ་ལྔ་བཅུ་ཙམ་གྱི་ལོ་རྒྱུས་ཡོད་པར་མ་ཟད། ད་ལྟ་བོན་གཤེན་ཉི་ཤུ་ལྷག་བཞུགས་ཤིང་བསྟན་འཛིན་གོང་མའི་ཕྱག་རྒྱུན་བཞིན་དུ་བོན་སྤྱོད་ཀྱི་བྱ་བ་གོང་དུ་འཕེལ་བཞིན་ཡོད་དོ། །


བོན་བརྒྱ་ཁྱུང་སྨན་མདོ་སྔགས་བཤད་སྒྲུབ་གླིང་།

            དགོན་སྡེ་འདི་ནི་མཚོ་སྔོན་མང་རྫོང་སུམ་མདོ་ཤང་གི་མངའ་ཁོངས་ཏེ། ཐོག་མར་བོན་བརྒྱའི་བླ་མ་ནམ་མཁའ་རྒྱལ་མཚན་གྱིས་སྤྱི་ལོ༡༩༥༨ལོའི་ཟླ༣ཚེས༨ཉིན་ཤོག་དཀར་སྟེང་ལ་ས་དབྱིབས་དང་འདུ་ཁང་། གྲྭ་ཤག་སོགས་ཀྱི་དཔེ་རིས་བྲིས་ནས། གཤམ་དུ་མདོ་སྔགས་བཤད་སྒྲུབ་སྨིན་གྲོལ་ལྷུན་གྲུབ་གླིང་ཞེས་པའི་མཚན་ཡང་བཀོད། སྤྱི་ལོ༡༩༩༠ལོར་བོན་བརྒྱ་སྡེ་དྲུག་གི་མང་ཚོགས་ཀྱི་རེ་འདུན་དང་ལྷག་པར་དུ་བོན་བརྒྱ་ནམ་མཁའ་རྒྱལ་མཚན་གྱི་ཐུགས་སྨོན་ལྟར། བོན་བརྒྱའི་བླ་མ་གཡུང་དྲུང་ལྷུན་གྲུབ་མཆོག་གིས་གཙོ་འགན་བཞེས་ཏེ་དགོན་པ་འདེབས་རྒྱུའི་ཐག་བཅད། སྤྱི་ལོ༡༩༩༤ལོར་གོང་རིམ་ནས་དངོས་སུ་ཆོག་མཆན་ཐོབ་པ་བརྒྱུད་འདུ་ཁང་གསར་བཞེངས་དང་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། ད་ལྟ་གཙང་གྲྭ་ཉི་ཤུ་ཙམ་གྱིས་བསྒྲུབ་རྒྱུད་ཀྱི་བསྟན་པ་སྐྱོང་བཞིན་པའོ།།

བོན་བརྒྱ་འབྲོག་པའི་བོན་པོ་སྤྱི་བ།

            སྤྱི་བ་འདི་ནི་ལོ་ངོ་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་བཤད་ཅིང་། གཙོ་བོ་སྦྲ་གུར་དང་ཚོགས་རས་ལ་བརྟེན་ནས་ལོ་རབས་མང་དུ་ཕྱིན་པ་དང་། དེ་ལ་བོན་པོ་དབྱིངས་ཀློང་རིན་ཆེན་ནས་རིམ་བཞིན་འཚོ་བྱེད་དཔའ་མཁར་རྒྱལ། གསང་བདག་རང་ཤར་རིག་གྲོལ། མཁས་གྲུབ་གཡུང་དྲུང་ཕུན་ཚོགས། གྲུབ་དབང་ནམ་མཁའ་རྒྱལ་མཚན། སྐུ་སྐྱེ་ཐེག་མཆོག་ནམ་མཁའ་སོགས་བསྟན་འགྲོའི་དོན་ཆེན་ནུས་པའི་སྐྱེས་ཆེན་དུ་མ་མང་དུ་བྱོན། དུས་རབས་ཉི་ཤུའི་ནང་བོན་བརྒྱ་དགེ་ལེགས་རྒྱ་མཚོ་དང་རྟོགས་ལྡན་གཡུང་དྲུང་ལྷུན་གྲུབ་གཉིས་བྱོན་ཏེ་བསྟན་འགྲོའི་ཕྲིན་ལས་རྒྱ་ཆེར་མཛད་དེ། འབའ་མང་ར་གཉིས་ནས་བོན་གཤེན་བརྒྱ་དང་ཉི་ཤུ་ལྷག་ལ་འཕེལ་ཡོད་དོ། །


སེ་བཟའ་མདོ་སྔགས་ལྷུན་གྲུབ་སྨིན་གྲོལ་གླིང་།

            སྒྲུབ་སྡེ་འདི་ནི་ཐུན་ཏེ་རྫོང་ནས་སྤྱི་ལེ་ལྔ་ཙམ་དུ་གནས་ཤིང་། སེ་དཀར་བོན་པོའི་སྲས་མོ་སེ་བཟའ་སྨན་གྱི་རིགས་རྒྱུད་དུ་གཏོགས་པར་བཤད། ལོ་རྒྱུས་ཀྱི་དུས་ཡུན་རིང་མོའི་ནང་དུ་གསང་སྔགས་ཀྱི་དགོངས་སྤྱོད་ཟབ་མོ་ཉམས་བཞེས་མཛད་པའི་བོན་གཤེན་མང་དུ་བྱུང་བས་བསྟན་རྒྱུན་མ་ཉམས་པར་གནས་ཤིང་། སྤྱི་ལོ༡༩༨༢ལོར་བོན་བརྒྱ་གཡུང་དྲུང་ལྷུན་གྲུབ་ཀྱིས་བདག་གིར་བཞེས། ཕྱི་ནང་གི་རྟེན་དང་བརྟེན་པ་ཐམས་ཅད་ལེགས་གྲུབ་བྱུང་ཞིང་བོན་སྤྱོད་ཀྱི་བྱ་བཞག་གོང་དུ་སྤེལ་བཞིན་ཡོད་དོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།