ཨ་ཆུང་གནམ་རྫོང་དགོན་པ་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:དབང་འགྲུབ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-04-14 10:48:00 ཀློག་གྲངས།:

           མདོ་སྨད་ཡུལ་གྱི་རྫོང་ཆེན་བཞིའི་ཡ་གྱལ་མདོ་སྨད་ཨ་ཆུང་གནམ་རྫོང་དགོན་པ་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་གཅན་ཚ་རྫོང་གི་ཁོངས་སུ་ཡོད་ལ། དེའི་ཁོར་ཡུག་ཏུ་སྟོད་ན་དཀར་བོ་ལྷ་ཡི་རྫོང་དྲུག་དང་། བར་ན་དམར་བོ་བཙན་གྱི་རྫོང་དྲུག སྨད་ན་སྔོན་མོ་ཀླུ་ཡི་རྫོང་དྲུག་བཅས་ཁམས་རའི་རྫོང་ཆེན་བཅོ་བརྒྱད་ཀྱི་ཕྱི་ཡི་ལྕགས་རིའི་བསྐོར་ཅིང་ནགས་ཚལ་གྱི་བསྐོར་བའི་ཁམས་ཀྱི་རྣམ་ཐར་ཐང་དུ་རྙིང་མའི་དགོན་དང་། བཀྲ་ཤིས་ཐང་དུ་གསར་མའི་དགོན། མཆོད་རྟེན་ཐང་དུ་ཇོ་མོའི་དགོན། མཛེས་པའི་མདུན་རི་གནམ་རྫོང་ཡང་རྩེས་བྱང་ཕྱོགས་སུ་གནམ་སྒོ་གསང་རྒྱ་བཅད་པ་དང་མཚུངས་པར་མི་གཞན་པས་མི་ཚོར་བ་དང་། སྒྲིབ་བྱེད་ཀྱི་ཡོལ་བ་ལྟ་བུར་བོད་ཡིག་ཨ་ཆུང་སྟེ། འ་ཡི་དབྱིབས་ཅན་བྲག་རང་བྱོན་འབུར་དུ་ཐོན་ནས་སྒོ་བཅད་དེ་ཡོད་པས་ཨ་ཆུང་གནམ་རྫོང་དུ་གྲགས་ལ། ལྷ་འདྲེ་བཀའི་ཐང་ཡིག་དང་།  ལྡེའུ་ཆོས་འབྱུང་སོགས་བོད་ཀྱི་ལོ་རྒྱུས་དེབ་ཐེར་སྔ་བ་དག་ལས་ཨན་ཆུང་གནམ་རྫོང་ཞེས་འབྲི་མོད། དེང་དུས་རྒྱུག་ཆེ་བ་ནི་ཨ་ཆུང་ཞེས་འབྲི་བ་རེད། 
            བོད་རྒྱལ་གླང་དར་མས་བསྟན་པ་བསྣུབས་རྗེས།“དགེ་འདུན་གྱི་འཚོ་བ་བླ་ནས་སྦྱོར་བ་མེད། ཆུ་བོ་རིའི་དགོན་གྲྭ་ན། གཡོ་དགེ་འབྱུང་། གཙང་རབ་གསལ། དམར་ཤཱཀྱ་མུ་ནེ་གསུམ་ཡོད་པས། ཧོར་གྱི་ཡུལ་དུ་ཕྱིན་ཙ་ན། དེར་ཡང་ཆོས་ལུགས་ལ་འགོད་པར་མ་ནུས་ནས། ཧོར་གྱི་དགེ་བསྙེན་ཤཱཀྱ་པྲ་བ་དང་འགྲོགས་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ།  བླ་ཆེན་པོས་ཞལ་ལྟར་ཕྱིན་ཏེ། མཇལ་བས་ཆོས་གཅིག་སློབ་པར་ཞུས་པས། འདུལ་བ་འོད་ལྡན་བསྟན་ནས་འདི་ལ་ལྟོས་དང་། དད་ན་གྲོས་བྱ་ཡི་གསུངས་པས། དེ་ཁྱེར་ནས་ལམ་ནས་ཕར་ལྟ་བཞིན་ཕྱིན་པས། དད་ནས་མཆི་མ་ཡང་ཤོར། དེ་ནས་ཟླ་གཅིག་ལོན་ནས་རབ་ཏུ་བྱུང”ཞེས་པ་ལྟར་དུ་གནས་འདི་ལ་མཁས་པ་མི་གསུམ་དང་བླ་ཆེན་པོ་དགོངས་པ་རབ་གསལ། ལྷ་ལུང་དཔལ་རྡོ་སོགས་ཀྱི་ཞབས་ཀྱི་བཅགས་ཏེ། ཐོག་མར་དབེན་འབྱུང་ནམ་མཁའ་རྫོང་གི་རྩེ་ན་སྒྲུབ་པ་ཉམས་ལེན་ལ་གཞོལ་ཅིང་། དེ་ནསཨ་ཆུང་གནམ་རྫོང་གི་ཉེ་ས་ཀུན་ནས་དབུ་ཚུགས་ཏེ། འདུལ་བའི་བསྟན་པ་སླར་གསོ་གནང་ཞིང་། དེང་གིས་བར་དུ་གནས་འདི་ནས་གོས་དཀར་ལྕང་ལོ་འཆིང་བའི་རྙིང་མ་བའི་གྲུབ་མཐའ་འཛིན་པའི་གསང་སྔགས་བསྟན་རྒྱས་གླིང་དང་། རི་བོ་དགེ་ལྡན་པའི་གྲུ་མཐའི་ལུགས་ཀྱི་བཀྲ་ཤིས་རྣམ་རྒྱལ་གླིང་། བཙུན་མའི་ཚོགས་རྣམས་འདུ་བའི་བསམ་གཏན་ཆོས་འཕེལ་གླིང་སོགས་ཡོད་ལ། དེ་དག་ལས་བོད་ཀྱི་ལོ་རྒྱུས་བཤད་རྒྱུན་ལ་བོད་ཀྱི་འདུལ་བའི་དར་བ་ལ་སྔ་དར་དང་ཕྱི་དར་གཉིས་སུ་དབྱེ་ཞིང་། ཕྱི་མ་དེ་ཡང་སྟོད་འདུལ་དང་སྨད་འདུལ་གཉིས་སུ་དབྱེ་བའི་ཕྱི་མ་ནི་མདོ་སྨད་ཨ་ཆུང་གནམ་རྫོང་ནས་གསོས་པར་བཞེད་པས་ཀུན་གྱི་བསྟན་པའི་མེ་རོ་གསོ་ས་མདོ་སྨད་ཨ་ཆུང་གནམ་རྫོང་དགོན་ཞེས་འབོད་པ་རེད།
            གཞན་ཡང་། གནས་འདི་རུ“རྫོགས་ཆེན་སྐུ་ཕྲེང་རིམ་བྱོན་དང་། ཞབས་དཀར་ཚོགས་དྲུག་རང་གྲོལ་སྐུ་ཕྲེང་རིམ་བྱོན། རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། རྡོ་བྲག་རིག་འཛིན་ཆེན་མོ། རིག་འཛིན་དཔལ་ལྡན་བཀྲ་ཤིས།  གཏེར་སྟོན་བསོད་རྒྱལ་རིན་པོ་ཆེ། རྫོགས་ཆེན་པདྨ་རིག་འཛིན་སོགས་སྐྱེས་ཆེན་དུ་མ་སྒྲུབ་དགོན་འདིར་ཕེབས་ཏེ་འཆད་ཉན་རྒྱ་ཆེར་སྤེལ། རིག་གསར་གྱི་རླུང་འཚུབ་ནང་དུ་དུས་ཀྱི་འཕོ་འགྱུར་གྱིས་སྒྲུབ་དགོན་འདི་ཤུལ་མེད་དུ་བཏང་ནའང་། སྤྱི་ལོ1981ལོར་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་ཉི་གཞོན་འཕྲོས་པ་དང་བསྟུན། བསྟན་པ་ཡང་དར་གྱི་དབུ་ཚུགས་ནས་ཞིང་ཆེན་སྲིད་གྲོས་ཀྱི་དབུ་འཛིན་ཆེན་མོ་དགུ་རོང་རྒྱལ་སྲས་མཆོག་གིས་ཀྱང་མཆོག་སྤྲུལ་གྲོལ་ལོ་ཚང་སྐུ་གཞོགས་དགུ་རོང་ཚང་གི་རྒྱལ་ཚབ་ཏུ་དབང་བསྐུར་ནས་གནམ་རྫོང་སྤྱི་བདག་འཛིན་པའི་བཀའ་བསྒོས་པ་ལྷག་པའི་བསམ་པས་ཕྲག་ཏུ་བཞེས་ཏེ། དགུ་རོང་རྒྱལ་སྲས་རིན་པོ་ཆེ་དང་། སྤྲུལ་སྐུ་གྲོལ་ལོ། སྤྲུལ་སྐུ་པདྨ་རྣམ་གྲོལསོགས་དམ་པ་དུ་མའི་བདག་རྐྱེན་གཞིར་བྱས། ཁམས་ར་ཀླེས་ལྔ་དང་བཅས་པའི་དད་ལྡན་མང་ཚོགས་རྣམས་ཀྱི”མཐུན་རྐྱེན་འོག་དགོན་པའི་འདུ་ཁང་དང་། ནང་རྟེན་ལ་བཅས་སླར་ཡང་བཞེངས་ནས་དགོན་པ་འདི་ཉིད་དུ་དུས་བཞིའི་དབྱེ་བ་མེད་པར་ཆོས་ལུགས་ཀྱི་ཆོ་ག་རབ་དང་རིམ་པ་སྤེལ་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།