མངའ་རིས་མཐོ་ལྡིང་གསེར་གྱི་ལྷ་ཁང་མཚམས་སྦྱོར་མདོར་བསྡུས།
མཐོ་ལྡིང་དགོན་པ(托林寺)ནི་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱི་རྩ་མདའ་རྫོང་གླང་ཆེན་ཁ་འབབ་ཀྱི་འགྲམ་རྒྱུད་དུ་ཡོད་ཅིང་། བོད་སིལ་བུར་ཐོར་བའི་དུས་སུ་བཙན་པོའི་རྒྱལ་རྒྱུད་བཞི་བྱུང་བའི་ཡ་གྱལ་མངའ་རིས་རྒྱལ་རྒྱུད(དུས་རབས10བ་ནས་དུས་རབས17བར)སྐབས་སུ་བཞེངས་པའི་ཆོས་སྡེ་ཐོག་མ་སྟེ། སྤྱི་ལོ996ལོར་མི་དབང་དང་བཙུན་པའི་རྟེན་གཅིག་ལྕོགས་སུ་གྱུར་པའི་གུ་གེའི་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་དང་ལོ་ཙཱ་བ་ཆེན་མོ་རིན་ཆེན་བཟང་པོ་སོགས་ཀྱིས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་བཟོ་བཀོད་ལ་དཔེ་བྱས་ནས་གསར་དུ་བཏབ་པའི་དགོན་པ་ཞིག་ཡིན།
ངག་རྒྱུན་ལྟར་ན་མཐོ་ལྡིང་དགོན་ཞེས་པ་ནི་བཙན་པོའི་དབུ་ཞྭ་ནམ་མཁར་གཡུག་ནས་གང་དུ་ལྷུང་བའི་ས་དེར་གཙུག་ལག་ཁང་བཞེངས་པར་བཞེད་ནས་དགོང་དུ་གཡུག་པས་དབུ་ཞྭ་མཐོན་པོར་ལྡིང་ནས་སར་འབབ་པའི་གནས་དེར་གཙུག་ལག་ཁང་བཞེངས་ཏེ་མཐོ་ལྡིང་དམར་དཔལ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་པའི་མཚན་གསོལ་བར་གྲགས། དུས་དེར་བཙན་པོ་འདི་པས་ལོ་ཙཱ་བ་རིན་ཆེན་བཟང་པོ་དང་ལེགས་པའི་ཤེས་རབ་སོགས་བོད་ཀྱི་མཁས་ཆེན་དམ་པ་ཉི་ཤུ་ལྷག་འཕགས་ཡུལ་དུ་ཆོས་སློབ་པར་བརྫངས་ནས་བསྟན་པ་ཕྱི་དར་གྱི་དབུ་བསླངས་པར་མ་ཟད། འཕགས་ཡུལ་གྱི་པཎྜི་ཏ་དང་གྲུབ་ཐོབ་པ་དུ་མ་གདན་དྲངས་ཏེ་བཀའ་བསྟན་གྱི་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་པས་འདུལ་བ་སྟོད་ལུགས་བྱ་བ་དར་བ་དང་། ཕྱིས་སུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དགོན་པ་འདིར་ཕེབས་ནས་བོད་ཀྱི་ལོ་ཙཱ་བ་རིན་ཆེན་བཟང་པོ་དགུང་ལོ་བརྒྱད་ཅུ་གྱ་ལྔར་ཕེབས་པ་དང་ཕན་ཚུན་ཞལ་མཇལ་ཏེ་མདོ་སྔགས་གྱི་ཆོས་ལ་གསུང་གླེང་མང་པོ་གནང་ཞིང་། ཇོ་བོ་རྗེས་ཁྱེད་ལྟ་བུའི་པཎྜི་ཏ་མཁས་པ་ཆེན་པོ་བོད་ན་བཞུགས་བཞིན་དུ་ང་བོད་དུ་འོང་དགོས་པ་མི་འདུག་གསུངས་ཏེ་ཧ་ཅང་ཐུགས་མཉེས་པོ་བྱུང་། དགོན་པ་དེར་མངའ་རིས་གུ་གེ་རྒྱལ་པོ་རིམ་བྱུང་གིས་བཞེངས་པའི་སངས་རྒྱས་ཆོས་ལུགས་ཀྱི་ལྷ་རྟེན་ཤིན་ཏུ་མང་བོ་ཡོད་ལ། དགེ་བའི་བཤེས་གཉེན་མང་དུ་བྱུང་ཡོད། ལ་དྭགས་རྒྱལ་པོ་སེངྒེ་རྣམ་རྒྱལ་གྱི་དུས་སུ་མངའ་རིས་ཁུལ་གྱི་དགེ་ལུགས་དགོན་པ་རྣམས་ལ་དམག་དྲངས་ཏེ་ཆོས་ལུགས་བསྒྱུར་བ་སོགས་གནོད་འཚེ་གང་མང་བྱས་པ་དང་། ལ་དྭགས་རྒྱལ་པོ་སྤུན་མཆེད་བར་ནང་འཁྲུག་བྱུང་བ་དང་སྐབས་བསྟུན་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་རྒྱལ་པོ་དགའ་ལྡན་ཚེ་དབང་དམག་དཔུང་དང་བཅས་པ་མངའ་རིས་སུ་བཏང་ནས་སྟོད་མངའ་རིས་སྐོར་གསུམ་དབང་དུ་བསྡུས་པས། རབ་བྱུང་བཅུ་གཉིས་པའི་མེ་ཡོས་སྤྱི་ལོ1687ལོ་ནས་བཟུང་དགའ་ལྡན་ཤར་པ་ཆོས་རྗེ་དང་བྱང་རྩེ་ཆོས་རྗེ་གཉིས་རེས་མོས་ཀྱིས་མཁན་པོ་གནང་བའི་སྲོལ་བཙུགས་སོ། །
མཐོ་ལྡིང་དགོན་པ་དེ་ཐོག་མ་རྙིང་མ་བའི་དགོན་སྡེ་ཆེན་པོ་ཞིག་ཡིན་ཞིང་། ཕྱིས་སུ་བཀའ་བརྒྱུད་པའི་གྲུབ་མཐར་བསྒྱུར། དུས་རབས15པའི་དུས་སུ་གུ་གེ་ངག་དབང་གྲགས་པ་མཁན་པོ་མཛད་པ་ནས་བཟུང་དགེ་ལུགས་པའི་དགོན་སྡེར་བསྒྱུར་བ་རེད། མཐོ་ལྡིང་དགོན་དུ་བུ་དགོན25ཡོད་དེ། ས་སྐྱ་བའི་བུ་དགོན་ལྔ་དང་། བཀའ་བརྒྱུད་པའི་བུ་དགོན་གསུམ། དགེ་ལུགས་པའི་བུ་དགོན་བཅུ་བདུན་བཅས་ཡོད་ལ། འདི་ནི་གུ་གེ་རྒྱལ་རབས་སྐབས་ཀྱི་དགོན་སྡེ་ཆེན་པོ་ཞིག་ཡིན་པར་མ་ཟད། བོད་ལྗོངས་སུ་མངའ་བའི་ལོ་རྒྱུས་ཀྱི་བྱུང་བ་རིང་མོ་ཡོད་པའི་དགོན་རྙིང་ཞིག་ཀྱང་ཡིན་པས། ཕུན་སུམ་ཚོགས་པའི་བོད་ཀྱི་གཙུག་ལག་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཁར། གུ་གེ་རྒྱལ་རབས་ལོ་རྒྱུས་དང་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་རིག་གཞུང་གི་རིན་ཐང་མངོན་སུམ་ལྡན་ནོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com