གཅན་ཚའི་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས།

རྩོམ་པ་པོ།:ལྷུན་གྲུབ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-12-28 09:05:00 ཀློག་གྲངས།:

གཅན་ཚའི་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་ལོ་རྒྱུས།
                     ལྷུན་གྲུབ་རྒྱལ།

དཀར་ཆག
དང་པོ།  དགོན་པའི་ལོ་རྒྱུས་མདོར་བསྡུས། 
ཀ ཐོག་མའི་གནས་ཚུལ་བརྗོད་པ།
ཁ དགོན་པ་གསར་འདེབས་ཀྱི་ཚུལ་བཤད་པ།
ག དགོན་པ་འདིའི་ད་ལྟའི་གནས་ཚུལ་བརྗོད་པ།
ང  ཆོས་སྤྱོད་ཆོ་ག་དང་མཆོད་གཞིའི་ཚུལ་གླེང་བ།
གཉིས་པ། གཞན་དག་གི་བྱུང་བ་བརྗོད་པ།
གསུམ་པ། དགོན་བདག་བླ་མའི་སྐུ་ཕྲེང་རིམ་བྱོན།
དང་པོ།   དགོན་པའི་ལོ་རྒྱུས་མདོར་བསྡུས།
ཀ  ཐོག་མའི་གནས་ཚུལ་བརྗོད་པ།
        གཅན་ཚའི་དགོན་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ཞེས་པའི་དགོན་པ་འདི་ནི་ཅུང་སྔ་བའི་ངག་རྒྱུན་ལ་བཤད་སྲོལ་ཆགས་ཡོད་པ།  གནས་ངེས་གཏན་མེད་པར་གྲོང་དང་འགྲོགས་ནས་གུར་ནང་དུ་གྲྭ་བ་བསྡུས་ཏེ་བཞུགས་ཤིང་ཆོས་སྤྱོད་ཆོ་ག་བསྒྲུབས་པས། ས་མིང་ལའང་འདོན་པའི་མིང་ཐོགས་ཡོད་པ་ད་ལྟ་མཐོང་རྒྱུ་དང་ཐོས་ རྒྱུ་ཡོད། དཔེར་ན།  འདོན་པ་བཏོན་སའི་ཁུག  ལྔ་མཆོད་བཟུང་སའི་ས།  སྒར་ཐོག་རྙིང་བོ།   ད་དུང་དགོན་པའི་གནས་རྙིང་ཡིན་པ། ད་ལྟ་ཡང་རྡོ་སྐས་ཀྱི་ཤུལ་མ་མཉམ་པར་མཆིས་ཕྱིར་དགོན་པ་འདི་ཅུང་དར་སྔ་ཚོད་འདུག་  མོད།  འོན་ཀྱང་།  ལོ་ཚིགས་ངེས་གཏན་གྱི་ཡིག་ཚང་དངོས་ཞིག་མཐོང་ཡུལ་དུ་མ་གྱུར།
ཁ   གསར་འདེབས་ཀྱི་ཚུལ །
        ཕྱིས་དུས་ཀྱི་ཆ་ཞིག་ལ།  འདིར་འདུས་གྲྭ་བ་དག་གིས་ཞྭ་དམར་པཎྟི་ཏ་ཚང་ཡུལ་འདི་བརྒྱུད་ནས་ཕེབས་པའི་ལམ་བར་དུ་དགོན་པ་གཏན་སྡོད་ཀྱི་གནས་ཡུལ་ཞིག་གཟིགས་པར་ཞུས་པ་ལྟར།  ཁོང་རིན་པོ་ཆེ་ཚང་གིས་ས་དཔྱད་བཏང་ནས་གནམ་ལ་བཀྲ་ཤིས་ཤིང་ས་ལ་དགེ་བཅུ་ཚང་བ།  ཡུལ་རྣམ་པར་མཛེས་པ་པདྨ་འདབ་བརྒྱད་
འཛོམས་པའི་གཞི་འདི་བཟང་བར་གསུངས་ནས་ད་ལྟའི་དགོན་ས་འདི་གཏན་འཁེལ་བྱས་ཏེ་གཅན་ཚའི་དགོན་པའི་འདུ་ཁང་རྒྱ་མཐོངས་ཅན་བཀོད་ལེགས་པ་ཞིག་བཞེངས་ཤིང་དགོན་པའི་ཕྱི་བསྐོར་ལ་འབུམ་ཁང་གྲངས་མང་བླུགས་ཏེ་དགོན་པའི་མཚན་ལ་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ཞེས་བསྩལ་གནང་བྱུང་།
        དམ་པ་གང་དེའི་སྐུའི་དངོས་སློབ་འཇམ་དབྱངས་རྒྱ་མཚོ(ཨ་ཁུ་དོན་ལྡན)རིན་པོ་ཆེས་འདོན་རྟ་དབྱངས་སོགས་ཁྲིད་ནས་བྱམས་བརྩེ་དྲིན་གྱིས་དགོན་པ་བསྐྱངས་ལ།  བྱིན་རླབས་ཆེ་བའི་སྐུའི་རྟེན་མཚོན་བྱེད་ཀྱི་འདྲ་སྐུ་དང་གྱན་ཐང་།  ཐང་ཀ་བཞེངས།  ཐུགས་ཀྱི་རྟེན་མཚོན་བྱེད་ལ་མཆོད་རྟེན་སྣ་མང་བཞེངས།  གསུང་གི་རྟེན་མཚོན་བྱེདལ་འབུམ་སོགས་བཞེངས་ཤིང་རྟེན་དང་བརྟེན་པ། ཆོས་སྤྱོད་ཆོ་ག སྒྲིག་ལམ་འཐུས་ཚང་ཡོང་ཆེད་བཅའ་ཡིག་བརྩམས་ཤིང་མོག་ཀྱཱ་མཁན་ཆེན་ལ་དགོན་པ་འདི་སྐྱོང་དགོས་པའི་བཀའ་ལུང་གནང་བ་བཞིན་མཁན་ཆེན་སྐུ་ཕྲེང་རིམ་བྱོན་གྱིས་བསྐྱངས་ཤིང་འགན་གཙོ་བོ་འཁུར།
        དགོན་པ་འདིའི་བསྟེན་པ་མགོན་པོ་ཕྱག་དྲུག་པ་ཡིན་ལ་རྟེན་གཙོའང་མགོན་པོའི་ཞལ་ཐང་ཡིན།  མགོན་པོའི་ཞལ་ཐང་དེ་ཨ་ཁུ་དོན་ལྡན་ཚང་གི་ཞལ་བཀོད་ལྟར་ཞྭ་དམར་པཎྟི་ཏའི་ཤངས་ཁྲག་གིས་བཞེངས་པ་ཡིན་ལ།  དེ་ལ་ཡ་མཚན་བསམ་ཡུལ་ལས་འདས་པའི་བཤད་སྲོལ་ཡོད་པ་ནི་ལྷ་བཟོས་མགོན་པོའི་ཞལ་རིས་མ་གཏོགས་མ་བཞེངས་ཡང་ཐང་ཀ་རང་འགྲུབ་བྱུང་བས།  ལྷ་བཟོ་ཡ་མཚར་ནས་ཨ་ཁུ་དོན་ལྡན་རིན་པོ་ཆེར་ཡར་ཞུ་བྱས་པར་ཁོང་ཚང་ཐུགས་ཤུན་ཏུ་དགྱེས་ནས་ཆོས་ལྡན་གྱི་འཕྲིན་ལས་བསྒྲུབ་པར་བྱིན་རླབས་མྱུར་བའི་རྟེན་འབྲེལ་འགྲིག་བྱུང་གསུངས།
        དེ་མ་ཟད་འཇིག་རྟེན་པའི་ངག་ནའང་རང་ཡིད་ཚིམ་པའི་སྐད་ཆ་ཡོད་དེ། དཔེར་ན། ལྷ་གསོན་པོ་ཡིན་པ།ཐུགས་དྲོན་མོ་ཡིན་པ།  མཐུ་དངོས་སུ་ཐོན་པ་གཅན་ཚའི་སྒར་ཁའི་བསྟེན་པ་ཡིན་ཟེར་སྲོལ་ཡོད།  བཤད་སྲོལ་འདི་ཇི་ལྟར་དར་བ་རེད་ཟེར་ན།  གནའ་གཏམ་ངོ་མ་འདི་འདྲ་ཞིག་ཡོད་དེ།  སྣང་རའི་གྲོང་བཅིངས་འགྲོལ་མ་
བྱས་གོང་། རྐུན་མ་དང་ཇག་པའི་གནོད་པ་གང་སར་ཁྱབ་པའི་སྔོན་ཆད་ཞིག་ལ།  ལས་དབང་གི་དམྱལ་བར་འགྲོ་བར་སྐུལ་མ་འཐེབས་པའི་རྐུན་མ་གཉིས་དགོན་པའི་ནང་འཛུལ་ནས་ལི་མའི་རྟེན་རྩ་ཆེན་ཞིག་རྐུས་པར་ཉིན་མཚན་དབྱེར་མེད་དུ་སྨུག་པ་འཐིབ་པས།  ཁོ་རང་གཉིས་ལམ་ནོར་ནས་ཡང་བསྐྱར་དགོན་པའི་ནང་ཕྱིར་ཡོང་བས་རྐུན་མ་བཟུང་བའི་གཏམ་རྒྱུད་ཡོད།
        རྟེན་དང་བརྟེན་པའང་ལཱ་མོ་ཞབས་དྲུང་དཀར་པོས་སྟོད་དབུས་གཙང་ནས་ཞུས་པའི་སྟོན་པའི་ལི་མ་ཁྲུ་ཚད་ཞིག  ལ་མོ་གསེར་ཁྲིས་སྨད་རྒྱ་ནག་ནས་ཞུས་པའི་སྟོན་པའི་ལི་མ་མི་ཚད་ཞིག  ཨ་ལགས་རྐང་ཚ་ཚང་གིས་གནང་བའི་མི་འཁྲུགས་པའི་ལི་མ་མི་ཚད་་དང་མཆོད་རྩས་ཆ་ཚང་། འབུམ་གསེར་བྲིས་མ་སོགས་གནང་།  གསེར་བྲིས་ཀྱི་ཏིང་འཕགས་བསྐལ་གསུམ་དངུལ་གྱི་སྐ་རགས་ཅན།  ཨ་ལགས་རྒྱན་དྲུག་སྐུ་མཆེད་ཀྱིས་གནང་བའི་ཙན་དན་གྱི་བླ་སྐུ།  དེ་མིན་ལི་མ་དང་ཟངས་སྐུ་མང་པོ། གཙགས་དྲུབ་དང་འབུར་རིས་ཀྱི་ཐང་ཀ་བཅོ་ལྔ།  གྱན་ཐང་ཉེར་ལྔ།  བིས་མདོ་ཚང་གི་གདུང་ཚ། ཨ་ལགས་རྐང་ཚ་ཚང་གི་སྐུ་གདུང་མཆོད་རྟེན། (དངུལ་ཡིན་ལ་མོ་བདེ་ཆེན་ལ་ཞུས)ང་རོང་སྐུ་ཕྲེང་བཞི་བའི་དངུལ་གདུང་མཆོད་རྟེན།  རྗེ་ཡབ་སྲས་གསུམ་གྱི་གསུངས་འབུམ།  འབུམ་དག་ཚར་གཅིག་སོགས་ཡོད་ལ།  ཁྲིམས་གཙང་གི་དགེ་འདུན་པ་ཆེ་ཆུང་བརྒྱད་ཅུ་ཡས་མས་བཞུགས་ཡང་ང་བརྒྱད་ལོའི་ཆོས་ལུགས་བཅོས་སྒྱུར་ཞེས་པའི་བསྐལ་ངན་གྱི་བུ་ཡུག་འཚུབ་ཅིང་ལོ་བཅུའི་གོད་ཆགས་སྟེ་རིག་གནས་གསར་བརྗེ་ཡི་དུས་མཐའི་མེ་དཔུང་གིས་ཐལ་བའི་རྡུལ་དུ་ཡོད་ཚད་ལྷག་མེད་དུ་བསྲེགས།
ག  དགོན་པ་འདིའི་ད་ལྟའི་གནས་ཚུལ།
        འདུ་ཁང་རྒྱ་མཐོངས་ཅན་འདིའི་ནང་དུ་བྱིན་རླབས་མྱུར་ལ་རྩ་བ་ཆེ་བའི་སྐུ་གསུངས་ཐུགས་རྟེན་ཁྱད་པར་ཅན་གྱི་བཀང་བའི་དགོན་པ་འདི་ཡང་།  མ་ཡུམ་མེས་རྒྱལ་གྱི་ཕྱོགས་རུས་དང་ཉེ་རིང་ཆགས་སྡང་མེད་པར་ཆོས་པ་དང་དགོན་པ་ཡོངས་ལ་ཆོས་ལུགས་དད་མོས་རང་དབང་དང་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་སྲིད་ཇུས་བཟང་པོའི་ཉི་ཟེར་འཕྲོས་པ་བརྒྱུད།  ས་གནས་འབྲེལ་ཡོད་ལས་ཁུངས་ཀྱི་ཐུགས་ཁུར་འོག  ༡༩༨༤ལོའི་ཟླ༡༠ཚེས༨ཉིན་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོ་མཆོག་དང་རྫོང་མི་རིགས་ཆོས་ལུགས་ཅུས་སོགས་འབྲེལ་ཡོད་སྡེ་ཁག་གི་ཆིབས་ཁ་དགོན་འདིར་བསྒྱུར་ནས་བསྟན་པ་སླར་གསོའི་ཆོས་སྒོ་ལེགས་པར་ཕྱེས་ཤིང་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་བའི་མགོ་ནས་བཟུང་ད་བར་དུ་རྟེན་དང་བརྟེན་པ་གསར་བཞེངས་ལེགས་འགྲུབ་བྱུང་ཡོད་པ་ནི།  སྟོད་དབུས་གཙང་ནས་ཞུས་པའི་སྟོན་པའི་ཟངས་སྐུ་ཁྲུ་གསུམ་ཚད་ཞིག  ཚེ་ལྷ་རྣམ་གསུམ་གྱི་ཟངས་སྐུ།  རྗེ་རིན་པོ་ཆེ་ཟངས་སྐུ།  འཇམ་པའི་དབྱངས་ཀྱི་ཟངས་སྐུ།  སྟོན་པའི་ཟངས་སྐུ་བྱོན་གཙང་བཞི།  རིགས་གསུམ་མགོན་པོའི་ཟངས་སྐུ།  སྒྲོལ་དཀར་གྱི་ལི་མའི་སྐུ།  ཚེ་དཔག་མེད(རྟེན་རྙིང)ཀྱི་ལི་མའི་སྐུ་སོགས་བཞུགས། ཤིང་སྐུའི་རྒྱལ་བ་བྱམས་པ།  ཙན་དན(ཞྭ་དམར་པཎྟི་ཏ)གྱི་བླ་སྐུ།  གཡས་གྲལ་ན་སྟོང་གཤེགས་ཀྱི་ལྷ་སོ་ལྔ། གཡོན་གྲལ་ན་ཀུན་རིག་གི་ལྷ་སོ་བདུན།  སྨན་བླ་བདེ་གཤེགས་བརྒྱད་སོགས་འཇིམ་སྐུ་མང་པོ་བཞུགས། གྱན་ཐང་ཉེར་གཉིས།  ཐང་ཀ་བཅོ་ལྔ། བཀའ་འགྱུར་དང་བསྟན་འགྱུར། འབུམ་དག་ཚར་གསུམ། རྗེ་ཡབ་སྲས་གསུམ་གྱི་གསུངས་འབུམ་བཅས་པོད་བཞི་བརྒྱ་ལྷག་བཞུགས་ཤིང་མཆོད་རྫས་སྣ་ཚོགས་ཡོད་པ་མ་ཟད།  ད་དུང་ང་རོང་སྐུ་གོང་མའི་སྐུ་གདུང་མཆོད་རྟེན་དང་གཡེར་གཤོང་འཇམ་དབྱངས་དགེ་འདུན་རྒྱ་མཚོའི་དངུལ་གདུང་མཆོད་རྟེན།  གཞན་ཡང་བྱང་ཆུབ་མཆོད་རྟེན་སོགས་འདུ་ཁང་ནང་གི་རྟེན་དང་མདུན་རིའི་སྒང་ན་མཐོང་གྲོལ་མཆོད་རྟེན་ཆེན་མོ་ཁྲུ་དགུ་ཅུ་ཅན་ཞིག  ད་དུང་མཆོད་རྟེན་བརྒྱད་པའམ་མཆོད་རྟེན་རྣམ་བརྒྱད་ཞེས་པ་སོགས་གྲུབ་ཡོད་ལ།  མ་ཎི་ཁང་ཞིག་ཀྱང་བཞེངས་ཡོད།  མ་ཎི་ཁང་གི་ཕྱི་ནང་ཀུན་ཏུ་མ་ཎི་དུང་ཕྱུར་བརྒྱ་ལྷག་དང་འཇམ་དབྱངས་རིགས་ལྔའི་གྱན་ཐང་ཆེན་མོ་སོགས་རྟེན་དང་བརྟེན་པ་བསམ་གྱི་མི་ཁྱབ་པ་སྐྲུན་ཡོད་ལ་ས་རྒྱ་ཧ་ལམ་མུའུ་བརྒྱད་ཅུ་ཡས་མས་ཀྱི་དགོན་པ་འདིའི་ནང་དགེ་འདུན་པ་ཆེ་ཆུང་བཞི་བཅུ་ནས་ལྔ་བཅུ་ཙམ་བཞུགས།
ང་།  ཆོས་སྤྱོད་ཆོ་ག་དང་མཆོད་གཞིའི་ཚུལ།
        སྤྱིར་དགོན་པ་འདི་བཏབ་ནས་ད་ལྟའི་བར་ཆོས་སྤྱོད་ཆོ་ག་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་སྒོས་འཐུས་ཚང་ལ་བཏང་ནས་རྒྱ་ལོའི་སྨོན་ལམ་ཉིན་བརྒྱད།  བཞི་བའི་བསྙུང་གནས་ཉིན་བཞི།  ལྔ་བའི་སྒྲུབ་མཆོད་རྡུལ་ཚོན་ཉིན་བཅུ་བདུན།  དྲུག་པའི་དབྱར་གནས་ཟླ་ཕྱེད་དང་གཉིས།  བདུན་པའི་ཞྭ་དམར་དུས་མཆོད་ཉིན་བདུན།  བཅུ་བའིལྔ་མཆོད་ཉིན་ལྔ།  བོད་ལོའི་ཟླ་མཚམས་སོགས་ཆོས་སྤྱོད་ཆེན་མོ་བདུན་ལ་སོགས་བརྒྱད་སྟོང་ཉ་ཡི་དུས་བཟང་དང་ཟླ་བ་རེ་རེའི་ཡར་ངོ་དང་མར་ངོའི་གསོ་སྦྱོང་ཡོད་ལ་རང་དགོན་པའི་དགེ་འདུན་པའི་སྡེ་ཡིས་ཆོས་སྤྱོད་དང་རྒྱུན་ཆོག  རིམ་གྲོ  གཤིན་ཆོས་བསྒྲུབས་ནས་མཆོད་གཞི་གཅན་ཚ་ཐང་གི་སྡེ་བ་བཞི་ཡི་དད་ལྡན་སྐྱེས་ཕོ་མོ་ཡོངས་ལ་རིམ་གྲོ་དང་གཤིན་ཆོས་བསྒྲུབ་སྟེ་གཟོད་པར་དཀའ་བའི་སྡུག་བསྔལ་ནད་དང་བསམ་ཡུལ་ལས་འདས་པའི་བར་ཆད་བགེགས་ལས་གྲོལ་ཅིང་སངས་བར་འབད་བཞིན་ཡོད།
གཉིས་པ། གཞན་དག་གི་བྱུང་བ་བརྗོད་པའི་ཚུལ།
        ཨ་ལགས་གསང་སྒྲོག་ཚང་། ཨ་ལགས་ཤེས་རབ་ཚང་། ཨ་ལགས་ལྷ་སྡེ་ཚང་སོགས་ད་ལྟའང་འཚོ་ཞིང་བཞུགས་ལ། སྐུ་གཤེགས་ཀ་རི་ཚང་། ཐིས་པ་ཚང་། མཁན་ཆེན་སྐུ་ཕྲེང་གཉིས། ཨ་ལགས་ཤེས་རབ་སྐུ་གོང་མ། ཨ་ལགས་རྒྱ་གར་ཚང་། ཨ་ལགས་ཀླུ་རྒྱ་ཚང་། ཨ་ལགས་རྐང་ཚང་། སྐུ་གཤེགས་སྒོ་མང་ཚང། སྐུ་གཤེགས་རྒྱ་ཚ་ཚང་།  ཨ་ལགས་མེ་ལོང་ཚང་སོགས་སྐྱེས་ཆེན་དམ་པ་གང་མང་དང་། དགེ་བཤེས་བྱམས་པ་ཚང་། ཁྱུང་བོ་ཤེས་རབ་ཚང་།  ཨ་ལགས་རྒྱན་དྲུག་དང་བརྒྱ་དཔོན་སྐུ་མཆེད་གཉིས་སོགས་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་ཆེན་དམ་པ་མང་པོ་འཁྲུངས་མྱོང་ལ། དེ་ལས་ཀྱང་མཉམ་དགའ་བ་ཞིག་ལ་དགེ་འདུན་པ་རེ་འགའ་རྒྱ་གར་འཕགས་པའི་ཡུལ་ན་ལྷ་རམས་པའི་མཚན་རྟགས་བཞེས་ཤིང་།  རང་རྒྱལ་གྱི་མཚན་ཉིད་དགོན་པ་བཀྲ་ཤིས་རྩེ་དང་བླ་བྲང་བཀྲ་ཤིས་འཁྱིལ་དང་ལཱམོ་བདེ་ེརན་སོགས་སུ་དགེ་བཤེས་ཀྱི་མཚན་རྟགས་བཞེས་ཤིང་སློབ་གཉེར་ལ་འབད་པ་བྱེད་པ་དང་།  རང་དགོན་བཤད་སྒྲུབ་དར་རྒྱས་ལ་དགེ་བའི་བཤེས་གཉེན་ཆེན་པོ་བློ་ལྡན་རྒྱ་མཚོ་ཚང་གདན་དྲངས་ནས་ལམ་རིམ་ཆེན་མོ་དང་སྔམས་རིམ་ཆེན་མོ་གཙོར་གྱུར་བའི་འདུལ་བ་ལུང་བཞི་དང་སྡོམ་གསུམ་བསླབ་བྱ།  སུམ་རྟགས་དག་གསུམ་སོགས་ཁྲིད་ནས་དྲིན་གྱིས་སྐྱོང་མུས་སུ་གདའ།
གསུམ་པ། དགོན་བདག་བླ་མའི་སྐུ་ཕྲེང་རིམ་བྱོན།
མཁན་ཆེན་སྐུ་ཕྲེང་དང་པོ། 
འཇམ་དབྱངས་བློ་བཟང་བསྟན་པ་རྒྱ་མཚོ་མཆོག་བོད་རབ་བྱུང་བཅུ་གཉིས་པ་ས་འབྲུག་ལོར་མདོ་སྨད་གཅན་ཚའི་ནང་ཚན་མོག་ཀྱཱ་སྡེ་བའི་མོག་ཀྱཱ་པད་མོ་སྒང་དུ་ཡབ་དགེ་འདུན་སྐྱབས་དང་ཡུམ་པད་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བོད་རབ་བྱུང་བཅུ་གསུམ་པ་ལྕགས་སྦྲུལ་ལོར(སྤྱི་ལོ་༡༦༨༨ལོ་ནས་སྤྱི་ལོ༡༧༦༡ལོ)དགོངས་པ་ཆོས་དབྱིངས་སུ་ཐིམ།
མཁན་ཆེན་སྐུ་ཕྲེང་གཉིས་པ།  དགེ་འདུན་བསྟན་པའི་རྒྱལ་མཚན་མཆོག་བོད་རབ་བྱུང་བཅུ་གསུམ་པ་ཆུ་རྟ་ལོར་རྒན་གྱཱ་ནས་འཁྲུངས་པ་ལ་བཞེད་པ་མི་མཐུན་པ་གཉིས་ཡོད་དེ།  གཅིག་ནི་རྒན་གྱཱ་ནས་གཡེར་གཤོང་དགེ་འདུན་ཟླ་གྲགས་དང་ཀོའུ་བ་ཚང་།  མཚན་སྒྲོགས་ཚང་།  གསང་སྒྲོགས་ཚང་སོགས་བུ་བདུན་སྐུ་མཆེད་དུ་འཁྲུངས་ནས་བུ་གཅིག་མ་གཏོགས་ཚང་མ་སྤྲུལ་སྐུར་ངོས་འཛིན་བྱས་པར་བཞེད་ལ།  ཅིག་ཤོས་རྒན་གྱཱ་ནས་ཡབ་སྙིང་རྒྱལ་བྱམས་དང་ཡུམ་གཉིས་ཀྱི་སྲས་སུ་འཁྲུངས་བར་གཞེད།  བོད་རབ་བྱུང་བཅུ་བཞི་བ་ས་སྟག་ལོར(སྤྱི་ལོ་༡༧༦༢ལོ་ནས་སྤྱི་ལོ༡༨༡༨ལོ)ཞི་བར་གཤེགས།
མཁན་ཆེན་སྐུ་ཕྲེང་གསུམ་པ།  འཇམ་དབྱངས་དགེ་བ་དཔལ་བཟང་བོ་མཆོག་བོད་རབ་བྱུང་བཅུ་བཞི་བ་ས་ཡོས་ལོར་སྐྱ་རྒྱའི་བར་ཚིགས་ནས་ཡབ་དང་ཡུམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  བོད་རབ་བྱུང་བཅོ་ལྔ་བ་མེ་ཡོས་ལོར(སྤྱི་ལོ་༡༨༡༩ལོ་ནས་སྤྱི་ལོ༡༨༦༧ལོ)འདས།
མཁན་ཆེན་སྐུ་ཕྲེང་བཞི་བ། འཇམ་དབྱངས་བསྟན་པའི་དབང་ཕྱུག་མཆོག་བོད་རབ་བྱུང་བཅོ་ལྔ་བའི་ནང་གཅན་ཚའི་བཀའ་རྒྱའི་ཀློའུ་སྐོར་ནས་ཡབ་གཡང་དྲུང་ཐར་དང་ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས།  བོད་རབ་བྱུང་བཅོ་ལྔ་བའི་ནང(སྤྱི་ལོ༡༨ )ཞི་བར་གཤེགས།
མཁན་ཆེན་སྐུ་ཕྲེང་ལྔ་བ།  འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་བོད་རབ་བྱུང་བཅོ་ལྔ་ལྕགས་གླང་ལོར་གཅན་ཚའི་གཡས་རུ་ནས་ཡབ་རིན་ཆེན་རྒྱལ་དང་ཡུམ་ལྕགས་མོ་ཐར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  བོད་རབ་བྱུང་བཅུ་དྲུག་པ་ས་ཁྱི་ལོར(སྤྱི་ལོ༡༩༠༡ལོ་ནས་སྤྱི་ལོ༡༩༥༨ལོའིཟླ༦པ་ལོ)རྒྱལ་བོའི་ཆད་པའི་ལས་ཀྱི་རྐྱེན་པས་དགོངས་པ་ཆོས་དབྱིངས་སུ་ཐུམ་པའི་ཚུལ་བསྟན།
མཁན་ཆེན་སྐུ་ཕྲེང་དྲུག་པ།  ངག་དབང་འཇམ་དབྱངས་རྒྱ་མཚོ་མཆོག་བོད་རབ་བྱུང་བཅུ་དྲུག་པ་ཆུ་སྟག་ལོར་སྦིས་མདོ་སྐྱིད་པའི་འདྱུང་གནས་ཁྲ་མིག་ཅེས་པ་ནས་ཡབ་གུ་རུ་དང་ཡུམ་འགའ་དྲུག་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས་ནས་ད་ལྟའང(སྤྱི་ལོ་༡༩༦༢ལོ)སྔར་མུས་བཞིན་རང་དགོན་མ་ལག་ཡོངས་བསྐྱངས་ཤིང་གཅན་ཚ་རྫོང་ཆོས་ལུགས་མཐུན་ཚོགས་ཀྱི་འཐུས་མི།  རྫོང་དམངས་ཆེན་རྒྱུན་ཨུ་ཡི་ཀྲུའུ་རིན་གཞོན་པའི་འགན་གཞེས་ནས་སྐྱེས་འགྲོ་ཡོངས་ལ་བརྩེ་བའི་མ་ལྟར་བྱམས་ཀྱིས་བསྐྱངས་ནས་ཆོས་སྲིད་ཟུང་གི་ཕྱག་ལས་གནང་བཞིན་ཡོད།
གསལ་བཤད།
        དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་འདིར་ལོ་རྒྱུས་ཡིག་ཆ་དངོས་ཞིག་མེད་པས།  ཕྲན་གྱིས་དཔྱད་གཞིའི་ཡིག་ཆ་གཞན་དག་ལ་དཔེ་བལྟས་ཏེ་གྲྭ་བླ་རྒན་དང་དགོན་པའི་ཀྲུའུ་རིན་སོགས་ལ་བློ་དྲིས་ནས་དཀར་ཆག་གི་ནང་དོན་ལྟར་བསྒྲིགས་ཁུལ་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།