དར་མཚོ་རྫོང་གི་བྱ་ཐང་མ་ཎི་ཁང་ངོ་སྤྲོད།
བྱ་ཐང་མ་ཎི་ཁང་ནི་རང་བྱུང་བཅུ་དྲུག་པའི་ཆུ་འབྲུག་སྟེ་སྤྱི་ལོ1952ལོར་སྡེ་བའི་སྔགས་པ་ཚོས་སྡེ་བའི་བྱང་ཕྱོགས་སུ་ཐོག་མའི་རྨང་གཞི་མ་ཎི་ཁང་ཆུང་བ་ཞིག་བཞེངས་པ་རྗེས་སོར་བྱ་ཐང་དཔོན་པོ་ཀླུ་འབུམ་གྱིས་དཔོན་ཚང་རང་ནས་ཤིང་ཆ་སོགས་ཀྱི་མཐུན་རྐྱེན་སྦྱར་ཏེ་བསྐྱར་དུ་བཞེངས། ང་བརྒྱད་ལོར་ཆག་འཇིག་བྱུང་སྟེ་ཤིང་ཆ་ཙམ་མ་གཏོགས་མ་ལུས་པར་མེད་པར་གྱུར། རབ་བྱུང་བཅུ་དྲུག་པའི་ཤིང་བྱ་སྟེ་སྤྱི་ལོ1984གོར་ཉམས་པ་སླར་གསོ་བའི་ཆེད་བྱ་ཐང་བསྟན་འཛིན་དང་བྱ་ཐང་བསོད་ནམས་གཉིས་ཀྱིས་འགོ་དྲངས་ཏེ། སྔོན་མོའི་ཤིང་ཆ་གཞི་བྱས་ཐོག་སྡེ་བ་རང་སྦྱིན་བདག་གི་གཙོ་བོ་བྱས་ཏེ་སྡེ་དཀྱིལ་དུ་བཞེངས་པ་ད་ལྟའི་མ་ཎི་ཁང་འདི་ཡིན་ནོ།།
ནང་རྟེན་གཙོ་བོ། མཆོད་ཁང་གྱན་དྲུག་གི་ནང་དུ་གཙོ་སྐུ་ཇོ་བོའི་སྐུ་ལུས་ཚད་གཅིག་དང་། གཡས་གཡོན་དུ་རྗེ་བཙུན་ཨ་རོལ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་སྨན་སྐུ། སྐུ་འབུམ་དགེ་བཤེས་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་སྨན་སྐུ་བཅས་དང་གཞན་ཡང་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གཙོ་འཁོར་གསུམ། འཇམ་པའི་དབྱངས་གཙོ་འཁོར་གསུམ། ཚེ་ལྷ་རྣམ་གསུམ་ལུས་ཚད་རེ། སློབ་དཔོན་པདྨ་འབྱུང་གནས་ཁྲི་ཚད་གསུམ། གཞན་ཡང་ཐུབ་སྐུ་བྱིན་ཅན་དང་སེང་གདོང་མ། དཔལ་གསང་འདུས། རྗེ་ཡབ་སྲས་གསུམ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། བདེ་མཆོག་ཡབ་ཡུམ་སོགས་ཀྱི་སྨན་སྐུ་བྱིན་ཅན་མང་པོ་བཞུགས། གཡས་ཀྱི་མགོན་ཁང་གྱན་གང་གི་ནང་དུ་དཔལ་ལྡན་དམག་ཟོར་མ། རྣམ་སྲས་མཁའ་སྤྱོད་མ། འཇིགས་བྱེད། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ་བཅས་ཀྱི་འབག་སྐུ་ཁྲི་ཚད་དོ་ཅན་རེ་བཞུགས་སོ།།
གྱན་ཐང་གི་སྐོར་ལ་གསང་བདག་དཔལ་རིའི་ཞིང་བཀོད། ཐུགས་རྗེ་ཆེན་པོ་དོན་བཤགས། ལྟུང་བཤགས་ལྷ་སོ་ལྔ། རྟ་མགྲིན་ཡང་གསང་། འོད་དཔག་མེད་ཞིང་ལྔ་ལྡན། སངས་རྒྱས་སྨན་བླའི་ཞིང་བཀོད། སྒྲོལ་མའི་ཞིང་བཀོད། གདུགས་དཀར་ཞིང་བཀོད། ཨ་མྱེས་རྨ་ཆེན་གྱི་གྱན་ཐང་སོགས་མང་པོ་བཞུགས། སྒོ་ཁྱིམ་གཡོན་གྱི་ཡུལ་ལྷའི་ཁང་དུ་ཡུལ་ལྷ་གཙོ་འཁོར་གསུམ། གཡས་གཡོན་དུ་དམ་ཅན་རྡོ་རྗེ་ལེགས་པ་སྐྱེས་ལྷ་བྱ་སྒང་རྡོ་རྗེདགྲ་འཇོམ(མིང་གཞན་ཡུལ་སྐྱོང་ནོར་བུ་དགྲ་འདུལ)། གསུང་གི་རྟེན་གཙོ་བོ་རྒྱལ་བའི་བཀའ་འགྱུར་ཚར་གཉིས་མ་ཎི་དུང་འཁོར་གཅིག་བཅས་མང་ངོ།།
མདོར་ན་གཞན་ལས་ཁྱད་དུ་འཕགས་པའི་མ་ཎི་ཁང་འདི་ལ་ད་ལྟའང་མཆོད་འབུལ་དང་ཆོས་ཐོག་གི་རིམ་པ་རྒྱུན་ཆགས་སུ་བསྟར་བཞིན་པ་བཅས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com