དགེ་ལུགས་པའི་གསང་སྔགས་བསྟན་པའི་འབྱུང་ཁུངས།
དགེ་ལུགས་པའི་གསང་སྔགས་བསྟན་པའི་འབྱུང་ཁུངས།
རྒྱུད་སྟོད་སྨད།
རི་བོ་དགེ་ལུགས་པ་ནི་རྗེ་ཙོང་ཁ་བ་ཆེན་པོས་བོད་ཀྱི་བསྟན་པ་ལ་དག་ཐེར་བྱས་པ་ལ་བརྟེན་ནས་བྱུང་བས་བཀའ་གདམས་གསར་མ་ཞེས་ཀྱང་འབོད། དགེ་ལུགས་པའི་མདོ་ལ་སློབ་གཉེར་བྱེད་ས་གྲྭ་ས་སེ་འབྲས་དགེ་གསུམ་སོགས་ཡིན་ལ། སེ་འབྲས་དགེ་གསུམ་ནས་ལྷ་རམས་དམ་བཅའ་ཨང་རིམ་བདུན་བར་དུ་ཐོན་པ་དག་དཔལ་ལྡན་རྒྱུད་སྟོད་སྨད་ལ་ཞུགས་ནས་སྔགས་ལ་སྦྱངས་ཏེ་སྔགས་རམས་པའི་དམ་བཅའ་ཨང་དང་བོ་གཉིས་པ་གང་རུང་ཐོབ་ན་ད་གཟོད་དགའ་ལྡན་གསེར་ཁྲི་ལ་བཞུགས་པའི་ཐོབ་ཐང་ཡོད། དེ་བས་དཔལ་ལྡན་རྒྱུད་སྟོད་སྨད་ནི་སེ་འབྲས་དགེ་གསུམ་ཇི་བཞིན་དགེ་ལུགས་པའི་དགོན་སྡེ་ཁྲོད་དུ་གོ་གནས་ཆེན་པོ་ཞིག་བཟུང་ཡོད།
རྒྱུད་སྟོད་སྨད་ནི་བདག་དབུས་གཙང་ལ་མཇལ་དུས་ངེས་པར་མཇལ་དགོས་པའི་འཆར་གཞིའི་ནང་གི་གཅིག་ཡིན། དེ་རིང་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ཕྱག་རྡོར་དང་ཞིབ་འཇུག་མཐར་ཕྱིན་སློབ་མ་ཟོན་ཐར་སྐྱིད། ལྷ་ས་སློབ་འབྲིང་གཉིས་པའི་དགེ་རྒན་རྡོར་དབྱིངས་བཅས་ཀྱིས་འགྲོ་རོགས་བྱས་ཏེ་ལྷ་སའི་གནས་ཁག་གཅིག་ལ་མཇལ་ཅིང་རྒྱུད་སྟོད་སྨད་ནི་དེ་ལས་ཆེས་གལ་ཆེ་བ་གཉིས་རེད།
འདིར་ངས་པོ་ཏ་ལ་རུ་སྣེ་ཤན་པས་མདོ་ནི་གཞུང་ལུགས་ལ་སློབ་པ་དང་སྔགས་ནི་གཞུང་ལུགས་ཀྱི་སྟེང་དུ་ཉམས་ལེན་ཀྱང་དགོས་པ་རེད་ཅེས་པའི་སྐད་ཆ་དེ་དྲན་ནས་ཁོང་དགོད་ཤོར་སོང༌། མདོ་དང་སྔགས་ནི་ལམ་སྒྲུབ་པའི་ཐབས་མི་འདྲ་བ་གཉིས་ཏེ་གཞན་ལ་བརྟེན་ནས་རང་གི་སེམས་པ་སྦྱོང་བའི་ཐབས་ལ་མདོ་དང་རང་གི་ལུས་ངག་ཡིད་གསུམ་གྱི་ནུས་པ་སྤྱད་ནས་དེ་སངས་རྒྱས་སུ་སྒྲུབ་པའི་ཐབས་ལ་སྔགས་ཞེས་བཤད་ཆོག
འདིར་རྒྱུད་སྟོད་སྨད་ཅེས་པའི་རྒྱུད་འདི་གསང་སྔགས་ལ་གོ་དགོས་པས་གསང་སྔགས་ཉམས་སུ་ལེན་པའི་ཆོས་གྲྭ་གཉིས་ལ་རྒྱུད་སྟོད་སྨད་ཅེས་གནས་ཀྱི་ཆ་ནས་བཏགས་པ་ལས་གཉིས་ཀ་དགེ་ལུགས་པའི་གསང་སྔགས་ལ་སློབ་གཉེར་བྱེད་ས་ཡིན། རྒྱ་སྟག་ར་མོ་ཆེ་ད་ལྟ་རྒྱུད་སྟོད་པར་གྱུར་འདུག གཙང་དུ་ཡོད་པའི་རྒྱུད་སྟོད་པ་དེ་གཉིས་གཏན་ནས་མི་གཅིག་ན་ཡང་མང་བོ་ཞིག་ལ་གོ་ནོར་ཐེབས་ཀྱིན་ཡོད། སྤྱིར་ན་སྔོན་ཆད་རྒྱུད་སྟོད་པ་ དང་ར་མོ་ཆེ་གཉིས་མི་འདྲ་སྟེ། རྒྱུད་སྟོད་ད་ལྟའི་མལ་གྲོ་གོང་ཁའི་སར་ཡོད་ཅིང་མིང་ལ་དབུས་སྟོད་བྱམས་པ་གླིང་རྒྱུད་སྟོད་གྲྭ་ཚང་ཟེར།
དགོན་པ་དེ་ནི1474ལོར་རྗེ་བཙུན་ཀུན་དགའ་དོན་གྲུབ་ཀྱིས་བཏབ། ཁོང་ནི་སྤྱི་ལོ1419ལ་གཙང་རྟ་ནག་ཏུ་འཁྲུངས། སྣར་ཐང་དུ་རབ་ཏུ་བྱུང་ནས་སློབ་གཉེར་མཛད། རྗེ་ཤེས་རབ་སེང་གེ་དང་རྒྱུད་ཆེན་སྦྱིན་པ་དཔལ་སོགས་བསྟེན་ནས་མཁས་པ་ཆེན་པོར་གྱུར། རྐྱེན་དབང་གིས་དབུས་སྟོད་དུ་ཕེབས་ནས་སྒྲུབ་པ་མཛད། དབུས་སྟོད་བྱམས་པ་གླིང་དུ་གདན་ས་མཛད་ནས་འཆད་ཉན་བཙུགས། དེ་ནས་བཟུང་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཞེས་གྲགས་པ་རྒྱས།
རྗེ་ཀུན་དགའ་དོན་གྲུབ་ཀྱིས་རབ་བྱུང་བརྒྱད་པའི་ཤིང་རྟ་སྤྱི་ལོ1474ལོར་རྒྱུད་ཀྱི་བཤད་གྲྭ་བཙུགས་ནས་མཚན་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཟེར། རྗེ་ཀུན་དགའ་དོན་གྲུབ་ཀྱིས་ཐོག་མར་དབུས་སྟོད་བྱམས་པ་གླིང་དང་ཆུམས་མདལ་སོགས་སུ་རྒྱུད་གྲྭ་བཙུགས་ནས་བཞུགས་ཏེ་འདུ་ཚོགས་ཀྱང་ཇེ་མང་དུ་སོང༌།
རྗེ་ཉིད་ཀྱི་སྐུ་སྨད་ཙམ་ལ་ལྷ་སའི་སྐྱིད་ཆུ་རབ་ཏུ་རྒྱས་ནས་ཆུ་ལོག་གི་ཉེན་ཁ་ཆེན་པོ་བྱུང་རྐྱེན། སྡེ་བ་སྐྱིད་ཤོད་པས་རྗེ་ཀུན་དགའ་དོན་གྲུབ་ཀྱིས་གཙོས་དགེ་འདུན་ཡོངས་རྫོགས་ཆུ་ལོག་བཟློག་པའི་སྐུ་རིམ་ལ་གདན་འདྲེན་ཞུ། ཁོང་ཚོས་རྡོ་རྗེ་འཇིགས་བྱེད་དང་ཁྲོ་བོ་བཅུའི་སྲུང་བཟློག་ཟུང་དུ་འབྲེལ་བའི་སྐུ་རིམ་རྒྱས་པར་མཛད་པས་ཆུ་ལོག་རང་སར་ཞི་ནས་ལྷ་སའི་གྲོང་མི་ཁྲི་སྟོང་མང་བོ་སྲོག་གི་འཇིགས་པ་ལས་ཐར་ཐུབ་པ་བྱུང་བའི་བདག་རྐྱེན་དུ་ར་མོ་ཆེའི་གཙུག་ལག་ཁང་དང་ནང་གི་རྟེན་གསུམ་དང་བཅས་པ་ཡོངས་རྫོགས་རྒྱུད་སྟོད་གྲྭ་ཚང་གི་འདུ་ཁང་དུ་ཕུལ།
འདིར་རྒྱུད་ཀྱི་བཤད་གྲྭ་བཙུགས་ནས་དགེ་ལུགས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། དབུས་གཙང་མདོ་ཁམས་སོགས་ནས་ཕེབས་པའི་དགེ་འདུན་རྣམས་ཐོག་མར་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་གང་རུང་བར་གཞུང་ཆེན་བཀའ་པོད་ལྔར་སྦྱངས་པ་མཛད། དེ་ནས་རྒྱུད་གྲྭ་སྟོད་སྨད་གང་རུང་བར་ཕེབས་ནས་གསང་སྔགས་རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞིའི་འདོན་རྟ་དབྱངས་དང་ཐིག་རྡུལ་ཚོན་དང་བཅས་པ་ལ་སྦྱོང་བར་མཛད། གྲྭ་ཚང་གི་སྒྲིག་གཞི་སོགས་རྒྱུད་སྨད་གྲྭ་ཚང་དང་ཁྱད་པར་མེད་པར་བཤད།
ད་ལྟ་ར་མོ་ཆེ་དང་རྒྱུད་སྟོད་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་སོང་འདུག ང་ཚོས་རྒྱུད་སྟོད་པ་ལ་མཇལ་ནས་རྒྱུད་སྨད་པ་ལ་མཇལ་དུ་སོང༌། རྒྱུད་སྨད་གྲྭ་ཚང་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད། རྒྱུད་སྨད་གྲྭ་ཚང་དེ1433ལོར་རྒྱལ་བ་ཙོང་ཁ་བ་ཆེན་པོའི་དངོས་སློབ་རྗེ་ཤེས་རབ་སེང་གེས་བཏབ།
1419ལོར་ཆོས་ཀྱི་རྒྱལ་བོ་རྗེ་ཙོང་ཁ་བ་ཆེན་པོས་སེ་ར་རྩེ་ཆོས་འཁོར་བསྐོར་དུས་འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ་ཕྱག་ཏུ་བསྣམས་ནས་བྱམས་ཆེན་ཆོས་རྗེས་རྒྱུད་ཀྱི་བཤད་གྲྭ་འཛུགས་པའི་གཞི་རྟེན་ཕུལ་བ་ན་ཆོས་གྲྭའི་ཚོགས་ཀྱི་དབུས་སུ་རྗེ་རིན་པོ་ཆེས་སྲས་རྣམས་ལ་འདུས་པའི་རྒྱུད་སོགས་ངེད་ཀྱི་བཤད་སྲོལ་འཛིན་ནུས་མཁན་སུ་ཡོད། བཀའ་ལན་འགའ་ཞིག་ཕེབས་པ་ལ་མཁས་པ་གཞན་སུས་ཀྱང་ཁས་ལེན་མ་ཕོད་མོད་རྗེ་ཤེས་རབ་སེང་གེ་བཞེངས་ཏེ་ཕྱག་འཚལ་ནས་དེ་ལྟ་བུ་བདག་གིས་བགྱིའོ་ཞེས་ཞལ་གྱིས་བཞེས་པ་ལ། གསང་བ་འདུས་པའི་གསེར་སྐུ་དང༌། འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ། ཆོས་རྒྱལ་གྱི་ཞལ་འབག འཆམ་གོས། དབྱུག་ཏོ། ཞགས་པ་ལ་སོགས་པ་གནང་ནས་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་ནས་ལུང་བསྟན་ཀྱང་གནང༌།
དེ་ནས་ལོ་འགའི་རྗེས་སུ་རྗེ་ཤེས་རབ་སེང་གེ་གཙང་ཤབ་སྟོད་ལྷུན་པོ་རྩེར་བྱོན། སྲད་རིན་ཆེན་རྩེ་བས་སྦྱིན་བདག་མཛད་དེ་གཞུང་དུ་དགའ་ལྡན་ཕོ་བྲང་ཞེས་པའི་གྲྭ་ཚང་བཏབ་པས་སྲད་རྒྱུད་དམ་གཙང་རྒྱུད་དེ་རྒྱུད་སྟོད་རྙིང་བར་གྲགས། འདུལ་ནག་དཔལ་ལྡན་བཟང་བོ་ལ་འགྲེལ་བ་བཞི་སྦྲགས་ཀྱི་གླེགས་བམ་བསྩལ་ནས་འཆད་ཉན་པར་བསྐོས།
1433ལོར་དེ་ནས་དབུས་ཕྱོགས་སུ་ཕེབས་ནས་དགའ་ལྡན་དུ་སྔགས་ཀྱི་རྒྱུད་མང་དུ་གསུངས་ནས་འདུས་སྡེ་ཆགས་པ་ནི་སྨད་རྒྱུད་གྲྭ་ཚང་འདི་ཉིད་ཡིན། ཁོང་གིས་མི་ལོ་བཅུ་གསུམ་བར་དུ་བསྐྱངས། ཁོང་གཙང་སྟོད་དུ་འཁྲུངས་ཤིང་སྣར་ཐང་དུ་རབ་ཏུ་བྱུང་ནས་ཐོས་བསམ་མཛད། ཤངས་པ་ཀུན་མཁྱེན་དང་རོང་སྟོན་བླ་མར་བསྟེན་ནས་ཕར་ཚད་སོགས་གསན། རྗེས་སུ་རྗེ་ཙོང་ཁ་བ་དང་རྒྱལ་ཚབ་བསྟེན་ནས་དགེ་ལུགས་པའི་གྲུབ་མཐའ་བཟུང༌། རྗེ་བླ་མའི་གསང་སྔགས་ཀྱི་སྐོར་ཚོགས་ཆོས་དང་ལྐོག་ཆོས་ཅི་རིགས་སུ་གནང༌། རྒྱུད་སྡེ་གཞན་ལ་མ་གནང་བ་དག་ཀྱང་ཁོང་ལ་གནང་བས་གསང་འདུས་ཀྱི་བཀའ་བབས་སུ་གྱུར། སྔགས་ཀྱི་བཤད་པ་མང་དུ་གནང༌། ཕྱི་འདུལ་བ་སྤྱོད་པ་གཙང་ཞིང་ནང་སྔགས་ཀྱི་རྣལ་འབྱོར་ཉམས་སུ་ལེན་པའི་དགེ་ལུགས་པའི་གསང་སྔགས་ཀྱི་བསྟན་པ་ཕྱོགས་སུ་སྤེལ། ད་ལྟའི་བར་དུ་དགེ་ལུགས་པའི་གསང་སྔགས་ཀྱི་སྤྱོད་པ་གཙང་མ་འཛིན་པ་ནི་ཁོང་གི་འཕྲིན་ལས་སུ་གྲུབ།
རྒྱུད་སྨད་པའི་གྲྭ་ཚང་འདི་ཉིད་ནམ་ཞིག་ལྷ་སར་གཞི་ཆགས་པ་ལོ་རྒྱུས་རྣམས་སུ་ངེས་གཏན་ཞིག་མེད་མོད། ཆ་ཧར་གྱི་རྗེ་རྣམ་ཐར་དུ། རྒྱུད་གྲྭ་འདི་གཅིག་ཏུ་མ་བཞུགས་པར་སེ་འབྲས་དགེ་གསུམ་ལྷ་ས་སོགས་སུ་བཏེགས་ནས་བཤད་སྒྲུབ་མཛད་བཞིན་པའོ། །ཞེས་སྐབས་དེར་ལྷ་སར་གཏན་ཆགས་སུ་མེད་པར་མངོན།
རྗེ་ཤེས་རབ་སེང་གེ་སྐུ་འདས་རྗེས་རྒྱུད་ཆེན་སྦྱིན་པ་དཔལ་དང༌། གྲགས་བཟང་སོགས་བླ་མ་སྐྱེས་ཆེན་དམ་པ་རིམ་བྱོན་གྱིས་ཕྱག་སྲོལ་ཉམས་མེད་བསྐྱངས། རྒྱུད་སྨད་གྲྭ་ཚང་གི་རྟེན་གཙོ་ནི་རྗེ་ཙོང་ཁ་བས་གནང་བའི་གསང་འདུས་ཀྱི་གསེར་སྐུ་དེ་ཡིན། རྒྱུད་སྨད་གྲྭ་ཚང་ལ་ཚ་བ་དང༌། གསེར་ཀོང༌། ཨ་མདོ། ཏྲེ་ཧོར། རྒྱལ་རོང་བཅས་ཁང་ཚན་ལྔ་ཡོད་ཅིང༌། རྒྱུད་སྨད་གྲྭ་ཚང་གི་ཆོ་ག་དང༌། འཕེལ་རིམ། སྐུ་གསུང་ཐུགས་རྟེན། གྲྭ་ཚང་གི་སྒྲིག་གཞི་དང་བཀོད་པ་སོགས་ཐུན་མོང་མ་ཡིན་པ་ཆ་ཚང་བ་ཞིག་ཡོད།
ད་ལྟ་གྲྭ་ས་ཆེན་པོ་དག་ཏུའང་གསང་བ་སྔགས་ལ་སློབ་གཉེར་བྱེད་སའི་གསང་སྔགས་གྲྭ་ཚང་རྒྱུད་སྨད་པ་བཙུགས་ཡོད་ན་ཡང༌། ལ་ལ་ཞིག་ན་བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཞིག་དང་འདོན་རྟ་དབྱངས་ལ་གསང་སྔགས་ཀྱི་འཆད་ཉན་གྱི་མིང་བཏགས་པ་ལས། རྒྱུད་སྡེ་བཞིའི་སློབ་གཉེར་ཆ་ཚང་ཡོད་པའི་གསང་སྔགས་རྒྱུད་སྟོད་སྨད་ཀྱི་གྲྭ་ཚང་འདི་ལྟ་བུ་གང་ན་ཡང་མེད་དོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com