སྒོ་མེ་ཏིང་ཀྱཱ་དགོན་པའི་སྐོར་ངོ་སྤྲོད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-02-13 08:56:00 ཀློག་གྲངས།:

སྒོ་མེ་ཏིང་ཀྱཱ་དགོན་པའི་སྐོར་ངོ་སྤྲོད།

      སྒོ་མེ་ཏིང་ཀྱཱ་དགོན་པ་འདི་དང་ཐོག་གསར་མ་དགེ་ལུགས་པའི་དགོན་པ་ཡིན། སྟོང་སྐོར་བསོད་ནམས་རྒྱ་མཚོའི་དངོས་སློབ་ཏིང་ཀྱཱ་སྙན་གྲགས་རྒྱ་མཚོ་ཟེར་བ་དེས་ཨ་རིག་དགེ་བཤེས་ཆེན་མོ་རྒྱལ་མཚན་འོད་ཟེར་ཚང་སྐུ་ཐ་མའི་མཛད་པ་བསྟན་པའི་བཞུགས་གནས་དེའི་ཉེ་འཁོར་དུ་འདུ་ཁང་ཆུང་བ་ཞིག་བཞེངས། སྟོང་སྐོར་ཚང་གི་ཞལ་གསུང་བཞིན་ཡི་དམ་རྟ་མགྲིན་གསང་སྒྲུབ་བསྟེན། རྗེས་ནས་རིང་བོ་མ་ལོན་པར་སྟོང་སྐོར་ཚང་ཡང་དགོངས་པ་རྫོགས། སྤྲུལ་སྐུ་ཞིག་བཙལ་བ་དེ་ལ་ཏིང་ཀྱཱ་ཚང་མཇལ་བར་ཕེབས། སྤྲུལ་སྐུས་ཡི་དམ་གང་ཡིན་དྲིས། སྐུ་གོང་མའི་ཞལ་གསུང་བཞིན་ཡི་དམ་རྟ་མགྲིན་བསྟེན་པ་ཡིན་ཞུས་མཐར་ཏིང་ཀྱཱ་རྙིང་རྒན་ཞེས་གཤེ་གཤེ་དང་མཚང་འབྲུ་ཡང་ཡང་བཏང་།  དེ་ནས་ཏིང་ཀྱ་ཚང་ཐུགས་རྒྱལ་བཞེངས་ཏེ་ཁྱོད་ངའི་བླ་མའི་སྤྲུལ་སྐུ་མ་རེད་ཅེས་ཁས་མ་བླངས་པར་སོང་།
      རྗེས་ནས་ཏིང་ཀྱཱ་སྙན་གྲགས་དབུས་ཕྱོགས་ཨོ་རྒྱན་སྨིན་གྲོལ་གླིང་དུ་སོང་ནས་རྙིང་ཆོས་མང་པོ་བསླབས་ནས་སྨིན་གླིང་བའི་སློབ་མ་གཙོ་བོར་གྱུར། རྙིང་མའི་རྒྱུད་འབུམ་པོ་ཏི་བཅུ་དྲུག་གདན་དྲངས་ནས་ཕྱིར་ཕེབས།  མ་ཐོན་གོང་ཨ་རིག་དགེ་བཤེས་ཚང་གི་གཉིད་འོད་གསལ་གྱི་ངང་ལས་རྨི་ལམ་ཞིག་རྨིས་པ་འདི་ལྟར། ཏིང་ཀྱཱ་ཚང་གིས་དྲེའུ་དཀར་པོ་ཞིག་ལ་ཁལ་བཀལ་ནས་ཐོན། མཇལ་བ་མང་བོ་ལ་ཞྭ་དམར་བོ་ཞིག་བྱིན་ནས་ཞྭ་དམར་གྱིས་ས་སྟེང་ཁྱབ་པ་ཞིག་རྨིས།  ཁོང་གིས་ཏིང་ཀྱཱ་ཚང་གིས་གྲུབ་མཐའ་རྙིང་མར་བསྒྱུར་བ་བདེན་ཐག་ཆོད་ཀྱང་རང་སོར་བཞག  རྗེས་སུ་ཏིང་ཀྱཱ་ཚང་གིས་དགོན་པ་རྙིང་དགོན་དུ་བསྒྱུར་ནས་སྒྲུབ་པ་བཀའ་བརྒྱུད་གཙུགས་པ་ད་ལྟའི་བར་དུ་བསྐྱངས། ཨ་རིག་དགེ་བཤེས་ཆེན་པོ་ཚང་དང་ཏིང་ཀྱཱ་སྙན་གྲགས་ཚང་གཉིས་ཕན་ཚུན་ཐུགས་བརྩེ་ཆེ་ལ་མཐུན་སྒྲིལ་ཤིན་ཏུ་བཟང་། ཏིང་ཀྱཱ་ཚང་གིས་དགེ་བཤེས་ཚང་ལ་ཁྱེད་ཀྱིས་ཀྱང་དགོན་པ་ཞིག་ཐོབ་ཞུས་ཀྱང་དང་དུ་མ་བླངས།  རྗེས་ནས་རྭ་རྒྱ་དང་ཏིང་ཀྱཱ་གཉིས་ཀྱིས་ཕན་ཚུན་དམོད་སྒྲུབ་དང་ཕྱོགས་རེས་ཀྱི་རྩོད་པ་མང་བོ་བྱུང་ཡང་དགོས་པ་མེད་པས་སྤྲོ་བར་མི་འདོད།  ཁ་བརྡ་འདི་ལྟ་བུ་བྱས་ན་ཆོས་ལུགས་ཀྱི་གྲུབ་མཐའི་བར་རྩོད་པ་དང་ཆག་སྒོ་འབྱུང་།   ཁྱད་པར་དུ་བླ་མ་རྣམས་ཀྱིས་ཁྱིམ་པ་ཕོ་མོ་ལ་གང་བྱུང་བྱུང་གི་ཁ་བརྡ་མང་བོ་བྱེད་མི་ཉན། མཉམ་འཇོག་དགོས།  སྒོ་མེ་ཚོ་བ་གསུམ་པོ་ཨ་རིག་དགེ་བཤེས་ཚང་ལ་དད་པ་ཤིན་ཏུ་ཆེ་རབ་འདུག  སྐུ་གྲོངས་རྗེས་ཀྱང་ལོ་རེར་སྐུ་གདུང་ལྷ་ཁང་དུ་སོང་ནས་མཆོད་འབུལ་བྱས་སྨོན་ལམ་འདེབས།  ཁྱད་པར་དུ་ལོ་ཐོག་ལ་སེར་བ་དང་སད་མི་འོངས་པའི་སྐྱབས་འཇུག་དོན་བཅོལ་བྱེད་སར་གྱུར་ཡོད། རྗེས་ནས་མཆིས་ཁུག་གི་ཨ་ཞང་མགར་དགེ་ཞེས་ངེད་ཨ་མའི་ཉེ་ས་ཞིག་ཡོད་པ་དེ་སྔགས་སྒྲུབ་པའི་ནུས་པ་ཆེ་རབ་ཀྱིས་སེར་འགོག་ལ་བཞག  མ་གཞི་ཁོ་ཆུང་དུས་ནས་ཀླུ་ནད་ཀྱི་རྨ་ཞིག་ཕོག་ནས་སྣ་ཡང་ཆད་ལ་ཁད་པར་གྱུར་ཡོད། དེས་རྒྱུ་མཚན་གྱིས་རྟ་ཁྱུང་གི་སྔགས་གྲངས་མང་བོ་བསགས་པས་ཀླུ་ནད་ལས་ཐར་བ་དང་།  གཞན་ལའང་ཕུ་བཏབ་པ་ཙམ་གྱིས་རྨ་སྐྲངས་རང་སར་མེད་འགྲོ་བའི་སྔགས་པ་ནུས་ལྡན་དུ་གྱུར་ཡོད།
      ང་ལོ་དྲུག་ཡིན་པའི་སྟོན་ཐོག་དེར་གནམ་ངོ་ངར་བ《སེར་ཆེན་ཕབས་པ་ལ་ཟེར》ཞིག་ཐོན་པ་ཁོས་བཀག  གནམ་ངོ་མ་ཁོག་པར་ཐོན་ལ་ཉེ་བའི་བབས་དེར་ཁོ་རང་ལྷག་པར་ང་རྒྱལ་ལངས་ནས་སྒོར་བུད་དེ། འུར་སྐྱ་ཡར་མཆོག་ཟབ་མོ་སྒང་བསླས།  མར་མཆོག་བྲུ་གུ་ཆ་བསླས།  འུར་མཐིལ་ཡུ་མོའི་རྐན་བསླས་བྱས་པ་དེ་བླངས། མཐིལ་ལ་ཡུངས་དཀར་ནག་འགའ་བཞག་སྟེ། ནམ་མཁར་སྔགས་འདོན་བཞིན། སྡིག་མོ་བྱེད་བཞིན། སྡིག་མཛུབ་ཀེར་བཞིན་ཕངས་བྱུང་། དེ་མ་ཐག་བར་སྣང་གི་སྤྲིན་ནག་དེ་ཕྱོགས་ཕྱོགས་སུ་བྲོས་སོང་བ་ལྟ་བུའི་ངང་ཐར་ཐོར་དུ་མེད། འབྲུག་ཐོག་གི་ངར་སྐད་དེ་རང་སར་ཞི། ཤུལ་དུ་ལུས་པའི་སྤྲིན་སྦྲ་ཆེན་པོ་ལྟ་བུ་ཞིག་་ཡོད་པ་དེའི་གསེབ་ནས་ཟི་ར་འཁྱུག་འཁྱུག  གློག་དམར་འཚུབ་འཚུབ། སྒྲ་ལྡིར་བོ་ཞིག་དང་མཉམ་དུ་སྦྲུལ་ནག་བགས་པ་ལ་ཁྲ་ཐིག་གི་རི་མོ་བཏབ་པ་ལྟ་བུའི་སེམས་ཅན་ཆེན་པོ་ཞིག་ལན་རེར་ཅུང་ཙམ་རིག་ལ་ལན་རེར་མི་མཐོང་ཡང་། སྤྲིན་ནག་ནར་བོ་མར་ལ་ལྷུང་བཞིན་པ་དེ་དང་འགྲོགས་ནས་གཡུ་འབྲུག་ཅིག་སྒར་ཁའི་ཐང་ཟེར་བ་དེ་ལ་འཕངས་བྱུང་། ཡུད་ཙམ་འགོར་རྗེས་བར་སྣང་ལ་སླར་ཡང་སྤྲིན་འདུས་པ་དང་འདྲེས་པའི་སྨུག་ནག་ཁ་རུའི་བར་མི་མཐོང་བ་འཐིབས་པ་དང་ལྷན་དུ་འབྲུག་སྐད་ལྟ་བུའི་སྒྲ་ཆེན་པོ་ཞིག་གྲགས། དེ་དུས་ཕྱིར་ནམ་མཁར་བུད་སོང་ཟེར།  གང་ལྟར་འབྲུག་རྒན་ཁོ་རང་གི་འཆར་གཞི་མ་གྲུབ་པ་ལྟར་སེར་རྡེའུ་ཐམས་ཅད་ལུང་ཁུག་ཅིག་ཡོད་པ་དེ་ལ་སྤུངས་ཏེ་ཕྱིར་མ་ཐར་བ་ལྟ་བུའི་ཕམ་ཁ་དང་བཅས་ཏེ་བུད་སོང་སྙམ། འདི་ནི་སུས་སྒྲུབ་ཀྱང་སྔགས་ཀྱི་ནུས་མཐུ་ཡིན་ལ་སྒྲུབ་ཀྱང་སླ་བོ་ཡོད། མི་ལ་རས་པས་སེར་བ་ཕབ་པ་ལྟ་བུ་རེད། མཆིས་ཁུག་དང་བཅས་པའི་སྒོ་མེའི་ཡུལ་ཕྱོགས་དེར་ཀླུ་ནད་ཀྱིས་གནོད་པ་ལྟ་བུའི་ནད་ཡམས་ཚབས་ཆེ་བ་ཞིག་བྱུང་བས་སྐུ་ཕྱོགས་མདོ་ཚང(མདོ་རྡོ་གྲུབ་ཚང)གིས་ལུང་བསྟན་བཞིན། ཨ་རིག་སྐུ་གདུང་གི་མཆོད་ཁང་སྟེང་དུ་གེ་སར་ལྷ་ཁང་ཞིག  སྒོ་མེ་དཔོན་པོའི་སྤུན། དཔོན་རིག་མཆོག་ཟེར་བ་དེས་ཉིས་ཐོག་གི་ཚུལ་དུ་ལས་པ། འདི་ནི་རྭ་རྒྱ་དང་སྒོ་མེ་ཏིང་ཀྱཱ་གཉིས་མི་འགྲིག་པའི་གྱོད་ཀྱི་གཞི་མ་བརྩིགས་པ་རེད། 
ཟུར་བཀོད།
      སྒོ་མེ་ཞེས་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་ལྷོ་བརྒྱུད་ཀྱི་ཚོ་བ་ཞིག་གི་མིང་སྟེ། ད་ལྟ་སྒོ་མེ་གོང་འོག་བར་གསུམ་ཞེས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་གུང་ཧོ་རྫོང་དང་ཞིན་ཧེ་རྫོང་། ཁྲི་ཀ་རྫོང་དང་མཚོ་ནུབ་ཁུལ་གྱི་དུར་ལམ་རྫོང་སོགས་སུ་ཁྱབ་ཡོད་ལ། ཚོ་བ་དེའི་སྐྱེས་ལྷ་ནི་བར་དབོན་དུང་རི་དཀར་པོའམ་ཨ་མྱེས་བར་དབོན་ཞེས་པ་དེ་ཡིན་ཞིང་། ལོ་རེའི་ལུགས་རྙིང་གི་ཟླ6པའི་ཚེས13ཉིན་རི་དེའི་རྩེར་སྒོ་མེ་གོང་འོག་བར་གསུམ་གྱི་དད་འབངས་རྣམས་འཛོམས་ཏེ་ལབ་རྩེ་བསྟོད་པའི་སྲོལ་གནའ་ནས་ད་ལྟའི་བར་མ་ཉམས་པར་ཡོད་པ་རེད། ཚོ་བ་དེའི་མ་དགོན་ནི་ཨ་མྱེས་བར་དབོན་གྱི་མདུན་ལུང་སྟེ་བར་དབོན་སྡེ་བར་ཆགས་ཡོད་པའི་ཏིང་ཀྱཱ་དགོན་གསང་སྔགས་ཆོས་འཁོར་གླིང་ཡིན་ལ། དགོན་ལག་ལ་སྔགས་ཁང་དང་དགོན་པ་སུམ་ཅུར་ཉེ་བ་མཆིས། མཆོད་གཞིས་ནི་སྒོ་མེ་གོང་འོག་བར་གསུམ་གྱི་བོད་རྒྱ་ཧོར་སོག་བཅས་ཀྱི་དད་འབངས་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།