ངོས་དང་པོ > ཆོས་ལུགས། > ཆོས་སྡེ་ངོ་སྤྲོད། > སྲིད་བཟུང་ནས་སྐྱོན་ལ་ཐོགས་པའི་བོད་ཀྱི་བདག་པོ་སྟེ་ལྷ་སའི་གླིང་བཞི།
སྲིད་བཟུང་ནས་སྐྱོན་ལ་ཐོགས་པའི་བོད་ཀྱི་བདག་པོ་སྟེ་ལྷ་སའི་གླིང་བཞི།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-13 10:11:00
ཀློག་གྲངས།:
སྲིད་བཟུང་ནས་སྐྱོན་ལ་ཐོགས་པའི་བོད་ཀྱི་བདག་པོ།
_ལྷ་སའི་གླིང་བཞི།
བོད་ཀྱི་ལོ་རྒྱུས་སུ་བོད་ཀྱི་ཆབ་སྲིད་བསྐྱངས་པའི་བླ་ཆེན་རྒྱལ་བ་པཎ་ཆེན་གཉིས་ལས་གཞན་ད་དུང་སྟག་བྲག་སོགས་ཡོད་དེ་སྟག་བྲག་ནི་ཁ་བྲལ་དང་རྒྱལ་གཅེས་ཀྱི་འཐབ་རྩོད་ཁྲོད་དུ་སྟག་བྲག་ལ་གླིང་གསར་བ་ཞིག་སྟེར་ཁོམ་མེད་སོང་བའམ་ཡང་ན་གླིང་ཞིག་བཞེངས་ནས་བཞུགས་ཁོམ་མེད་པ་ཡིན་ལས་ཆེ། དེ་ལས་གཞན་པ་དག་ལ་གླིང་ཞེས་གྲགས་པ་ཅན་ཞིག་མི་འདུག ཁྲིམས་ལ་ཐོགས་པའི་སྲིད་སྐྱོང་འདི་ཚེ་སྨོན་གླིང་དང་དེ་མོ་གཉིས་ཀྱི་སྟེང་དུ་རྭ་སྒྲེང་བསྣན་ན་བོད་ཀྱི་བདག་པོར་གྱུར་ནས་ཁྲིམས་ལ་ཐོགས་པའི་སྲིད་སྐྱོང་གསུམ་ཡོད་པ་རེད།
1
བོད་ཀྱི་སྲིད་སྐྱོང་ལ་བཞུགས་པའི་ཨ་མདོའི་གྲྭ་རྐྱང་ཞིག་ཡོད་པ་དེ་ནི་བོད་ཀྱི་ལོ་རྒྱུས་སུ་གྲགས་པ་འབར་བའི་ཚེ་སྨོན་གླིང་ཞེས་པ་དེ་རེད། ཁོང་ནི་བོད་ཀྱི་ལོ་རྒྱུས་སྟེང་ཨ་མདོ་བ་བོད་ཀྱི་སྲིད་སྐྱོང་ལ་བཞུགས་པའི་མི་སྣ་ཉག་གཅིག་ཡིན་ལ། བོད་ཀྱི་སྲིད་སྐྱོང་རིམ་བྱོན་ཁྲོད་དུ་བྱས་རྗེས་ཆེས་ཆེ་བ་ཞིག་ཀྱང་རེད། ཚེ་སྨོན་གླིང་སྐུ་ཐོག་དང་བོ་ནི་ཨ་མདོ་ནས་ཡོང་བའི་གྲྭ་རྐྱང་དེ་རེད། ཁོང་སེ་རའི་ཚ་རྡོར་ཁང་ཚན་དུ་བཞུགས་པས་ཚེ་སྨོན་གླིང་ཞེས་པའི་མཚན་མ་ཐོགས་པའི་སྔོན་དུ་ཚ་རྡོར་ཟེར།ཐོག་མར་ཚེ་སྨོན་གླིང་སྐུ་ཕྲེང་དང་བོ་ངག་དབང་ཚུལ་ཁྲིམས་ནི་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐུ་གཤེགས་རྗེས1777ནས1781བར་དུ་སྲིད་བསྐྱངས། དེ་མོ་བ་སྐུ་གཤེགས་པས་རྒྱལ་དབང་དགུང་ལོ་ཉི་ཤུ་བཞེས་པར་ཆབ་སྲིད་འགན་བཞེས་པར་གསོལ་ཀྱང་ཞལ་གྱིས་མ་བཞེས། ཨ་མདོ་ཅོ་ནེ་བ་སྟེ་རྒྱ་ནག་ཏུ་ཆོས་སྤེལ་བཞིན་པའི་འདི་བ་གདན་དྲངས་ནས་སྲིད་སྐྱོང་ལ་བསྐོས་པས་གྲྭ་རྐྱང་ཞིག་གློ་བུར་དུ་སྲིད་སྐྱོང་ལ་བསྐོས་ཞེས་ཀུན་ཀྱང་ཧ་ལས། གུང་པཎྜིཏ་དང་། གུང་ཀུན་དགའ་བསྟན་འཛིན། ཐོན་པ་སྲིད་ཞི་དབང་འདུས། མདོ་མཁར་བསོད་ནམས་དབང་རྒྱལ་སོགས་ཀྱིས་བློན་པོ་བྱས། ཁོང་ནི་ཆོས་སྲིད་གཉིས་ཆར་མཁྱེན་རྒྱ་ཆེ་ཞིང་རྒྱ་བོད་དཔོན་རིགས་གནོན་ཟིལ་ཆེ་ཞིང་མི་སེར་ལ་ཤིན་ཏུ་བྱམས། འདི་བས་སྲིད་སྐྱོང་སྐབས་ཚོང་ལས་དཔལ་འབྱོར་རྒྱ་ཆེར་སྤེལ་ཏེ་དམངས་ཀྱི་འཚོ་བ་ཡར་རྒྱས་སུ་ཕྱིན། ལྷག་པར་གོར་དམག་གིས་བོད་ལ་གཙེས་དུས་བོད་གཞུང་གུ་ལ་ཐུག་ནས་ཆེད་དུ་ཁོང་གདན་འདྲེན་བྱས་ནས་སྲིད་སྐྱོང་ལ་བསྐོས་མོད་ལོ་རྗེས་མར་སྐུ་གཤེགས། འདི་ནི་ཐེངས་གཉིས་ལ་བོད་ཀྱི་སྲིད་སྐྱོང་ལ་བཞུགས་པ་ཞིག་རེད།
ཚེ་སྨོན་གླིང་སྐུ་ཕྲེང་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་མཆོག་གིས1819ལོ་ནས1844ལོ་སྟེ་ལོ་ཉི་ཤུ་རྩ་ལྔའི་རིང་བོད་ཀྱི་སྲིད་སྐྱོང་གནང་བ་དང་དགའ་ལྡན་ཁྲི་བ་ཡང་གནང་ཐུབ་པ་བྱུང་ཡོད། ཚེ་སྨོན་གླིང་དགོན་པ་ཕྱག་བཏབ། ཡིན་ན་ཡང1843ལོར་ལོ་ཉི་ཤུ་ལ་བོད་ཀྱི་སྲིད་སྐྱོང་བྱས་པའི་ཁོང་ཨན་བན་དང་མ་མཐུན་པས་ཉེས་མིང་བཀལ་ཏེ་ཁྲི་ལས་ཕབ་སྟེ་བླ་བྲང་ལ་སྒོ་ཐེལ་བརྒྱབས་ཤིང་ཁོང་བཙོན་ཆས་སྤྲས་ཏེ་ཨ་མདོར་གནས་དབྱུང་བཏང་ཞིང་། རྒྱུ་དངོས་ཡོད་ཚད་གཞུང་བཞེས་བྱས། ཁོང་གི་མི་ཚེ་དེ་ལྟར་སྐྱོ་གདུང་གི་ཁྲོད་དུ་འདས་མོད། སྐྱོ་གདུང་དེ་ད་ལྟ་སུ་ཞིག་གིས་ཀྱང་ཡི་གེར་འབེབ་ཐབས་བྲལ།
ཁོང་གིས་བཞེངས་པའི་ཚེ་སྨོན་གླིང་དགོན་པ་དེ་ལྷ་ས་གཙུག་ལག་ཁང་གི་བྱང་ངོས་སུ་གནས་ཡོད་ཅིང་། མཐའ་བསྐོར་དུ་ཐོག་སོ་གཉིས་ལྡན་གྱི་ཤག་སྐོར། ཤར་གཙུག་ལག་ཁང་ལ་ཕོ་བྲང་དཀར་བོ་དང་། ནུབ་ཀྱི་གཙུག་ལག་ཁང་ལ་ཕོ་བྲང་དམར་བོ་ཀ་བ་ཉི་ཤུ་ཡོད་པའི་འདུ་ཁང་དང་། ལྷ་ཁང་། མགོན་ཁང་། མཛོད་ཁང་། སྒོ་འཕྱོར། དཀར་ཆ་དོད་པའི་རབ་གསལ་སོགས་བཟོ་བཀོད་ཤིན་ཏུ་ལེགས་ཤིང་། ད་དུང་ཕྱག་དཔེ་ཁང་གི་ཀུན་དགའ་རྭ་བའི་སྟེང་བཀའ་བསྟན་དང་། གསུང་འབུམ་སོགས་ཀྱི་རྩ་ཆེའི་ཕྱག་དཔེ་ཉིས་ཁྲི་ལྷག་དང་དངུལ་ལས་གྲུབ་པའི་སྒྲོལ་མ་སོགས་སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ་ཡོད་སྐད།
སྐུ་ཕྲེང་གསུམ་བ་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན་དགའ་ཁྲི་ཚེ་སྨོན་གླིང་བས1910ནས1912བར་དུ་རྒྱལ་ཚབ་བྱས། ཡིན་ན་ཡང་། ཁོང་གིས་རྒྱལ་ཚབ་བྱས་པ་ནི་ཀྲོའོ་ཨེར་ཧྥང་གིས་དཔུང་འཇུག་བྱས་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་པའི་སྐབས་ཡིན་ན་ཡང་ཁོང་གིས་སྙིང་སྟོབས་བསྐྱེད་དེ་གཙུག་ལག་ཁང་དང་པོ་ཏ་ལ་ཡས་མས་སྲུང་སྐྱོབ་དང་ཀྲོའོ་ཨེར་ཧྥང་གི་དམག་དཔུང་བོད་ནས་བསྐྲད་པ་སོགས་ལ་བྱས་རྗེས་ཆེ་བས་སྔོན་གྱི་གདན་ཐོབ་སླར་གསོ་བྱས།
ལོ་རྒྱུས་སྟེང་ཨ་མདོ་བ་གསུམ་གྱི་བོད་ཀྱི་སྲིད་སྐྱོང་ལ་བཞུགས་པ་ལས་དེ་གསུམ་ཀ་ཁོང་གི་སྐུ་ཕྲེང་གསུམ་རེད། འདི་ལྟ་བུ་ནི་བོད་ཀྱི་ལོ་རྒྱུས་སྟེང་དུ་བྱུང་མ་མྱོང་ཚོད་ཡིན། ཡིན་ནའང་། བདག་དགོན་པ་འདིར་མཇལ་དུས་ཨ་མདོ་བའི་ཞེན་ཁོག་ཅི་ཡང་མི་འདུག་མོད་སྤྲོ་བ་ནི་ཨ་མདོ་བའི་གྲྭ་རྐྱང་གསུམ་གྱིས་བོད་ཀྱི་ཆོས་སྲིད་རིག་གནས་དག་ལ་བཞག་པའི་བྱས་རྗེས་དེ་རེད།
2
བསྟན་རྒྱས་གླིང་ནི་ལྷ་ས་གཙུག་ལག་ཁང་གི་ཉེ་འགྲམ་ནུབ་བྱང་དུ་གནས་ཡོད་ཅིང་དེ་ཡང་གླིང་བཞིའི་ནང་དེ་སྔ་གཞི་རྒྱ་ཆེ་ཤོས་ཡིན་པ་དང་། 1757ལོར་རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་སྐུ་གཤེགས་རྗེས་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་དེ་མོ་འཇམ་དཔལ་དགེ་ལེགས་རྒྱ་མཚོར་ཧོ་ཐོག་ཐུ་ནོ་མོན་ཧན་གྱི་གོ་མིང་གནང་སྟེ་ཆོས་སྲིད་གཉིས་ཀྱི་འགན་དབང་འཛིན་རྒྱུའི་བཀའ་ཕབ།རྒྱལ་དབང་སྐུ་གོང་མའི་ཡང་སྲིད་བཙལ་ནས་ལོ་བཅོ་བརྒྱད་རིང་སྲིད་དབང་མ་བཞེས་པའི་བར་དེ་མོ་འཇམ་དཔལ་རྒྱ་མཚོས་བོད་ཀྱི་སྲིད་དབང་བཟུང་། བོད་ཀྱི་སྲིད་དབང་བཟུང་ནས་ལོ་ངོ་ལྔ་སོང་རྗེས་གང་ས་ཅི་ཐད་ནས་ཆ་རྐྱེན་འཛོམས་པས1762ལོར་བླ་མ་ཁང་ཟེར་བའི་ས་གནས་དེར་བསྟན་རྒྱས་གླིང་དགོན་པ་ཐོག་མར་བཞེངས་ཤིང1763ལོར་མཇུག་འགྲིལ། མིང་དུ་དགའ་ལྡན་གསང་སྔགས་དགའ་ཚལ་ཟེར། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གིས་བསྟན་རྒྱས་གླིང་ཞེས་པའི་སྒོ་བྱང་རྒྱ་བོད་མན་སོགས་ཀྱི་ཡི་གེར་འཁོད་པ་ཞིག་གནང་ནས་ཡོངས་གྲགས་སུ་དགོན་མིང་བསྟན་རྒྱས་གླིང་ཟེར།
དེ་མོ་སྐུ་ཕྲེང་རིམ་བྱོན་གྱི་བཞུགས་གནས་གཙོ་བོ་བསྟན་རྒྱས་གླིང་ཡིན་པར་མ་ཟད་དེ་མོའི་རྒྱུད་པ་ནི་བོད་ཀྱི་དེང་དུས་ལོ་རྒྱུས་ཐོག་གནད་ཆེ་ཤོས་ཀྱི་གྲས་སུ་སླེབས་ཏེ། དེ་མོ་ངག་དབང་འཇམ་དཔལ་དགེ་ལེགས་རྒྱ་མཚོ་དང་། བློ་བཟང་ཐུབ་བསྟན་འཇིགས་མེད། བློ་བཟང་འཕྲིན་ལས་རབ་རྒྱས་བཅས་སྔ་ཕྱིར་བོད་ཀྱི་སྲིད་སྐྱོང་གནང་མྱོང་ཡོད་ལ་སྐབས་དེར་གྲྭ་ཚང་དང་བླ་བྲང་སོགས་ཤིན་ཏུ་དར་རྒྱས་བྱུང་ནས་དཀྱིལ་དུ་ཐོག་བརྩེགས་ཅན་གྱི་ཁང་ཆེན་དང་། ཤར་ནུབ་ལྷོ་གསུམ་དུ་ཤིན་ཏུ་ཡངས་པའི་རྒྱལ་སྒོ་རེ་རེ་ཡོད་པ་གཞི་རྒྱ་ཆེ་ལ་བརྗིད་ཉམས་ལྡན་པ་ཞིག་ཡོད་པར་གྲགས།
1895ལོར་རྒྱལ་བ་བཅུ་གསུམ་པ་དགུང་ལོ་ཉི་ཤུར་ཕེབས་སྐབས་སྲིད་སྐྱོང་དེ་མོ་འཕྲིན་ལས་རབ་རྒྱས་ཀྱིས་སྲིད་སྐྱོང་ལས་འཁུར་དགོངས་ཞུ་གནང་ནས་བསྟན་རྒྱས་གླིང་དུ་བཞུགས་སྐབས་དེ་མོ་སྲིད་ཟུར་གྱི་ཚ་བོ་ནོར་བུ་ཚེ་རིང་དང་། དོན་ལྡན་སོགས་དང་། ཁོ་ཚོའི་ཕྱོགས་གཏོགས་ཧམ་སེམས་ཅན་འགའ་ཞིག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་བཀྲོངས་ཏེ་དེ་མོ་བླ་བྲང་ནས་མུ་མཐུད་སྲིད་དབང་འཛིན་རྒྱུའི་རེ་བ་བཅངས།
1899ལོ་ཁམས་ཀྱི་ཉག་སྤྲུལ་དང་འཕྱོངས་རྒྱས་དཔལ་རི་སྤྲུལ་སྐུ་སོགས་ལ་བསྐུལ་ཏེ་མཐུ་གཏད་བྱས་ཚུལ་གསང་བ་གྱར་སྟབས་དེ་མོ་སྲིད་ཟུར་དང་། བླ་བྲང་གི་ལས་སྣེ་བཟུང་སྟེ་འདྲི་ཞིབ་ཀྱིས་ངོས་ལེན་བྱས་པ་བཞིན་དེ་མོ་སྲིད་ཟུར་བསྟན་རྒྱས་གླིང་ཆོས་རར་མཚམས་སུ་བཞུགས་རྒྱུ་དང་། ནོར་བུ་ཚེ་རིང་སོགས་ལ་ཉེས་ཆད་ནན་པོ་བཅད། དེ་མོ་སྲིད་ཟུར་རིང་མིན་སྐུ་གཤེགས། བསྟན་རྒྱས་གླིང་གྲྭ་ཚང་གི་བདག་དབང་རང་གནས་དང་། དེ་མོ་བླ་བྲང་གི་བདག་ཐོབ་གཞུང་བཞེས་སོགས་བྱས། དེ་མོ་སྤྲུལ་སྐུའི་ཡང་སྲིད་རྩད་གཅོད་མི་ཆོག་པའི་ཐག་གཅོད་བྱས་ཀྱང་། རྗེས་སུ་འབྲས་སྤུངས་བློ་གསལ་གླིང་སོགས་ནས་ཞུ་སྣ་བྱས་ངོར་ཡང་སྲིད་རྩད་གཅོད་ཆོག་པ་བྱུང་ཡང་ཚོགས་ཆེན་སྤྲུལ་སྐུའི་ཐོབ་ཐང་ལས་ཧོ་ཐོག་ཐུའི་གོ་གནས་མེད།
1912ལོར་བོད་ཀྱི་སྤྱི་ཚོགས་ཟང་ཟིང་གི་གནས་སུ་གྱུར་ཅིང་། བསྟན་རྒྱས་གླིང་གྲྭ་ཚང་གི་ལས་སྣེ་རེ་འགས་དེ་སྔ་བླ་བྲང་ལ་ཇུས་ཉེས་བྱུང་བར་འཁོན་ལན་སློག་ཕྱིར་ལུའུ་ཅུན་དམག་དང་མཉམ་ལས་བྱས། བསྟན་རྒྱས་གླིང་དགོན་པའི་ནང་རྒྱ་དམག་ལྐོག་ཉར་གྱིས་བོད་གཞུང་ལ་ངོ་ལོག་བྱས་པས་བསྟན་རྒྱས་གླིང་དགོན་པའི་མཆོད་གཞིས་དང་བཅས་པ་གཞུང་བཞེས་བཏང་། རྟེན་གང་མང་ཞིག་གཙང་ཁུལ་དགོན་ཁག་ལ་གནང་སྟེ་ཉམས་ཆག་ཚབས་ཆེན་བྱུང་།
1948ལོར་བཀའ་ཤག་སྲིད་གཞུང་གིས་འབྲས་སྤུངས་དགོན་པའི་གོ་བོ་ཁང་ཚན་ལ་དོ་དམ་བྱ་རྒྱུར་སྤྲད། དེ་ནས་ས་སྐྱ་དགོན་པས་བདག་སྐྱོང་བྱས་རྗེས་སུ་སླར་ཡང་བསམ་ཡས་དགོན་པས་བདག་གནས་ཀྱིས་ལོ་ལྟར་དགེ་འདུན་དྲུག་རེ་འཕྲིན་བཅོལ་བྱེད་པར་ཡོང་སྲོལ་ཡོད།
ད་ལྟའི་བསྟན་རྒྱས་གླིང་དེ་ནི་སྔར་གྱི་ཟུར་ཆ་གཅིག་ཙམ་ལས་མེད་ཅིང་། དགོན་ཤུལ་བསྟན་རྒྱས་གླིང་གི་ལྕོག་ཏུ་རྟེན་གྱི་གཙོ་བོ་འཇིགས་བྱེད་ཀྱི་འཇིམ་སྐུ་དང་། ཐུབ་དབང་། གནས་བརྟན་བཅུ་དྲུག་གི་འཇིམ་སྐུ། སྲུང་མ་གཙོ་བོ་ཙིའུ་དམར་བོ་སོགས་ཡོད།
སྐུ་གསུང་ཐུགས་རྟེན་འདི་དག་གིས་སྔོན་གྱི་ཆབ་སྲིད་པ་ཞིག་མཚོན་པ་མ་ཟད། སྲིད་སྐྱོང་བཙོན་མ་ཞིག་གིས་ཉེས་པ་ཁུར་ནས་ལོ་རྒྱུས་སུ་ཐིམ་པའི་རྣམ་ཤེས་ཀྱང་མཚོན་པ་རེད། ཁོང་རྣམ་པ་དགེ་སློང་ཡིན་ནམ་ཁྱིམ་པ་ཡིན་པ་བདག་གིས་གསལ་ཐག་ཆོད་པ་མི་ཤེས་ན་ཡང་གསང་ཡུམ་ཡོད་པའི་སྒྲོས་དེ་ལས་བླ་ཐོབ་དང་སྲིད་ཐོབ་ཡོད་པའི་ཁྱིམ་པ་བཙོན་མ་ཞིག་ཡིན་པ་གསལ་བཤད་བྱས་པ་རེད།
ཆེས་ཕངས་པ་ཞིག་ལ་དེ་མོ་བ་འདི་ཉིད་རྗེས་སུ་བཙོན་ཁང་དུ་གཤེགས་པའམ་ཡང་ན་གནས་དབྱུང་བཏང་བར་ད་དུང་མི་རྣམས་ཀྱིས་ཁ་ཚོན་ཆོད་མེད་པ་དེ་སྟེ། དེ་ལས་ཁོང་ནི་ལོ་རྒྱུས་ཡིག་ཚང་གིས་བརྗེད་མེད་པ་མ་གཏོགས་བོད་མི་རྣམས་ཀྱིས་སྔར་ནས་བརྗེད་འདུག་པ་འདྲ།
3
ཀུན་བདེ་གླིང་གི་མིང་ཁ་ཚང་ལ“དབུས་གཙང་ཀུན་ཏུ་བདེ་བའི་བརྟན་བཞུགས་ཆོས་འཁོར་གླིང”ཟེར། བོད་ཀྱི་སྲིད་སྐྱོང་རྟ་ཚག་བསྟན་པའི་མགོན་པོའི་བཞུགས་གནས་ཏེ་བོང་བ་རིའི་འདབས་སུ་ཡོད། རྟ་ཚག་ནི་རྒྱལ་བ་བསོད་ནམས་རྒྱ་མཚོའི་དུས་ཆབ་མདོ་འཕགས་པ་ལྷ་དང་། ཞི་བ་ལྷ། དེ་མོ་ཧོ་ཐོག་ཐུ། ཀུན་གླིང་རྟ་ཚག་ཧོ་ཐོག་ཐུ། ལྕགས་ར་སྤྲུལ་སྐུ་བཅས་ལ་ཆབ་མདོ་ཞལ་ལྔ་གྲགས་པའི་ནང་གི་དེ་ཡིན་ལ་ཁོང་གི་སྐུ་ཕྲེང་གཉིས་བོད་ཀྱི་སྲིད་སྐྱོང་ལ་བཞུགས་མྱོང་། ཁོང་ནི་མཁས་གྲུབ་རིན་པོ་ཆེའི་གཅུང་བོ་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་སྤྲུལ་སྐུ་སྟེ་སྐུ་ཕྲེང་བཞི་བ་ལྷ་དབང་ཆོས་ཀྱི་རྒྱལ་མཚན་གྱིས་རྟ་ཚག་ལྷུན་འགྲུབ་བདེ་ཆེན་ཞེས་པའི་རི་ཁྲོད་བཏབ་པ་ནས་སྐུ་ཕྲེང་རིམ་བྱོན་གྱི་མིང་ལ་རྟ་ཚག་ཅེས་ཐོགས།རྟ་ཚག་སྐུ་ཕྲེང་རིམ་བྱོན་ལས་བོད་ཀྱི་སྲིད་སྐྱོང་ལ་ཐོག་མར་བཞུགས་མཁན་ནི་རྟ་ཚག་སྐུ་ཕྲེང་བརྒྱད་པ་བསྟན་པའི་མགོན་པོ་ཡིན་ཞིང་ཁོང་གིས1804ནས1810བར་དུ་སྲིད་བསྐྱངས་ཤིང་རྟ་ཚག་སྐུ་ཕྲེང་བཅུ་བ་ངག་དབང་དཔལ་ལྡན་གྱིས1875ནས1886བར་དུ་སྲིད་བསྐྱངས།
1787ལོར་གོར་ཥས་བོད་ལ་བཙན་འཛུལ་བྱས་པ་དང་ཆིང་གོང་མས་བོད་ལ་དམག་རོགས་བཏང་ནས་གོར་ཥ་བཙན་འཛུལ་བ་མཐར་བསྐྲད། སྐབས་དེར་བོད་མི་རྣམས་དམག་གི་འཇིགས་པ་ལས་གྲོལ་ཏེ་བདེ་བར་གྱུར་པས། རྟ་ཚག་ཧོ་ཐོག་ཐུ་བསྟན་པའི་མགོན་པོ་མཆོག་ནས་ཀུན་བདེ་གླིང་ཞེས་མཚན་གསོལ།
ཁོང་ནི་ཀུན་བདེ་གླིང་གི་སྤྲུལ་སྐུ་གཙོ་བོ་ཡིན་ལ། སྐབས་དེར་བོད་དུ་མཚན་སྙན་ཆེ་ཞིང་བོད་ཀྱི་བདེ་འཇགས་དང་རྒྱ་བོད་གཉིས་ཀྱི་བར་ལ་ཆབ་སྲིད་ཀྱི་འབྲེལ་བ་ཟབ། རྟ་ཚག་བསྟན་པའི་མགོན་པོ་མཆོག་ནས་གྲོན་དངུལ་འབོར་ཆེན་བཏང་ནས་སྟེང་གི་འོད་འཕྲོ་ལྷ་ཁང་དང་རི་སྐེད་ཀོན་ཏི་ལྷ་ཁང་། རི་གཤམ་དུ་ཀུན་བདེ་གླིང་ལྷ་ཁང་བཅས་གསར་བཞེངས་བྱས། ནང་བློན་ཧྥ་ཧྥུའུ་ཁང་དང་ཧའེ་ལན་ཕྲ་སོགས་དཔོན་རིགས་མང་བོས་ཞལ་འདེབས་ཕུལ། ཀུན་བདེ་གླིང་དེ་ཆན་ལུང་གོང་མ་ཁྲི་ལོ་ལྔ་བཅུ་ང་དགུ་སྟེ་སྤྱི་ལོ1794ལོར་ལེགས་གྲུབ་བྱུང་། ཀུན་བདེ་གླིང་དེ་གའི་རྒྱ་ཆེ་ཞིང་བཀོད་པ་ལེགས་པ་དང་ལྗོན་ཤིང་གིས་མཐའ་བསྐོར་ནས་ཡོད་པས་ཤིན་ཏུ་མཛེས་སྡུག་ཆེ། དཀྱིལ་དབུས་སུ་ཐོག་སོ་བཞི་ཐོག་ཡིན་པ་དང་ལྷ་ཁང་གི་རྟེན་གཙོ་ནི་རྗེ་ཙོང་ཁ་བ་ཆེན་པོ་དང་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོའི་སྐུ་གདུང་དང་། སྐུ་ཕྲེང་དགུ་བ་རྗེ་དྲུང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་དང་སྐུ་ཕྲེང་བཅུ་བ་རྗེ་དྲུང་སྤྲུལ་སྐུ་ངག་དབང་དཔལ་ལྡན་ཆོས་ ཀྱི་རྒྱལ་མཚན་གྱི་སྐུ་གདུང་སོགས་སྐུ་གསུང་ཐུགས་རྟེན་སོགས་བསམ་གྱིས་མི་ཁྱབ་པ་ཡོད།
ཀུན་བདེ་གླིང་གི་མདུན་ངོས་སུ་རྡོ་རིང་ཁང་བུ་གཅིག་ཡོད་ཅིང་དེར་གོར་ཥ་བཙན་འཛུལ་བ་མཐའ་སྐྲོད་བཏང་བ་དང་། ཀུན་བདེ་གླིང་བསྐྲུན་པའི་ལོ་རྒྱུས་སོགས་བྲིས་ཡོད། ཀུན་བདེ་གླིང་གི་ཚོམས་ཆེན་སོགས་རྒྱལ་སྒོ་མང་བོ་ཞིག་བོད་སྡོད་ཨམ་བན་གྱིས་སྤྲད་པའི་སྒོ་བྱང་ཡོད།
4
ཚེ་ཆོག་གླིང་ནི་ལྷ་སའི་གླིང་བཞིའི་ནང་ཚན་ཏེ་ལྷ་སའི་ཟམ་ཆེན་ནམ་ཀུ་རུ་ཟམ་པ་ནས་གྲིབ་ཅེས་པའི་གྲོང་དུ་སྤྱི་ལེ་གསུམ་ཙམ་གྱི་སར་ཡོད། མཚན་རྒྱས་པར་བཀྲ་ཤིས་ཚེ་མཆོག་བསམ་གཏན་གླིང་དང་ཡང་གྲིབ་ཚེ་མཆོག་གླིང་ཟེར་ཞིང་གྲིབ་ཅེས་པ་ནི། སྔོན་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་བོ་གླང་དར་བཀྲོངས་རྗེས་རྟ་དཀར་བོར་སོལ་བ་བྱུགས་པ་དང་། གོས་ཀྱི་ཕྱི་ནག་པོར་ནང་དཀར་བོ་ཡིན་པ་གྱོན་ཏེ་སྐྱིད་ཆུའི་རབ་ལས་ཐོན། རྟ་ལ་སོལ་བ་བྱུག་པ་ཆུས་དག་ནས་དཀར་བོར་གྱུར། གོས་ནག་པོ་ཕྱི་ནང་སློག་སྟེ་གྱོན་ནས་ཤར་གྱི་ཕྱོགས་སུ་བསྐྱོད། དེ་མར་རྗེས་འདེད་པ་རྣམས་དེར་འབྱོར་ཏེ་འདི་ནས་རྟ་ནག་མི་ནག་ཅིག་སོང་ངམ་ཞེས་དྲིས་པར། དེར་ཡོད་ཡུལ་མི་ཚོས་རྟ་ནག་མི་ནག་མ་མཐོང་རྟ་དཀར་མི་དཀར་ཞིག་རིབ་ཙམ་མཐོང་བྱུང་ཞེས་བཤད་པས་དེ་ནས་བཟུང་ཡུལ་དེར་རིབ་ཅེས་ཐོགས་པ་རིམ་བཞིན་གྲིབ་ཅེས་པར་སྒྲ་འགྱུར་ཞེས་ཟེར་སྲོལ་ཡོད།དགོན་དེ་ཕྱག་འདེབས་པ་བོ་ནི་སྐྱིད་གྲོང་བསམ་གཏན་གླིང་ཕྱག་འདེབས་པ་བོ་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་ཏེ་ཁོང་ནི་དགེ་ལུགས་པའི་རི་ཁྲོད་པའི་ཁྱུ་མཆོག་ཅིག་སྟེ་རྣམ་ཐར་འབྲི་མཁན་གྱིས་མ་ལོངས་པ་མ་གཏོགས་མི་ལ་རས་པར་འགྲན་བཟོད་པའི་སྒོམ་ཆེན་ཞིག་ཀྱང་ཡིན། ཁོང་དབེན་པའི་རི་ཁྲོད་དུ་བཞུགས་ནས་རྟོགས་པ་ཀློང་དུ་བརྡོལ་ཞིང་། རྗེས་སུ་རྒྱལ་བ་སྐུ་ཕྲེང་བརྒྱད་པའི་ཡོངས་འཛིན་དུ་བཞུགས་པས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ཞེས་གྲགས་པ་ཆེ།
1787ལོར་གོར་དམག་གི་གཉའ་ནང་དང་། རོང་ཤར། སྐྱིད་གྲོང་བཅས་བཙན་བཟུང་བྱས་སྟབས་སྐྱིད་གྲོང་བསམ་གཏན་གླིང་གི་དགེ་འདུན་རྣམས་ཐོར་ཏེ་དཀའ་ཆེན་གྱི་དྲུང་དུ་བཅར་ནས་བདེ་སྡུག་རྣམས་ཞུས་པས། དཀའ་ཆེན་གྱིས་ཁྱེད་རྣམས་གང་འདོད་ལྟར་སོང་ཞེས་གསུངས་པར། རྒྱལ་བ་སྐུ་ཕྲེང་བརྒྱད་པས་ཁྱེད་ཚོའི་བླ་མ་ངས་གདན་དྲངས་པས་ཁྱེད་ཚོ་གང་འདོད་ལྟར་བཏང་ན་མི་འགྲིག ལྷ་སའི་ཉེ་འདབས་སུ་དགོན་ཞིག་འདེབས་གསུངས་ཏེ་དགོན་པ་གང་དུ་འདེབས་མིན་དཔྱད་པར། དཀའ་ཆེན་གྱིས་རྩེ་པོ་ཏ་ལ་ནས་གཟིགས་སྐབས་ད་ལྟའི་དགོན་ཆགས་ཡུལ་དེར་ས་དཔྱད་ལེགས་པར་གཟིགས་ཏེ1790ལོར་དགོན་དེ་ཕྱག་བཏབ།
སྔོན་འདུ་ཁང་ཀ་བ་སོ་གཉིས་ཀྱི་གཙང་ཁང་ནང་དུས་གསུམ་སངས་རྒྱས་དང་།འདུ་ཁང་ནང་དཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱི་དངུལ་གདུང་ཐོག་ཚད་མ་དང་། དེའི་གཡས་གཡོན་དུ་དངུལ་སྐུ་མི་ཚད་མ་རེ། བྲག་སྒོ་རབ་འབྱམས་པའི་ཐུགས་དམ་རྟེན་རྗེ་ཙོང་ཁ་བའི་སྐུ་བརྙན། དགེ་འདུན་བརྒྱ་དང་བརྒྱད་ཀྱིས་རི་བོ་དགེ་ལུགས་ཕྱག་བཞེས་མཛད་པ་བཅས་ཡིན།
ད་ལྟ་འདུ་ཁང་ཆེ་བ་ཉམས་གསོ་གནང་ཐུབ་མེད་ཀྱང་སྔོན་གྱི་སྐུ་བརྙན་རྣམས་ཀྱི་སྐུ་ཚབ་གསར་བཞེངས་གནང་བ་དང་། དགོན་དེའི་ཤར་ངོས་རི་ལྡེབས་སུ་གྲིབ་རྫོང་བཙན་གྱི་སྐུ་མཁར་གསར་བཞེངས་ཡོད།
སྐབས་འདིར་བདག་གི་སེམས་ལ་ཤར་བ་ནི་ཚེ་ཆོག་གླིང་མ་ཡིན་པར་ཚེ་ཆོག་གླིང་གི་བདག་པོ་སྟེ། རྣམ་ཐར་རྩོམ་པ་བོས་མ་ལོངས་པ་མ་གཏོགས་མི་ལ་རས་པར་འགྲན་བཟོད་པའི་རྣལ་འབྱོར་བ་ཆེན་པོ་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།