ཤན་པ་ཞིག་གིས་བཏབ་པའི་དགོན་པ་སྟེ་རྨེ་རུ་གསར་རྙིང་།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-14 08:24:00 ཀློག་གྲངས།:

ཤན་པ་ཞིག་གིས་བཏབ་པའི་དགོན་པ།
       _རྨེ་རུ་གསར་རྙིང་།

      ལྷ་ས་ན་རྨེ་རུ་གསར་རྙིང་ཞེས་པའི་དགོན་པ་གཉིས་ཡོད་དེ་དེ་གཉིས་ནི་སྔོན་དགོན་པ་གཅིག་ཡིན། རྨེ་རུ་རྙིང་བ་གཙུག་ལག་ཁང་གི་ཤར་སྒོ་སེ་ར་ལྟག་སྒོའི་འགྲམ་དུ་ཡོད་ཅིང་རྨེ་རུ་གསར་བ་རྒྱུད་སྨད་ཀྱི་ཤར་དུ་ཡོད། མི་མང་བོ་ཞིག་གིས་རྨེ་རུ་རྙིང་བ་འདི་ཧོར་ཤན་པ་རྨེ་རུ་རྩེས་བཞེངས་པ་ཡིན་ཟེར་ཀྱིན་འདུག་པས་ང་དགོད་བྲོ་བ་ཞིག་ཀྱང་བྱུང་།
      ངས་རྨེ་ཞེས་པའི་རུས་དེར་འབྲེལ་བ་ཡོད་པ་ཞིག་ཨེ་ཡིན་སྙམ་ནས་བསམ་གཞིག་ཅིག་གཏོང་གིན་ཡོད་དེ་གཅན་ཚ་ན་ལོ་བ་རྨེ་རུ་དང་། རྔ་བ་ན་རྨེ་རུ་མ། ད་དུང་རྒྱ་བོད་ཀྱི་ས་མཚམས་ཀྱི་གུང་གི་རྨེ་རུ་ཞེས་པར་ཐང་བོད་མཇལ་འདུམ་གྱི་རྡོ་རིང་བརྩངས་པ་ལོ་རྒྱུས་མང་བོར་གསལ།
      ད་ལྟ་རྨེ་རུ་རྙིང་བའི་སྒོ་ནང་དུ་འཛུལ་མ་ཐག་པའི་ཤོད་ཀྱི་ལྷ་ཁང་ཁ་ཤར་ལྟ་དེའི་ངོས་ཀྱི་ལྡེབས་རིས་སུ་ཤན་པ་རྨེ་རུ་རྩེ་ཞེས་མིང་འཁོད་པའི་མི་ཞིག་བྲིས་ཡོད་པས་ང་དགོད་བྲོ་བ་གླེན་དགོད་མིན་པའི་ངེས་པ་ག་ལ་ཡོད། ཡིན་ཡང་བོད་ཀྱི་ཤན་པ་ཞིག་ལ་འབྲེལ་ཡོད་ཀྱང་དེ་གེ་སར་སྒྲུང་ལས་བཤད་པའི་ཧོར་གྱི་ཤན་པ་རྨེ་རུ་རྩེ་ཡིན་ཟེར་ན་ངས་ད་དུང་གླེན་དགོད་བྱ་ངེས།
      བོད་ཀྱི་ལོ་རྒྱུས་ན་ཤན་པ་ལ་དམར་རེ་རྩེ་ཟེར་ཞིང་། ཤན་པ་དཀར་རེ་རྩེ་ཟེར་བ་ཞིག་དང་དམར་རེ་རྩེ་ཟེར་བ་ཞིག་སྟེ་གཉིས་བྱུང་མྱོང་བ་བཞིན། དམར་རེ་རྩེ་ཞེས་པ་ཁྲག་གིས་དམར་ཙ་རེར་ཡོད་པའི་ཆ་ནས་བཏགས་པར་བསམ། དེ་བས་དམར་རེ་རྩེའམ་རྨེ་རུ་རྩེ་ནི་ཤན་པའི་མིང་ཡིན་པ་ལས་ཧོར་གྱི་ཤན་པ་རྨེ་རུ་རྩེ་བའི་དོན་དུ་གཏན་ནས་མི་འགྲོ་བ་ཡང་བོད་པ་དག་གིས་ངེས་པར་ཤེས་དགོས་པ་ཞིག་རེད།
      ལོ་རྒྱུས་ཡིག་ཚང་ན་དགོན་པ་འདི་ནི་དུས་རབས་དགུ་བའི་ནང་བོད་ཀྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་བ་ཅན་གྱིས་ལྷ་སའི་ཕྱོགས་བཞིར་དགེ་འདུན་གྱི་སྡེ་རེ་བཙུགས་པའི་ཡ་གྱལ་ཡིན། རྗེས་སུ་རྨེ་རུ་དགོན་པ་དེ་རྒྱ་བསྐྱེད་ཀྱིས་ལྷ་སའི་བྱང་ངོས་སུ་སྤོས། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐབས་དགེ་ལུགས་པའི་གྲོང་ཆོག་པར་གྱུར།
      དུས་རབས་བཅོ་བརྒྱད་པའི་ནང་རྒྱལ་བོ་ལྷ་བཟང་ཁང་གིས་རྨེ་རུ་དགོན་པ་གསར་རྒྱག་དང་རྒྱ་བསྐྱེད་དུ་བཏང་ཞིང་། 1959ལོར་དགེ་འདུན་ཞལ་གྲངས150ཡོད་སྐད། སྤྱིར་ན་བོད་ཀྱི་དགོན་པ་ལ་གཞུང་གི་དགོན་པ་དང་དེ་མ་ཡིན་པའི་དགོན་པ་གཉིས་ཡོད་པས་དགོན་པ་འདིའི་དགོན་བདག་ཡིག་ཚགས་ལས་ཁུངས་ནས་བྱེད་པ་ཞིག་གོ །
      བདག་རྨེ་རུ་དགོན་པ་ལ་འགྲོ་འདོད་པ་ནི་དེ་ནི་ཤན་པ་ཞིག་གིས་བཞེངས་པས་མཚར་བྱུང་བ་མ་ཡིན་པར་གནས་འདི་ནི་སློབ་དཔོན་ཐོན་མིས་སྔོན་ཆད་སློབ་གྲྭ་བཙུགས་པའི་ས་ཡིན་པ་དེ་རེད། དེ་ནི་བདག་གིས་ལྷ་སའི་གནའ་བོའི་ངག་རྒྱུན་ཞིག་ལས་རྙེད་པ་སྟེ། ད་ལྟ་སུ་དང་གང་གིས་ཀྱང་མི་ཤེས། བཤད་ཚུལ་ལྟར་ན་རྨེ་རུ་རྙིང་བ་འདིར་དགོན་པ་མ་བཏབ་པའི་སྔ་རོལ་ཏུ་སློབ་དཔོན་ཐོན་མིའི་རྡོ་སྐུ་ཞིག་ཡོད་ཅིང་། དེ་ནི་ཐོན་མིའི་འདིར་སློབ་གྲྭ་བཙུགས་པའི་རྗེས་དྲན་དུ་བཞེངས་པ་ཡིན་སྐད།
      འོན་ཀྱང་། ད་ལྟ་འདི་ན་སྔོན་ཐོན་མིས་སློབ་གྲྭ་བཙུགས་པའི་རྟགས་ཤིག་ཀྱང་མེད་ལ། ཤན་པ་ཞིག་གིས་བཞེངས་པའི་མཚན་མ་གང་ཡང་མེད་མོད། ངས་བསམ་པར་གནས་འདིར་ཐོན་མིས་གཏོར་བའི་འོད་ཀྱི་ས་བོན་ཁྱབ་འདུག་ལ་ཤན་པས་འཕྱོ་བའི་འགྱོད་བཤགས་ཀྱི་རི་མོས་ཀྱང་གང་འདུག་སྙམ་བྱུང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།