རྒྱལ་རབས་ཤིག་བསྐྱངས་པའི་བོད་ཀྱི་དགོན་པ།
རྩོམ་པ་པོ།:རྒྱ་གྲོལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-20 10:34:00
ཀློག་གྲངས།:
རྒྱལ་རབས་ཤིག་བསྐྱངས་པའི་བོད་ཀྱི་དགོན་པ།
__དཔལ་ལྡན་འབྲས་སྤུངས་དགོན།
དེ་ཡང་རྗེ་དེས་ཐོག་མར་བྲག་ཐོག་ཁང་ཟེར་བར་ཟབ་མོ་ཆོས་ཀྱི་འཁོར་ལོ་བསྐོར་ནས་བཞུགས། དེ་རྗེས་སྣེའུ་རྫོང་དཔོན་ནམ་མཁའ་བཟང་བོས་སྦྱིན་བདག་ཞུས་ཏེ་ཚོགས་ཆེན་འདུ་ཁང་ཀ་བ་བརྒྱ་དང་བརྒྱད་ཡོད་པ་དང་། ཐོག་ཁར་བྱམས་ཁང་། གནས་བཅུ་ལྷ་ཁང་། སྔགས་པ་གྲྭ་ཚང་བཅས་པ་བཞེངས། དེ་ནས་རིམ་བཞིན་རྒྱ་བསྐྱེད་ཀྱིས་ཐོག་མར་གྲྭ་ཚང་བདུན་ཡོད་པ་ནི། བློ་གསལ་གླིང་། སྒོ་མང་། བདེ་ཡངས། ཤག་སྐོམ་རྒྱལ་བོའམ་ཐོས་བསམ་གླིང་། འདུལ་བ། སྔགས་པ་གྲྭ་ཚང་བཅས་དང་། ད་དུང་ས་གནས་མི་འདྲ་བ་ནས་ཡོང་བའི་དགེ་འདུན་ཆེས་མང་བས་སློབ་གཉེར་སོགས་བྱེད་སྐབས་སྟབས་བདེ་མེད་པས་ཁང་ཚན་ཉི་ཤུ་རྩ་དྲུག་ཆགས་པ་དང་། སྒོ་མང་གྲྭ་ཚང་ཁོ་ནར་ཁང་ཚན་བཅུ་དྲུག་ཆགས་ཡོད།
རྗེ་ཙོང་ཁ་བ་ཆེན་པོའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲིས་དཔལ་ལྡན་མཆོག་ནི་བོད་རབ་བྱུང་དྲུག་པའི་ས་ལུག་སྤྱི་ལོ1379ལོར་ལྷོ་ཁ་བསམ་ཡས་སུ་སྐུ་འཁྲུངས། ལྷོ་ཁ་རྩེད་ཐང་དུ་རབ་ཏུ་བྱུང་། བླ་མ་སྐྱེས་ཆེན་དམ་པ་གཉལ་རྒོད་རིན་ཆེན་བསམ་གྲུབ་དང་། ལྡན་མང་དཀོན་མཆོག་སེང་གེ མཁན་ཆེན་དཀའ་བཞི་བ། ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོ་སོགས་ནས་མདོ་སྔགས་གཞུང་ལུགས་ཀྱི་ཟབ་ཆོས་དུ་མ་གསན། གཞུང་ལུགས་ཀྱི་པུ་ཏི་ཆེན་མོ་བརྒྱ་དང་སུམ་ཅུ་ལ་བཤད་པ་མཛད། མཁས་གྲུབ་ཀྱི་སློབ་མ་སྐད་གྲགས་ཆེ་བ་མུས་སྲས་པ་བློ་གྲོས་རིན་ཆེན་སེང་གེ་དང་། ཉན་པོ་ཤཱཀྱ་རྒྱལ་མཚན། མཁན་ཆེན་དཔལ་བློ་བ་སོགས་མང་བོ་འདུས།
དགུང་གྲངས་སོ་བརྒྱད་ནས་བདུན་ཅུ་བར་ལོ་སོ་གཉིས་བར་དཔལ་ལྡན་འབྲས་སྤུངས་དགོན་དུ་མདོ་སྔགས་ཀྱི་ཆོས་གསུང་བཞིན་བཞུགས་ཤིང་། རྗེ་ཙོང་ཁ་བ་ཆེན་པོའི་གསང་བའི་རྣམ་ཐར་གསོལ་འདེབས་དང་། ཤེར་ཕྱིན་གྱི་དོན་ལས་དང་བོ་བས་ཉམས་སུ་ལེན་བདེ་བ་སོགས་ལྗགས་རྩོམ་མང་བོ་མཛད། མཐར་སྙན་པའི་གྲགས་པ་ས་གསུམ་ཀུན་ཏུ་ཁྱབ། 1449ལོའི་ས་ག་ཟླ་བའི་ཚེས18ཉིན་སྐུ་གཤེགས།
འབྲས་སྤུངས་དགོན་པའི་ནང་རྟེན་གཙོ་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་བོ་མ་དྲོས་པས་ཕུལ་བའི་དུང་དཀར་གཡས་འཁྱིལ་ཡིན་ཞིང་། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མོའུ་འགལ་གྱི་བུ་ལ་གནང་སྟེ་ཁྱོད་ཀྱིས་འགོག་རིར་གཏེར་དུ་སྦོས་ཤིག མ་འོངས་པ་ན་དགེ་སློང་པད་མའི་ངད་ལྡན་དེ་ཡི་ཚོགས་དུང་བྱེད་དོ་ཞེས་ལོ་རྒྱུས་ཐོག་འཁོད་ཡོད། རྒྱལ་བ་ཆེན་པོ་ཙོང་ཁ་བས་དགའ་ལྡན་འགོག་པ་རི་ནས་གཏེར་ནས་བཞེས་ཏེ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ལ་གནང་བ་དེ་ཁྱོད་ཀྱིས་ཚོགས་དུང་བྱེད། དགོན་མ་ལས་བུ་དགའ་བ་འོངས་ངེས་ཡོད་གསུངས། ཚོགས་དུང་གཏེར་ནས་བཞེས་པའི་ཤུལ་ད་དུང་མཇལ་རྒྱུ་ཡོད།
དགོན་ཐོག་མར་ཕྱག་འདེབས་གནང་མཁན་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་ཉིད་ཀྱི་སྒྲུབ་ཁང་རང་ཤོང་དུ་རྗེ་བཙུན་འཇམ་དབྱངས་རང་བྱོན་དང་། གཙང་ཁང་དབུས་མའི་ནང་དུ་སྣེའུ་རྫོང་གིས་སྦྱིན་བདག་མཛད་ནས་བཞེངས་པའི་དུས་གསུམ་སངས་རྒྱས་ཀྱི་ནང་རྟེན་ལ་སངས་རྒྱས་ཀྱི་རིང་བསྲེལ་རྟ་མགོ་མར་གྲགས་པ་བདུན་དང་སངས་རྒྱས་གསེར་ཐུབ་ཀྱི་ཚེམས། རྒྱལ་བ་ཙོང་ཁ་བ་ཆེན་པོའི་ཚེམས། ལྷོ་བྲག་ཕྱག་རྡོར་གྱི་དབུ་ལོ་སོགས་ངོ་མཚར་ཅན་མང་དག་བཞུགས་པའི་སྐུ་བྱིན་ཅན་སོགས་བྱིན་ཅན་དུ་མ་དང་། དངུལ་གདུང་ལྷ་ཁང་དང་། གནས་བཅུ་ལྷ་ཁང་། བཀའ་འགྱུར་ལྷ་ཁང་། བསྐལ་བཟང་ལྷ་ཁང་སྔགས་ཁང་སོགས་སུ་སྐུ་གསུང་ཐུགས་རྟེན་བགྲང་ལས་འདས་པ་ཡོད། ཆོས་སྡེ་ཆེན་པོ་དེར་དགེ་འདུན་བདུན་སྟོང་བདུན་བརྒྱའི་ཚད་གཞི་ཡིན་ཡང1959ལོར་དགེ་འདུན་ཆིག་ཁྲི་ལྷག་ཙམ་ཡོད།
དགའ་ལྡན་ཕོ་བྲང་ཡང་འདི་ནས་ཚུགས་ཏེ་རྒྱལ་བ་དགེ་འདུན་རྒྱ་མཚོར་འབྲས་སྤུངས་ཀྱི་སྣེ་གདོང་བའི་འཚེར་ཤག་རྡོ་ཁང་སྔོན་མོ་ཕུལ་རྗེས་དེའི་མིང་ལ་དགའ་ལྡན་ཕོ་བྲང་ཞེས་བཏགས། རྒྱལ་དབང་ལྔ་བས་བོད་ཆོལ་ཁ་གསུམ་དབང་བསྒྱུར་རྗེས་དེ་སྲིད་གཞུང་གི་མིང་དུ་བསྒྱུར།
བོད་ཟླ་བདུན་པའི་ནང་འབྲས་སྤུངས་ཀླུ་འབུམ་ཞེས་འབྲས་སྤུངས་ཚོགས་ཆེན་འདུ་ཁང་ནུབ་ཏུ་ཀླུ་འབུམ་ཁང་ཞེས་དུས་རྒྱུན་དུ་མཇལ་ཁ་གཏོང་གི་མེད་པས། དེ་ཉིན་ལྷ་ཁང་ཚང་མར་མཇལ་ཁ་གཏོང་སྲོལ་ཡོད། ཡང་འབྲས་སྤུངས་ཞོ་སྟོན་ཞེས་སྐད་གྲགས་ཤིན་ཏུ་ཆེ་བ་ཡོད་པ་ནི་བོད་ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན་བོད་ཀྱི་ས་གནས་སོ་སོའི་ལྷ་མོའི་ཟློས་གར་འཕྱོངས་རྒྱས་སྤུན་བདུན་པ་དང་། ཡར་ལུང་བཀྲ་ཤིས་ཞོལ་བ། སྙེ་མོ་བྱ་སྒོ་བ། ཐོན་པ་བ། སྣང་རྩེ་བ། རིན་སྤུངས། རྒྱལ་མཁར་ཆོས་རྫོང་བ། རྣམ་གླིང་ཤངས་གྲལ་བཀྲ་ཤིས་རྩེ་བ། ལྷ་སའི་སྐྱོར་མོ་ལུང་བ། ཆུ་ཤུར་གྱི་ཤེལ་གྲོང་འབྲོང་རྩེད་སོགས་འཛོམས་ནས་འབྲས་སྤུངས་དགའ་ལྡན་ཕོ་བྲང་ལ་གཟིགས་ཕུད་ཕུལ། ཚེས་སུམ་ཅུ་ཉིན་གྱི་སྔ་དྲོ་ནམ་གསལ་ཙམ་ལ་འབྲས་སྤུངས་དགོན་པའི་རི་ལྡེབས་སུ་ཇོ་བོ་ཤཱཀྱ་ཐུབ་པ་གཙོ་འཁོར་གྱི་གོས་སྐུ་བཀྲམ་པའི་སྐུ་མདུན་མཆོད་འབུལ་དང་། བསངས་གསོལ། དུང་རྒྱ་གླིང་དང་ལྷ་མོའི་གཟིགས་ཕུད་ཕུལ་བ་སོགས་བྱེད་ཅིང་། ཞིང་འབྲོག་མང་ཚོགས་དང་ལྷ་ས་བ་སོགས་ལྟད་མོ་བ་ཤིན་ཏུ་མང་བོས་གཟབ་འཕྱོར་གང་ལེགས་ཀྱིས་གོས་སྐུ་མཇལ་བ་དང་ལྟད་མོ་ཤིན་ཏུ་ཆེ།
ཉིན་འདིར་འབྲས་སྤུངས་ལ་འགྲོ་བ་ནི་ཤིན་ཏུ་དཀའ་སྟེ། སྤྱི་སྤྱོད་རླངས་འཁོར་ནང་དུ་མིས་འཚང་ཁ་ཤིན་ཏུ་ཆེ་ཞིང་འགྲོ་བར་སྟབས་བདེ་མིན་པས་བདག་སླར་ཡང་པོ་ཏ་ལར་མཇལ་དུ་སོང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།