རྒྱུད་སྡེ་དགོན་པའི་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།:བློ་བཟང་ཐུབ་བསྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-27 09:24:00 ཀློག་གྲངས།:

  མདོ་ཁམས་བཀའ་བརྒྱུད་ཀྱི་གདན་ས་ཆེན་མོ་རྒྱུད་སྡེ་དགོན་ངེས་གསང་སྒྲུབ་བརྒྱུད་དགེ་འཕེལ་གླིང་ནི་ད་ལྟའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་མཁར་ནས་སྤྱི་ལེ༥༨བརྒལ་བའི་ས་ཡི་ཆར་མགོ་ལོག་སྨར་གྱི་ལུང་པའི་སྨར་ཆུའི་བཞུར་རྒྱུན་གཡས་རོལ་གྱི་རྒྱབ་རི་རི་བོ་ཁྱུང་ཆེན་མཁའ་ནས་འབབ་པ་ལྟ་བུའི་དབུས་སུ་ཕྱོགས་ཀུན་ཏུ་རྐང་ཐུང་དང་ཆུ་སྐྱེས་སོགས་མངོན་པར་བཞད་ཅིང་ཉམས་དགའ་བའི་ནགས་ཁྲོད་དུ་ཆགས་ཡོད་པ་ཡིན་ལ། དགོན་གནས་འདིའི་སའི་ཆགས་དབྱིབས་ཀྱང་ས་ཡི་ཀ་བ་བཞི་དང་སྲུང་བ་བཞི་སོགས་སྒྲུབ་གནས་ཀྱི་ས་དཔྱད་ཕུན་སུམ་ཚོགས་པ་དེ་ཡང་རྒྱ་གར་དང་རྒྱ་ནག་ལི་བལ་བོད་སོགས་ཀྱི་ས་ཡི་དཔྱད་ལེགས་དགུ་འཛོམས་པ་ཡིན་ལ་ས་འབབས་ཀྱི་མཐོ་ཚད་ཀྱང་ཆ་སྙོམས་ཀྱི་རྒྱ་མཚོའི་ངོས་ལས་རྨིད༣༣༥༠ཡིན་ཅིང་།ས་ཡི་རྒྱ་ཁྱོན་ཀྱང་རྨིད་གྲུ་བཞི་མ༡༥༠༠ལྷག་ཡོད་ཅིང་།དགོན་པ་འདི་ནི་ཡུལ་མགོ་ལོག་ཏུ་ཡོད་པའི་ནང་པའི་དགོན་པ་རྙིང་ཤོས་དེ་ཡིན་ཅིང་ལོ་རྒྱུས་ཀྱི་ཆ་ནས་ཀྱང་ད་སྔ་ཡན་ཆད་ལ་ལོ་ངོ༦༧༩ལྷག་གི་ལོ་རྒྱུས་ཡོད་པ་ཡིན་ཏེ།    སྔོན་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་གསུམ་པ་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་ལུང་བསྟན་པ་བཞིན་བོད་མདོ་ཁམས་ཤར་ཕྱོགས་སུ་ཕེབས་ན་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་བར་གསུང་པ་བཞིན་ཁོང་ཉིད་དགུང་ལོ༥༢བཞེས་པ་བོད་རབ་བྱུང་དྲུག་པའི་བགྲང་བྱ་བཅུ་པ་སྟེ་ཤིང་མོ་ཕག་ཏུ་འབོད་པ་སྤྱི་ལོ༡༣༣༥ལོར་མགོ་ལོག་གི་ཡུལ་འདིར་བྱ་བཏང་རྣལ་འབྱོར་བའི་ཚུལ་གྱིས་བྱོན་ནས་ཉམས་དགའ་བའི་ནགས་ཀྱི་བྱ་སྐྱིབས་སུ་ད་ལྟའི་དགོན་གནས་ཀྱི་ས་ཆ་འདི་ལ་སྒྲུབ་ཁང་བཙུགས་དེ། གནས་ཡུལ་འདི་དཔལ་འཁོར་ལོ་སྡོམ་པའི་གནས་མཆོག་དུ་ཁོང་གི་ཉམས་སྣང་ལ་ཤར་བ་བཞིན་དཔལ་བདེ་བ་མཆོག་གི་གནས་སུ་བྱིན་གྱིས་བརླབས་ནས་གནས་སྒོ་གསར་ཏུ་བྱས་པ་སོགས་དགོན་འདིའི་ཆེས་ཐོག་མའི་རྨིང་གཞི་བཏང་པར་མཛད་ལ།  དེ་ནས་བཟུང་དགོན་གནས་ཀྱི་རྣམ་པ་རིམ་བཞིན་ཆགས་ཏེ། རྒྱལ་བའི་དབང་པོ་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོ་སོགས་ཀྱི་ཞབས་ཀྱིས་བཅགས་ནས་བསྐྱང་པར་མཛད་ལ། དུས་ཕྱིས་འབྲི་ལྷ་རྒྱལ་འབུམ་གྱི་གདུང་རྒྱུད་མགོ་ལོག་འབུམ་པ་ཁག་གསུམ་གྱི་མི་ཡི་རྗེ་བོ་ཨ་འབུམ་གྱིས་ཕྱི་ཡི་མཐུན་རྐྱེན་ལེགས་པར་སྒྲུབ་ནས་རྒྱལ་དབང་ཀརྨ་པ་ཞྭ་ནག་སྐུ་འཕྲེང་བརྒྱད་པ་མི་བསྐྱོད་རྡོ་རྗེ་ཡུལ་མགོ་ལོག་ཏུ་ཆིབས་བསྒྱུར་མཛད་དེ་མགོ་ལོག་དཔོན་པོ་དང་མཆོད་ཡོན་ཀྱི་འབྲེལ་བ་ཆགས་པ་ནས་བཟུང་བཀའ་བརྒྱུད་པ་དང་འབྲེལ་བ་དམ་ཟབ་ཐོག་རྗེ་བརྒྱད་པ་དགུང་གྲངས་བཅུ་བཞི་བཞེས་པའི་སྐབས་ཤིག་ཏེ་བོད་རབ་བྱུང་དགུ་བའི་ལྕགས་ཕོ་འབྲུག་སྟེ་སྤྱི་ལོ༡༥༢༠ལོར་དགོན་པ་འདི་ལ་ཞིག་གསོ་བྱས་ནས་རྒྱ་ཆེར་བསྐྱེད་དེ་བཤད་སྒྲུབ་གཉིས་དང་ལྡན་པའི་དགོན་གནས་ཤིག་ཏུ་བསྒྱུར་དགོན་པ་འདི་ནི་དེང་དུས་སུ་ཡུལ་མགོ་ལོག་ཏུ་ཡོད་པའི་འགྲོ་མགོན་བཀའ་བརྒྱུད་པའི་དགོན་པ་གཅིག་པུ་དེ་ཡིན་ལ།  སྔོན་གྱི་དུས་སུ་མགོ་ལོག་གི་ཡུལ་གྲུ་མ་ལུས་པ་ཀར་སྡེ་ཡིན་པའང་ལོ་རྒྱུས་ཁོང་བཙུན་དག་དུ་གསལ་ལ། དུས་ཕྱིས་སྡེ་སྲིད་གཙང་པའི་སྲིད་དབང་ལ་གོད་ཆགས་བྱུང་པ་ནས་བཟུང་དགོན་པ་འདི་ལ་སོག་པོའི་དམག་དཔུང་གིས་འཚེ་བ་བྱས་རྐྱེན་ཉམས་ཉེས་ཆེན་པོ་བྱུང་ནས་ཉམས་རྒུད་དུ་གྱུར། དེ་ནས་ཅུང་མ་འགོར་བའི་བོད་རབ་བྱུང་བཅུ་བའི་ཤིང་ཕོ་འབྲུག་སྟེ་སྤྱི་ལོ༡༦༠༤ལོར་མགོ་ལོག་སྨར་གྱི་ཆུ་བོའི་ཉེ་འགྲམ་ཀི་ཟི་ཐང་དུ་གདུང་རུས་སྦི་ཚ་ཡབ་ཆེན་ཁྱི་གུ་ཐར་ལ་རྒྱལ་དབང་ཀརྨ་པ་བཅུ་པ་ཆེན་པོ་ཆོས་དབྱིངས་རྡོ་རྗེ་འཕྲིན་ལས་མངོན་པར་མཐོ་གང་ཉིད་སྐུ་འཁྲུངས་པ་ནས་བཟུང་།   ཁོང་དང་དཔོན་ནག་ཐར་སོགས་ཀྱིས་ཡང་བསྐྱར་དགོན་པ་འདི་སླར་གསོ་སོགས་མཛད་དེ་དགོན་པ་འདིའི་ལོ་རྒྱུས་སྟེང་གི་བསྐྱར་གསོ་ཐེངས་གསུམ་པ་མཛད་པ་ཡིན་ནོ།   དེ་ནས་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ལུག་གི་ལོ་སྟེ་སྤྱི་ལོ་༡༦༣༡ལོ་ལ་རྒྱལ་བ་ཀར་ཀྱི་དབང་པོ་ཞྭ་དམར་སྐུ་འཕྲེང་བདུན་པ་ཞི་བ་སྒྲ་དབྱངས་ཀྱི་རྒྱལ་པོ་སྨར་གྱི་ཆུ་བོ་རང་བྱུང་ཨ་ཡིག་གི་རྣམ་པར་འཁྱིལ་བའི་དབུས་ཀྱི་ཉེ་འགྲམ་དེང་དུས་ཀྱི་ཨ་དབུས་གྲོང་ཚོ་རུ་ཡབ་ཆེན་ཚེ་རྒྱལ་འབུམ་དང་མ་ཡུམ་དོམ་ཟ་ལུ་གུ་སྒྲོལ་མ་གཉིས་ལ་སྐུ་འཁྲུངས་ཏེ་ཆེར་མ་འགྱང་པའི་དུས་སུ་རྒྱལ་མཆོག་བཅུ་བ་ཆེན་པོའི་གནས་དེར་རྗེ་དྲུག་པའི་ཡང་སྲིད་འཁྲུང་ཡོད་པར་ཐུགས་ཀྱིས་དགོངས་ནས་ཁོང་ཉིད་གཅིག་པུ་ཆེན་པོ་འཇང་གི་ཡུལ་ནས་བྱང་མགོ་ལོག་ཏུ་ཕེབས་གནང་མཛད་དེ་མཐར་ཐོར་ཞིག་ཏུ་འགྲོ་བཞིན་པའི་དགོན་པ་འདིར་བཞུགས་ཏེ་ཁོང་ཡབ་སྲས་གཉིས་ཀྱི་གསེར་ཞལ་ལྷན་འཛོམས་ཀྱི་སྐལ་བ་བཟང་པོ་རྫོགས་ལྡན་གྱི་ཕུན་སུམ་ཚོགས་པའི་དུས་ཁྱད་པར་པ་བོད་རབ་བྱུང་བཅུ་གཅིག་པའི་ལྕགས་མོ་ཡོས་སྟེ་སྤྱི་ལོ༡༦༥༡ལོར་དགོན་གནས་འདི་ཁོང་ཡབ་སྲས་གཉིས་ཀྱི་མི་རྗེ་ནག་ཐར་གྱི་བཀའ་ལྟར་ཡབ་ཆེན་ཚེ་རྒྱལ་འབུམ་གྱིས་ཕྱི་ཡི་མཐུན་རྐྱེན་དང་རྒྱབ་སྐྱོར་འོག་ཞྭ་དམར་བདུན་པ་བྱང་བདེ་ཆེན་ཡངས་པ་ཅན་ཏུ་ཁྲིར་འགོད་མངའ་གསོལ་གྱི་བླུ་ཁ་གཏད་པའི་ཡོན་དང་ཁོང་གི་ཕ་ཡུལ་ལ་བསོད་རྣམས་བསགས་པའི་རྟེན་ཏུ་ཁོང་ཡབ་སྲས་གཉིས་ཀྱིས་སྐུ་གསུང་ཐུགས་རྟེན་མང་པོ་དག་ཀྱང་རྗེ་བཅུ་བའི་ཕྱག་བཟོས་མཛད་ནས་ལོ་མཇུག་དེར་ཁོང་ཡབ་སྲས་དག་གིས་རྟེན་གསུམ་རབ་ཏུ་གནས་པའི་ཤིས་པའི་མེ་ཏོག་འཐོར་བར་མཛད་དོ།  
  དེ་ནས་བོད་རབ་བྱུང་བཅུ་གཅིག་པའི་མེ་ཕོ་འབྲུག་སྟེ་སྤྱི་ལོ༡༦༧༦ལོར་མགོ་ལོག་སྨར་ཆུའི་བཞུར་རྒྱུན་གྱི་གུ་མདའ་རུ་གཡུང་ཁོ་ཚང་གི་ཁྱིམ་གཞིས་སྔོན་མ་ཞིག་ལ་རྗེ་ཀརྨ་པ་སྐུ་འཕྲེང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ་སྐུ་ཁྲུང་ནས་ཁོང་གིས་ལེགས་པར་བསྐྱང་བར་མཛད་དོ། དེ་ནས་རྗེ་བཅུ་གཉིས་པ་བྱང་ཆུབ་རྡོ་རྗེའི་སྐུ་དུས་སུ་འགྲོ་མགོན་བཀའ་བརྒྱུད་པའི་སྙིང་པོ་དོན་བརྒྱུད་ཀྱི་བསྟན་པ་དེ་ཉིད་ཁོང་གི་བཀའ་འབང་པ་རྒྱ་བོད་ཧོར་གསུམ་ལ་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་བྱམས་མགོན་དངོས་སྣང་བཀྭན་ཏིང་ཏྰ་ཡི་སི་ཏུ་སྐུ་འཕྲེང་བརྒྱད་པ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ལ་བོད་མདོ་དབུས་ཁམས་གསུམ་གྱི་ཀར་དགོན་ཐམས་ཅད་ཁོང་ལ་གཏད་དེ་ཁོང་ཡང་རྗེ་བཅུ་གཉིས་པའི་བཀའ་ལྟར་ཡུལ་མགོ་ལོག་ཏུ་ཕེབས་གནང་མཛད་ནས་དགོན་འདིར་ཡུན་རིང་པོར་བཞུགས་དེ་གདན་ས་འདིའི་བཤད་སྒྲུབ་ལས་གསུམ་གང་གི་ཆ་ནས་ཀྱང་ཉམས་ཞིབ་དང་བསྐྱར་གསོ་སོགས་བསྟན་པ་ལ་བྱ་ལ་རྒྱ་ཆེར་བརྒྱིས་པ་ཡིན་དེ།  དེ་ཡང་རང་ལུགས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་ཐུན་མོང་མ་ཡིན་པའི་མཚུར་ལུགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་དབང་ལུང་ཁྲིད་སོགས་ཀྱི་མན་ངག་དུ་མ་དང་བྱང་བདེ་ཆེན་ཡངས་པ་ཅན་གྱི་དཀྱིལ་འཁོར་ཞེ་གཉིས་སོགས་ཀྱི་སྒྲུབ་མཆོད་ཁ་ཤས་ཤིག་གསར་འཛུགས་དང་འཆད་ཉན་གྱི་སྲོལ་སོགས་བསྟན་པ་ལ་ཕན་པའི་མཛད་པ་དུ་མ་དང་ཆབས་གཅིག་ཏུ་མཚུར་ལུགས་ཐུན་མོང་མ་ཡིན་པའི་འབུད་རྡུང་དཀྲོལ་གསུམ་དང་གར་ཐིག་དབྱངས་གསུམ་སོགས་རྒྱུད་སྡེའི་ཆ་ལག་དུ་མ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་རྣམས་བྱས་པ་ཡིན་ལ་དེར་མ་ཟད་ལོ་དེར་དཔལ་ལུགས་ཐུན་མིན་གྱི་མར་ལུགས་རྒྱུད་སྡེ་ཁ་ཤས་ཀྱི་དུས་མཆོད་རྒྱུན་བཞག་སོགས་བྱས་དེ་རིམ་བཞིན་རྒྱལ་བ་ཡབ་སྲས་དང་ཁོང་གི་སྐུ་ཚབ་དང་གསུང་ཚབ་དུ་བླ་བསྐོས་དག་རིམ་བཞིན་ལོ་ངོ་གསུམ་རེ་ལ།  ཐོག་མར་སྤྱི་ལོ༡༩༢༤ལོ་ནས་ལོ་ངོ་གསུམ་ལ་བླ་སྐོས་ཐོག་མ་བླ་མ་ཀརྨ་འབོ་བ་དང་།         སྤྱི་ལོ༡༩༢༧ལོ་ནས་ལོ་ངོ་གསུམ་ལ་བླ་མ་ཀརྨ་མགོན་ལྷ།     སྤྱི་ལོ༡༩༣༠ལོ་ནས་ལོ་ངོ་གསུམ་ལ་བླ་མ་ཀརྨ་ཚེ་རིང་།         (བྱ་བླ་མ)སྤྱི་ལོ༡༩༣༣ལོ་ནས་ལོ་ངོ་གསུམ་ལ་བླ་མ་ཀརྨ་བསོད་ནམས་ཚེ་རིང་། སྤྱི་ལོ༡༩༣༦ལོ་ནས་ལོ་ངོ་གསུམ་ལ་བླ་མ་ཀརྨ་ཚེ་རིང་།      (ཁྲོ་ཆུ་བླ་མ)སྤྱི་ལོ༡༩༣༩ལོ་ནས་ལོ་ངོ་གསུམ་ལ་བླ་མ་ཀརྨ་གཙོ་ཁང་རྡོ་རྗེ། སྤྱི་ལོ༡༩༤༢ལོ་ནས་ལོ་ངོ་གསུམ་ལ་བླ་མ་ཀརྨ་གསལ་བ།སྤྱི་ལོ༡༩༤༥ལོ་ནས་བཟུང་ལོ་ངོ་གསུམ་ལ་བླ་མ་ཀརྨ་རྩེ་ནྱེ་དང་།སྤྱི་ལོ༡༩༤༨ལོ་ནས་ངོ་ལོ་གསུམ་ལ་བླ་སྐོས་བླ་མ་ཀརྨ་དྲེལ་ཁང་།སྤྱི་ལོ༡༩༥༡ལོ་ནས་བཟུང་ལོ་ངོ་དྲུག་ལ་བླ་སྐོས་བླ་མ་ཀརྨ་དམ་ཆོས། སྤྱི་ལོ༡༩༥༦ལོ་ནས་བཟུང་བླ་སྐོས་བླ་མ་ཀརྨ་མི་ཕམ་ཏེ་དཔལ་སྤུང་སྒྲུབ་བླ་ཚད་དང་ལྡན་པ་ཀུན་མཁྱེན་ཀརྨ་སི་ཏུའི་རྒྱལ་ཚབ་ཏུ་རིམ་པ་བཞིན་བླ་རབས་བཅུ་གཅིག་དགོན་འདིའི་རྡོ་རྗེ་སློབ་དཔོན་དུ་མངག་པའི་སྲོལ་བཏོད་ནས་ཁོང་རྣམ་པའི་དགོན་པ་འདིའི་འཁོར་ལོ་གསུམ་གྱི་མཛད་པ་བཟང་པོ་སོགས་ཨ་སྐྱོང་འཕྲང་གཉིས་པར་ནས་བཟུང་ཏེ་སྨར་རོང་སྙུགས་མདའ་ཚུན་ཆད་ཀྱི་ཡུལ་ཤོག་དང་མི་སྡེ་མཐའ་དག་དགོན་པ་འདིའི་ནང་གི་ལྷ་སྡེར་བསྡུས་པར་སོགས་ཞིབ་པར་ཁོ་བོས་བྲིས་པའི་དགོན་འདིའི་ལོ་རྒྱུས་རྒྱས་པར་བལྟའོ།   དེ་ནས་དུས་ཕྱིས་ལོ་བཅུའི་རིག་གསར་གོད་ཆགས་གི་སྐབས་སུ་དགོན་པ་འདི་ལ་ཡང་གོད་ཆགས་དང་ཉམས་ཉེས་ཤོར།  དེ་ནས་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་ཡོས་དེ་སྤྱི་ལོ༡༩༨༢ལོར་དགོན་པ་འདི་ལ་ཆོས་སྒོ་བྱས་དེ་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཆོག་ཆན་ཐོབ་ཏེ་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་བྱེད་པའི་དགོན་པར་འདེམས་ཐོན་བྱུང་། སྤྱི་ལོ༢༠༡༡ལོ་ནས་རྒྱལ་ཁབ་རིམ་པའི་ཡུལ་བསྐོར་སྤྲོ་འཆམ་དང་ལྗོངས་རྒྱུའི་ལྟེ་གནས་སུ་གཏན་འབེབས་གནང་།   དེང་དུས་སུ་དགོན་པ་འདི་ལ་བཤད་གྲྭ་དང་སྒྲུབ་གྲྭ་སོགས་སུ་དངོས་བཞུགས་གྲྭ་བ་དྲུག་ཅུ་ལྷག་ཡོད་ལ་དགོན་འདིའི་ལས་འཛིན་དང་གདན་སའི་སྤྲུལ་སྐུ་དག་ནི་སྤྲུལ་པའི་སྐུ་མཆོག་ཀརྨ་རྒྱུད་སྡེ་ལགས་དང་།  སྤྲུལ་སྐུ་ཀརྨ་རིག་མཆོག  གཞན་ཡང་སྤྲུལ་ཀརྨ་བསྟན་དར།  སྤྲུལ་ངག་དབང་རྡོ་རྗེ་དང་། གདན་སའི་མཁན་རབས་དག་ཀྱང་།  མཁན་ཀརྨ་ཚུལ་ཁྲིམས་སམ(མཁན་པོ་རྣམ་སྲས།) མཁན་པོ་ཀརྨ་བསྟན་དར།  མཁན་པོ་ཀརྨ་ཕུན་ཚོགས་སོགས་ཀྱིས་དེང་དུས་སུ་སྤྱིར་དགོན་པ་འདིའི་བསླབ་པ་སློབ་གཉེར།  ཐོས་བསམ་སྒོམ་གསུམ་འཆད་རྩོད་རྩོད་གསུམ་སོགས་དགོན་པའི་མ་འོང་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་སློབ་གསོ་ཡི་ཁ་ཕྱོགས་སོགས་ཕྱོགས་གང་ཅིའི་ཐད་ནས་སྡེ་སྣོད་གསུམ་གྱི་དགོངས་པ་དང་མཐུན་པའི་ཆོས་ཀྱི་ལམ་ལུགས་ཡང་དག་པའི་ངང་ནས་མཁན་འཁུར་དང་ལེན་བྱས་ཡོད་ལ།  བྱེ་བྲག་ཏུ་དགོན་པ་འདིའི་ཆོས་མཐུན་གྱི་རྩ་བའི་སྒྲིགས་འཛུགས་བདག་པོ་དང་སྤྱིའི་ལམ་སྟོན་པ།    གཞན་ཡང་བསྟན་པའི་བདག་པོ་སོགས་ནི་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་རིམ་པར་བྱོན་པ་དག་ཡིན་ལ་དེང་གི་དུས་སུའང་རྒྱལ་མཆོག་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་ཨྱོན་འགྲོ་འདུལ་འཕྲིན་ལས་དབང་གི་རྡོ་རྗེ་གང་ཉིད་ཀྱིས་དགོན་པ་འདི་ཉིད་སྐྱོང་དང་སྐྱོང་བཞིན་པ་ཡིན་ལ་དགོན་པ་འདིའི་བསྟན་གཞིའི་ལྷ་སྡེ་དང་མི་སྡེ་དག་གི་བཀའ་ཡི་སློབ་སྟོན་པ་དང་བསྟན་པའི་བདག་པོའང་རྒྱལ་དབང་ཀརྨ་པ་སྐུ་འཕྲེང་བཅུ་བདུན་པ་མཆོག་ཉིད་ཡིན་ནོ། ཅེས་པ་འདི་ནི་རྒྱུད་སྡེའི་གྲྭལ་མཐའ་བ་བློ་བཟང་ཐུབ་བསྟན་གྱིས་ཕྱི་ལོ༢༠༡༤ལོའི་ཕྱི་ཟླ༣པའི་ཕྱི་ཚེས༢༥ཉིན་བྲིས།།
 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།