བོད་ཀྱི་གསོ་རིག་ལས་དོན་ལ་མཛད་རྗེས་ཆེ་བའི་སྨན་པ་འགྲོ་འདུལ་རྣམ་རྒྱལ།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2012-06-07 15:44:00 ཀློག་གྲངས།:

江根·忠登朗嘉
གསོ་རིག་ཆེད་མཁས་པ་གྲགས་ཅན་འགྲོ་འདུལ་རྣམ་རྒྱལ་ལགས།

  སྨན་པ་འགྲོ་འདུལ་རྣམ་རྒྱལ་ལགས་ནི་སྤྱི་ལོ1945ལོར་སི་ཁྲོན་ཞིང་ཆེན་བྲག་འགོ་རྫོང་དུ་ཡབ་རིག་ལོ་དང་ཡུམ་ཞི་ཐོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་བརྒྱད་ནས་བཅུ་གཉིས་པར་ཡི་གེ་འབྲི་ཀློག་ནས་སུམ་རྟགས་དག་གསུམ་བཅས་རིམ་པར་རྨང་གཞིའི་ཤེས་བྱ་ཀུན་ལ་བསྟུད་མར་ལོ་བཞིའི་ཡུན་དུ་བརྩོན་པ་བསྐྱེད། དགུང་ལོ་བཅུ་གཉིས་སྟེང་ཁམས་ཕྱོགས་སུ་གྲགས་ཆེ་བའི་མཁན་པོ་འཇམ་དབྱངས་ཤེས་རབ་སོགས་ཀྱི་རྗེས་སུ་འབྲངས་ནས་བོད་ལུགས་གསོ་བ་རིག་པའི་ཐོས་བསམ་ཐོག་མར་མཛད་པ་དང་། ཐུན་མིན་དང་ཐུན་མོང་རིག་གནས་ཀུན་ལ་སྦྱངས་པ་གཏིང་ཟབ་པར་གནངས་ནས་ལོ་ངོ་བཅུ་བཞི་འདས། དགུང་ལོ་ཉེར་དྲུག་སྟེང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དངོས་སློབ་རྒྱ་རོང་རྡོ་རྗེའི་སྐུ་མདུན་ནས་དཔལ་ལྡན་རྒྱུད་བཞིའི་དཔེ་ཁྲིད་ཁ་ཚང་མཁས་པའི་ཞལ་རླངས་མ་ཡལ་བ་དག་རྒྱུད་ལ་འབྱོར་བའི་མཐུན་རྐྱེན་རྙེད་དཀའ་བ་དང་འཕྲད་པ་དང་། གསོ་རིག་མཁས་དབང་བློ་བཟང་ཆོས་གྲགས་ཀྱིས་སྨན་སྣ་ངོས་འཛིན་དང་སྦྱོར་སྡེབ། སྨན་བཅོས་བཅས་ཀྱི་མན་ངག་སྣ་ཚོགས་བསྩལ་བ་ཡང་ཐུགས་ལ་ཇི་བཞིན་བཟུང་ནས་མཁས་པ་ཀུན་གྱི་མྱོང་བ་གཅིག་བསྡུས་དང་། རང་གི་ནད་བརྟག་གསོ་བཅོས་ཀྱི་འབྲས་བུ་གཉིས་བསྡུར་དཔྱོད་བགྱིས་ཏེ་བོད་ལུགས་གསོ་བ་རིག་པའི་མན་ངག་ཀུན་ལ་གཞུང་ལུགས་དང་ལག་ལེན་གཉིས་སོར་ནས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བར་མ་ཆད་པར་བགྱིས།
  དེ་ནས་ཕྱོགས་ཀྱི་ལྷ་རྗེ་དམ་པ་གང་གྲགས་ཀྱི་རྗེས་སུ་ཅི་ནུས་ཀྱིས་འཇུག་ཞོར་དང་། སི་ཁྲོན་བྲག་འགོ་རྫོང་ཁོངས་སུ་བགྲང་བྱ་བཅུ་ཙམ་ལ་དཀའ་བ་ཁྱད་དུ་བསད་དེ་སྨན་རྒྱུ་རང་གིས་འཚོལ་བ་དང་། སྨན་སྣ་རང་གིས་སྒྲིག་སྟེ་ས་ཁུལ་གསུམ་གྱི་རྐང་རྗེན་སྨན་པ་བྱས། དགུང་ལོ་སོ་བདུན་སྟེང་གོང་རིམ་པས་བྲག་འགོ་རྫོང་མི་དམངས་སྨན་ཁང་དུ་བོད་ལུགས་གསོ་བ་རིག་པའི་སྨན་པར་སྐོང་འཐེན་གནངས། དགུང་ལོ་སོ་བརྒྱད་སྟེང་དཀར་མཛེས་ཁུལ་འཕྲོད་བསྟེན་སློབ་གྲྭ་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སྔ་རྗེས་སུ་ལོ་དྲུག་རིང་ལ་བོད་ལུགས་གསོ་བ་རིག་པའི་དཔེ་ཁྲིད་མཛད། དགུང་ལོ་ཞེ་གསུམ་སྟེང་དཀར་མཛེས་ཁུལ་བོད་སྨན་ཁང་དུ་ལས་གནས་སྤར། 2005ལོར་ལས་འཁྱུར་ངལ་གསོ་བྱས། ད་ལྟ་པེ་ཅིན་བོད་སྨན་ཁང་གིས་བོད་གསོ་ཆེད་མཁས་སུ་གདན་ཞུ་གནངས་ཡོད།
  རྒན་འདིར་བོད་ལུགས་གསོ་བ་རིག་པའི་སློབ་གསོ་དང་། ནད་ཐོག་ཞིབ་འཇུག སྨན་སྣ་བཟོ་སྐྲུན་སོགས་གང་ཅིའི་ཐད་དུ་གཞན་ལ་ངོམ་ཆོག་པའི་ཡོན་ཏན་ཁྱད་འཕགས་ལྡན་ཞིང་། ལོ་ངོ་སུམ་ཅུའི་རིང་ལ་བོད་ལུགས་གསོ་བ་འཕེལ་རྒྱས་གོང་འཕེལ་ཐད་དུ་ཐུགས་ནུས་ཡོད་རྒུ་སྤྲུགས་པའི་འབྲས་བུ་ལ། དཔེར་ན་སི་ཁྲོན་ཞིང་ཆེན་དུ་སྔ་རྗེས་སུ་བོད་ལུགས་གསོ་བ་རིག་པའི་ལག་རྩལ་མི་སྣ་ལྔ་བརྒྱ་ལྷག་གསོ་སྐྱོང་མཛད་པ་དང་། སི་ཁྲོན་དཀར་མཛེས་ཁུལ་བོད་སྨན་ཁང་སོགས་ནས་ཕྱག་ལས་གནང་དུས་སུ་ས་གནས་སོ་སོའི་ཞིང་འབྲོག་ནད་པ་གང་ལའང་བརྩེ་བའི་སྙིང་རྗེ་སྒོམ་སྟེ་བྱམས་ཀྱིས་སྐྱོང་བས་སྙན་པའི་གྲགས་པ་ཤིན་ཏུ་ཆེ། ཁོང་ནི་1985ལོར་སི་ཁྲོན་ཞིང་ཆེན་སྐབས་ཐོག་མའི་རིན་ཆེན་བཙོ་ཐལ་གྱི་བཟོ་སྐྲུན་ལས་ཀར་མགོ་མཇུག་བར་གསུམ་དུ་ཞུགས་མྱོང་ཞིང་། ལེགས་གྲུབ་བྱུང་བ་སོགས་མཁས་པའི་མཛད་རྗེས་བརྗོད་ཀྱིས་མི་ལངས། ཞོར་དུ་མཁས་པའི་བགྱི་བ་རྣམ་གསུམ་ལས་རྩོམ་པའི་སྐོར་ལའང་མཁས་པའི་མྱོང་བ་མ་གབ་མ་སྦས་པ། མན་ངག་རྗེན་པར་སྟོན་པའི་ལྗགས་རྩོམ་བཅུ་ཕྲག་ཁ་ཤས་རྒྱལ་ཁབ་ཕྱི་ནང་གི་དུས་དེབ་སྣ་ཚོགས་སུ་སྤེལ་ཡོད་པའང་ང་ཚོའི་མཐོང་ཐོས་སུ་གྲུབ་ཡོད་པ་དེ་བཞིན་ཡིན། 
  རྒན་འདིར1988ལོར་གཙོ་བཅོས་སྨན་པའི་ཐོབ་ཐང་འབྱོར་བ་དང་། 1997ལོར་སྨན་པ་འབུམ་རམས་པའི་མཚན་སྙན་ཐོབ། 1997ལོར་ཀྲུང་ཧྭ་རྒྱལ་སྤྱིའིི་གསོ་རིག་ཉམས་མྱོང་བརྗེ་རེས་ཚོགས་འདུའི་སྟེང་ལིན་ཙོང་ཡང་གསོ་རིག་སློབ་གསོའི་རྟགས་མ་ཐོབ། 1998ལོར་སི་ཁྲོན་ཞིང་ཆེན་ཀྲུང་སྨན་དོ་དམ་ཅུའུ་དང་། མི་དོན་ཐིན། འཕྲོད་བསྟེན་ཐིན། མི་རིགས་ཨུ་ཡོན་ཚོགས་པ་བཅས་ཀྱིས་སྐབས་ཐོག་མའི་སི་ཁྲོན་ཞིང་ཆེན་སྨན་པ་མིང་གྲགས་ཅན་གྱི་ཆོ་ལོ་བསྩལ། 1999ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དམིགས་བསལ་ཕོགས་སྣོན་བཞེས་མཁན་གྱི་གྲས་སུ་ཚུད། 2003ལོ་ནས2006བར་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་དགེ་རྒན་ཆེན་མོའི་ཆོ་ལོ་གནངས། 2005ལོར་སི་ཁྲོན་ཞིང་ཆེན་སྨན་པ་གྲགས་ཅན་གྱི་བྱ་རའི་ནང་འདེམས་པ་དང་། རྒྱལ་ཡོངས་ཞིང་ཆེན་རིམ་པའི་བོད་ལུགས་གསོ་རིག་ཆེད་མཁས་ཉམས་མྱོང་བརྒྱུད་འཛིན་བྱ་བའི་མཛུབ་སྟོན་དགེ་རྒན་སོགས་སུ་བསྐོས་ཡོད།
  ད་ལྟ་རྒན་ལགས་དགུང་ལོ་རེ་བརྒྱད་དུ་སོན་ཡོད་པ་དང་། པེ་ཅིན་བོད་སྨན་ཁང་སྙིང་ཀླད་ཚན་ཁག་ནས་མི་རིགས་གཞན་དང་རྒྱལ་ཁབ་ཕྱི་ནང་ཀུན་ནས་ཕེབས་པའི་སྐུ་མགྲོན་གང་མང་ལ་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཐབས་ཤེས་སྤྱད་དེ་མི་འདོད་ནད་ཀྱིས་གཟིར་བའི་གདུང་བ་ལས་སྐྱོབ་བཞིན་བཞུགས་པ་དང་། ད་དུང་བོད་ལུགས་གསོ་བ་རིག་པར་མོས་པའི་དད་ལྡན་སྐྱེ་བོ་ཀུན་ལ་བོད་ལུགས་གསོ་རིག་འཆད་ཁྲིད་དང་ནད་ཐོག་ཞིབ་འཇུག་གི་ལས་ཀའང་རྒྱུན་མ་ཆད་པར་གནང་བཞིན་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།