ངོས་དང་པོ > རྩོམ་རིག > སློབ་རའི་སྦྱངས་རྩོམ། > ༄༅། །མཐོ་འབྲིང་སློང་མ་ཞིག་གི་སེམས་ཁོང་ལས་རྡོལ་བའི་ཁོར་སྲུང་གི་འབོད་པ་གཙང་མ།
༄༅། །མཐོ་འབྲིང་སློང་མ་ཞིག་གི་སེམས་ཁོང་ལས་རྡོལ་བའི་ཁོར་སྲུང་གི་འབོད་པ་གཙང་མ།
རྩོམ་པ་པོ།:བསྟན་འཛིན་དར་རྒྱས།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2021-12-08 16:33:05
ཀློག་གྲངས།:

མཐའ་མཇུག་གི་ཆུ་ཐིགས།
བསྟན་འཛིན་དར་རྒྱས།
སྟོང་གསུམ་གྱི་འཇིག་རྟེན་ན“སའི་གོ་ལ་གཅིག་མ་གཏོགས་མེད”ཅེས་པའི་སྐད་ཆ་ནི་མི་མང་པོ་ཞིག་གིས་ཐོས་མྱོང་ཞིང་། དེ་ལྟར་ཡིན་པར་ཡང་གོར་མ་ཆག་མོད། ཅི་སྟེ་དེ་ཙམ་གྱིས་རྙེད་པར་དཀའ་བའི་ཚེ་སྲོག་གི་གཉོར་ཡུལ་ལ་མི་རྣམས་ཀྱིས་གཅེས་འཛིན་མི་བྱེད་ཅིང་། རྒྱུན་པར་གོ་ལའི་ཁྲག་རྒྱུན་དུ་གྱུར་བའི་འབབ་ཆུ་རྙོག་ཅིང་གོ་ལའི་དབང་རྩར་གྱུར་བའི་རྩི་ཤིང་གཅོད་ལ་བྲེལ། དོན་ངོ་མར། རང་བྱུང་ཁམས་ལ་གཏོར་སྐྱོན་གཏོང་བ་ནི་རང་གི་བྲང་ཁར་སེན་བྲེག་བཏབ་སྟེ་སྙིང་དམར་འདོན་པར་བྲེལ་བ་དང་འདྲ་ལ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱེད་པ་ནི་མིའི་རིགས་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་གཉིས་སུ་མེད། མིག་སྔར་རྒྱལ་ཁམས་ཀྱི་ཡུལ་གྲུ་ཡོད་དོ་ཅོག་ལ་ས་གྲགས་གནམ་གྲགས་བྱེད་ཅིང་མི་སེམས་ལ་སྐྱི་གཡའ་བའི་ནད་དུག་སྟེ། ཏོག་དབྱིབས་ནད་དུག་གསར་པ་ཞེས་པ་དེས་འཛམ་གླིང་ཡུལ་གྲུའི་སྐྱེ་བོ་ཀུན་གྱི་ཚེ་སྲོག་འཕྲོག་པར་འདུར་ཞིང་། རྒྱལ་ཁམས་མང་དག་ཅིག་གི་དཔལ་འབྱོར་དང་སྲིད་དོན་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས། འོ་ན“མེ་ལས་དུ་བ་བྱུང”བའི་དཔེ་བཞིན་དུ། བྱ་བ་དང་སྣང་ཚུལ་གང་རུང་ལ་རྒྱུ་ངེས་པ་ཅན་ཞིག་གམ་དུ་མ་སྔོན་དུ་འགྲོ་བ་ལས་ལྷག་པར་འཕེལ་བ་ཡིན་པས། དེ་ནི་མིའི་རིགས་ཀྱིས་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་མི་བྱེད་པ་སྟེ། རི་སྐྱེས་སྲོག་ཆགས་ཀྱི་ཚེ་སྲོག་བཀུམ་ཏེ་ཟས་ཅོག་སྟེང་བསྒྲིགས་ནས་ལོངས་སུ་སྤྱོད་པ་དང་། གདོད་མའི་ནགས་ཚལ་བཅད་ནས་རི་སྐྱེས་སྲོག་ཆགས་མང་པོའི་གནས་ཡུལ་མྱ་ངམ་ཐང་དུ་བསྒྱུར་བ་སོགས་ལས་བྱུང་བ་གོར་མ་ཆག། ཇི་སྐད་དུ། “གང་ཞིག་སྲེད་པས་རྨོངས་བྱས་ན། །ཅེ་སྤྱང་གཞུ་མཆོག་གཙུག་གཏོར་བཞིན། །”ཞེས་གསུངས་པ་ལྟར། འདོད་པ་ནི་རང་ཉིད་ཕུང་བའི་རྒྱུ་འབའ་ཞིག་སྟེ། སྔོན་བྱོན་དམ་པས་དུག་གསུམ་གྱི་ཡ་གྱལ་དུ་བགྲང་བའམ་རྐྱེན་འདི་ལས་མ་འདས་སྙམ་ལ། ཡང་རྒྱལ་ཁབ་ཀྱི་གཙོ་འཛིན་མཆོག་ནས་ཀྱང་“རི་སྔོན་ཆུ་དྭངས་ནི་གསེར་དངུལ་ལས་ལྷག”ཅེས་གསུངས་པའི་གནད་དམ་པའང་འདི་དག་ལས་མ་འགོངས་སོ། །
སྤྱི་ཁྱབ་ཧྲུའུ་ཅི་ཞིའི་ཅིང་ཕིང་གིས་“མིའི་རིགས་ཀྱི་ལས་དབང་ནི་མཉམ་གནས་ཀྱི་ཕུང་པོ་ཞིག་རེད་”ཅེས་གསུངས་མྱོང་ཡོད་དེ། འགོ་ཁྲིད་ཅིག་གི་ངོས་ནས་ཀྲུང་གོ་གཅིག་པུའི་ལས་དབང་ཙམ་མ་ཡིན་པར། མིའི་རིགས་ཀྱི་ལས་དབང་དང་གཞི་ཅིག་ཏུ་དམ་པོར་འབྲེལ་ནས་བཤད་པ་ལོས་ཡིན། སའི་གོ་ལ་ནི་ང་ཚོའི་གནས་མལ་དྲོན་མོ་ཞིག་ཡིན་ཞིང་དེར་གནས་པའི་སྲོག་ཆགས་ཡོད་དོ་ཅོག་ང་ཚོ་དང་ལས་དབང་གཅིག་པའི་རོགས་ཟླ་ཡིན་གཤིས། ཁོང་ཚོ་ལ་གནོད་འཚེ་སྤངས་ནས་སྲུང་སྐྱོབ་བྱེད་པ་ནི་རང་ཉིད་ལ་སྲུང་སྐྱོབ་བྱེད་པ་དང་ཡང་དག་མཚུངས།
གསེར་དངུལ་གྱིས་ཡོངས་སུ་དབང་བསྒྱུར་བྱས་པའི་“དུས་རབས་རླབས་པོ་ཆེ་”འདིར། མི་ལ་ལས་འཕྲལ་བདེར་རྔམས་ནས་ཤིང་ནགས་གཅོད་པ་དང་རྔོན་པ་རྒྱག་པ། གཏེར་ཁ་བཏོན་ནས་གོ་ལའི་ཟུངས་ཁྲག་སྐམ་དུ་འཇུག་པ། རླངས་འཁོར་གྱི་མཇུག་རླངས་མཁའ་དབུགས་སུ་འདོན་པ། རྫས་འགྱུར་བཟོ་གྲྭས་དྭངས་གཙང་གི་མཁའ་དབུགས་སྦགས་པ། ཆུ་ལ་རྫས་འགྱུར་གྱི་རྒྱུ་འདྲེས་ནས་ཆུའི་སྤུས་ཚད་ཇེ་ཞན་དུ་འགྲོ་བ། འཛམ་གླིང་ཧྲིལ་པོའི་དྲོད་ཚད་ཇེ་མཐོར་སོང་ནས་གོ་ལ་ཧྲིལ་པོ་དྲོད་ཁང་དུ་བཅུག་ཅིང་། ལྷོ་བྱང་གི་གྲང་སྣེའི་འཁྱགས་རོམ་བཞུར་ཞིང་མེ་རི་དང་ས་ཡོམ་སོགས་ཀྱི་གནོད་འཚེ་ཀུན་ནས་ལྡང་སྟེ། གནད་དོན་མང་དག་ཚབས་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་འདོད་རྔམ་ཅན་གྱི་ང་ཚོར། འཚོ་བའི་གོམས་གཤིས་ངན་པ་དང་རྒྱུ་ནོར་ལ་དགའ་དྲག་པའི་བསམ་བློ། དེ་བཞིན་མིག་རྒྱང་ཐུང་བ་སོགས་ཀྱི་རྒྱུ་དུ་མ་ཚོགས་པ་ལས་བྱུང་བ་མ་ཡིན་ནམ།
མདོར་ནས་བརྗོད་ན། སའི་གོ་ལར་བདག་གཅེས་བྱ་རྒྱུ་ནི་ང་ཚོ་མིའི་རིགས་ཀྱི་ཕྲག་ཐོག་ལ་བབས་པའི་འོས་འགན་ཡིན་ལ། ཇི་སྲིད་བར་མཐའ་མཇུག་གི་ཆུ་ཐིགས་གཅིག་པུ་དེ་མིག་ཆུར་བཏང་ན་ཇི་འདྲའི་སྐྱོ་ཨང་།
ཕུལ་བྱུང་རྩོམ་ཡིག་འདིའི་རྩོམ་པ་པོ་ཆུང་ཆུང་བསྟན་འཛིན་དར་རྒྱས་ལགས་ནི་ལྷ་ས་མཐོ་འབྲིང་བཞི་པའི་མཐོ་གསུམ་འཛིན་དྲུག་གི་སློབ་མ་ཡིན་ཞིང་ངེད་དྲྭ་བར་འོས་སྦྱོར་གནང་མཁན་ནི་སློབ་གྲྭ་དེ་གའི་དགེ་རྒན་ཤར་ཚ་ལགས་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།