འདོད་དགུའི་ལོངས་ལ་སྤྱོད་པ་ངོ་མཚར་ཡུལ།
རྩོམ་པ་པོ།:རྡོ་རྗེ་རིན་ཆེན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-09-01 09:23:00
ཀློག་གྲངས།:
འདོད་དགུའི་ལོངས་ལ་སྤྱོད་པ་ངོ་མཚར་ཡུལ།
—ཁ་བྱང་གཞན་ལ《ཡན་པར་དོར་བའི་སྣང་ཚུལ》།
རྡོ་རྗེ་རིན་ཆེན།(ཀན་ལྷོ)
ཡེ་ནས་དོགས་འཛིན་མེད་པའི་སློབ་ཆེན་འགས།།
སྒོ་རྟགས་ཙམ་གྱིས་སློབ་ཁང་འཚོལ་ཏེ་ཐོན།།
རང་བློ་ཤེས་བྱ་ཀུན་ཁྱབ་ཡིན་མདོག་གིས།།
གསར་བུ་ཚོ་ལ་ལག་སྟོང་མཆན་སྟོང་ལས།།
དུ་བ་ཁ་པར་འབའ་ཞིག་ལྷག་སྟེ་ཡོང་།།
གསར་མོ་ཚོ་ལ་ཕྲག་པ་གཡོ་ཟུར་གཏོད།།
ལྗིད་ཀྱིས་མནན་བྱའི་ཁུག་མ་དེའི་ནང་ན།།
ཅི་ཡོད་ད་རུང་མི་ཤེས་བཏང་སྙོམས་འཇོག།
རྒན་གྱིས་ཁྲིད་བྱ་གང་ཡིན་གཟུང་སྟེ་ཐོན།།
གསར་རྒོད་མོ་རྒོད་ཁེངས་ཉམས་བཟི་བ་འགའ།།
འགྱངས་ནས་ཡུད་ཙམ་རྨ་སྒྲོ་ཕུབ་སྟེ་སླེབས།།
ད་ནི་དུས་ལ་རན་པས་འཁྲབ་ཡོལ་ཕྱེས།།
ལྟད་མོ་གང་ཡིན་རང་རང་ས་ནས་བྲེལ།།
གར་སྟེགས་སྒྱུ་རྩལ་འཁོར་ལོ་བསྐོར་ཡང་རུང་།།
སྐད་སྒྲ་སེང་གེའི་གད་རྒྱངས་སྒྲོག་ཀྱང་ཆོག།
སྨྲ་ལྕེ་རྡོ་ལྕགས་རྩུབ་བརྡར་བྱས་ཀྱང་རུང་།།
མཆུ་དག་རླབས་ཀྱི་ཟེགས་མ་འཐོར་ནའང་།།
ཕག་ལ་ཁ་ཟས་ཞིམ་པོའི་ཟས་མགྲོན་དང་།།
མགྲིན་བཟང་མེ་ཏོག་ཕྲེང་བའི་རྒྱན་ཆ་དང་།།
འོན་ལ་གླུ་དང་ལོང་ལ་སྣང་བྱེད་བཞིན།།
ཡ་བྲལ་ཡ་མ་བརླ་ཡི་གནས་འདི་ན།།
འདོད་དགུས་ལོངས་ལ་སྤྱོད་ཚུལ་སྨྲ་བར་བྱ།།
ཆགས་པའི་ཞགས་པ་འཕེན་སའི་ཕོ་མོ་འགས།།
རང་རང་ས་ནས་འདོད་པ་བཙལ་ཏེ་བསྡད།།
གསང་བའི་བརྩེ་དུང་ཅི་ཡོད་ཆ་མ་མཚལ།།
ཐེར་ཟུག་བརྩེ་དུང་ཡོད་པ་མི་ཤེས་མོད།།
ལུས་ཟུང་ཉེ་བར་བཅར་བའི་བདེ་བ་བརྩམས།།
མགོ་བོ་གསེར་ཉ་ཁ་སྤྲོད་ཚུལ་གྱིས་འཕྲད།།
ཕན་ཚུན་བརླ་བར་ཕྱག་རྒྱ་བསྣོལ་ཏེ་འཇོག།
རྣ་སྒོར་རེག་མ་རེག་བར་ཤུབ་ཤུབ་བཤད།།
མགོ་བོ་ནང་དུ་གུག་སྟེ་གདོང་ལ་བལྟ།།
ཆགས་པའི་ཚོར་འདུ་མཐོ་རླབས་འཕྱུར་ཙ་ན།།
མཚམས་རེར་འཁུན་སྒྲ་འདྲ་ལེ་ཕྱི་ལ་འབྱིན།།
ཨ་ཅེ་རྒྱ་མོ་འདི་ཚོ་ངོ་མཚར་ཡུལ།།
སློབ་ཁང་སློབ་ཁྲིད་དགེ་སློབ་བོར་ནས་འདུག།
ལྟོ་སྲེད་ཅན་ལ་གསར་མོ་ལྷག་པ་འདྲ།།
དཔེ་ཁུག་གྲོ་ཁུག་བརྫུས་པའི་ལག་ཁུག་ནས།།
དཔེ་དེབ་འཇོག་སར་བཟའ་བཏུང་མང་པོ་བཤམས།།
ཁ་ཟས་ཞིམ་པོས་འདོད་པ་ཚིམས་ཏེ་འདུག།
ཐན་ཐུན་བཟའ་བཞིན་དུས་ནི་འདའ་བར་དགའ།།
ཁོ་ཚོ་འཇིག་རྟེན་བསྒྱུར་བཀོད་བྱེད་པོ་བཞིན།།
སློབ་ཁང་འདི་ཡང་ཟ་ཁང་ལྟ་བུར་བསྒྱུར།།
གནས་འདི་ངོ་མཚར་མི་འཛིན་རང་དབང་ཅི།།
གཉིད་ཀྱི་གཏི་མུག་རང་དགྲ་གྲོགས་བསུ་འགས།།
འཇིག་རྟེན་ལས་ཀྱིས་གཉིད་རྒྱུར་བསྐོས་པ་བཞིན།།
སླེབས་མ་ཐག་ནས་གཉིད་གུར་ཕུབ་ལ་བྲེལ།།
བསམ་གཏན་ཞི་གནས་བཞུགས་པའི་སྒོམ་ཆེན་བཞིན།།
སྐད་གསེང་མཐོན་པོས་རྔ་ཡབ་བརྡུངས་ན་ཡང་།།
ཏིང་འཛིན་གནས་ལས་གྲོལ་བའི་སྐབས་རེ་དབེན།།
ཨུ་པ་ཀརྣའི་རྣ་བར་ཁྲོ་ཆུ་བཞིན།།
རྗེས་འགྲོ་རྐང་བར་འཇོག་སྙམ་དོགས་པས་ཁེངས།།
ཁོ་ཚོའི་ཡུལ་ན་ཉལ་ཁང་སློབ་ཁང་གཉིས།།
དབྱེ་བ་མེད་པར་འཛིན་པ་ངོ་མཚར་ཡུལ།།
རང་བལྟ་སྒེར་འཛིན་སྐྱོང་བའི་དཔེ་ཆ་བས།།
རང་མོས་དཔེ་ཀློག་ཕྱོགས་ལ་འདུན་པ་བསྐྱེད།།
མ་གཏོགས་མཆོག་འཛིན་གནས་ཞིག་མེད་པར་སྙམ།།
རྣ་བ་ཕྱི་ལ་བསྲིངས་པར་མི་བྱེད་དོ།།
གནས་མིན་བཀོད་པར་བྱེད་པ་འདི་འདྲ་ཡང་།།
རེ་ཞིག་ངོ་མཚར་ཆ་རེ་གཏོགས་པར་སྙམ།།
ཁ་པར་མིག་ཟུང་ཕྱོགས་པའི་ཕོ་མོ་འགའ།།
སཱི་ཏཱ་སྲིན་པོ་མགྲིན་བཅུས་ཁྱེར་བ་དང་།།
ནག་མོ་ཡུལ་མཐར་སྤྱུགས་པའི་སྣང་བ་བཞིན།།
མཛའ་བོ་མཛའ་མོ་བྲལ་བའི་གདུང་བ་ནི།།
སྐད་ཅིག་མི་བཟོད་མཆི་མ་བརྣངས་བར་དོགས།།
ངག་འཕྲིན་ཕོ་ཉའི་ལག་ལ་སེམས་གཏམ་དག།
མིག་ཟུང་ཡོན་པོར་མི་བསྐྱོད་གཟུ་བོར་ཕྱོགས།།
བརྩེ་སེམས་ཚོར་འདུ་རྣོན་པོ་འཕྱུང་བར་བྱེད།།
གར་མས་ལུས་ཀྱི་གར་སྟབས་བསྒྱུར་བ་བཞིན།།
ལག་མཛུབ་ཁ་པར་ངོས་ན་རབ་ཏུ་རྒྱུ།།
བརྡ་ལན་སིལ་བའི་སྙན་སྒྲ་དཔྱིད་དུ་སྨིན།།
སྤྲོ་བའི་མཛུབ་རིས་བཞིན་མདངས་ལྷོད་པར་བྱེད།།
ཁོ་ཚོས་སློབ་ཁང་དགེ་རྒན་ཡན་པར་དོར།།
ལོངས་སྤྱོད་འདི་ཡང་ངོ་མཚར་ཅིས་མ་ཡིན།།
མི་སྡུག་འཇིག་རྟེན་ཁེར་རྐྱང་སྣང་མཁན་འགས།།
ཁེར་རྐྱང་ས་ནས་ཁེར་བུའི་ལོངས་ལ་སྤྱད།།
གློ་ཁུག་ནང་ནས་ཁ་པར་འཕྱུང་ཞོར་དུ།།
རང་ལ་མདང་ནུབ་བརྙན་འཕྲིན་བལྟ་མཚམས་ཏེ།།
གང་ཡིན་དྲིས་ཏེ་རྣ་ཉན་རྣ་སྒོ་བསྲིབས།།
མུ་འབྲེལ་བརྙན་འཕྲིན་བློ་རིག་བསྒྲིམས་ཏེ་བལྟ།།
ཚོར་བའི་རྣམ་ཤེས་དེ་ལ་ཟུག་པ་ལས།།
སྐབས་རེར་རང་སྐད་འབྱིན་པ་མི་ཚོར་བས།།
རྒན་གྱིས་ཅི་ཡིན་ཅི་བྱས་སྡིགས་པར་བྱེད།།
ཁོ་ཚོར་ལྷ་ཡི་རྫུ་འཕྲུལ་མི་ལྡན་མོད།།
ཡིན་ཡང་སློབ་ཁང་གློག་བརྙན་ཁང་དུ་བསྒྱུར།།
དེ་འདྲའི་ངོ་མཚར་སྣང་ཡུལ་མང་མོད་ཀྱང་།།
རེ་རེ་བཀོད་ན་ངལ་བའི་རྒྱུ་རུ་ཟད།།
འདི་ནི་ཀན་སུའུ་དགེ་འོས་སློབ་གླིང་གི།།
སློབ་སྐབས་གསུམ་པའི་སློབ་ཁྲིད་སྣང་ཚུལ་འགའ།།
དམར་རྗེན་རང་གིས་ངོས་མཐོང་ཕབ་པ་ཡིན།།
གསལ་བཤད། རང་ཉིད་ལོ་རིམ་དང་པོའི་སྐབས་སུ་ཀན་སུའུ་དགེ་འོས་ཚང་གི་སློབ་སྐབས་གསུམ་པའི་འདེམ་སྦྱོང་སློབ་ཁྲིད་དག་ལ་ཞུགས་རྗེས་ཀྱི་མཐོང་ཐོས་མྱོང་གསུམ་དག་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།