བཅད་རྩོམ《རང་སྣང་ལུ་གུ་རྒྱུད་དུ་སྤེལ་བའི་ལེ་ཚན》

རྩོམ་པ་པོ།:འབུམ་ཕྲག༼ཀན་ལྷོ༽ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-06 09:13:00 ཀློག་གྲངས།:

      ༡
  
མཚན་མོའི་རྨི་ལམ་ནང་གི།  ང་ཡི་སྙིང་སྡུག་མེ་ཏོག།
  ཞལ་འཛུམ་བག་ཙམ་ཕྱེས་ནས།།  ཏོག་ཙམ་བཞུགས་མོལ་གནང་རོགས།།


  དཔེ་ཆའི་ཁུད་ན་ལུས་པའི།།  གཏམ་གྱི་མཛེས་མ་སྣ་ཚོགས།།
  ཚིག་གི་འདོད་པས་མྱོས་ན།།  སྤྲོ་བ་ཟད་པ་མེད་འགྲོ།།


  ཕ་གིའི་རི་རྒྱལ་ལྷུན་པོ།།  གཙུག་གི་སྤྲིན་པར་ཐོགས་སོང་།།
  ཞི་བདེའི་ལྷ་བྱ་དཀར་པོ།།  རི་བོའི་ཏོག་ལ་བབས་བྱུང་།།


  བཞིན་རས་དྭངས་ཤེལ་བཞིན་གྱི།།  མོ་རེ་ང་ལ་འཁོར་དང་།།
  བུ་ངའི་ཞེ་རྩའི་གསེབ་ན།།  ཁྱོད་ལས་གཞན་ཅང་མི་འདུག།


  མེ་ལྕེ་སྙིང་ལ་བརྡབས་སོང་།།  སྙིང་གི་རྩིད་པ་བྲེགས་སོང་།།
  གློ་བུར་རྒྱ་མཚོ་དྲན་པས།།  མིག་ནང་མཆི་མས་གང་སོང་།།


  ཁ་བའི་གཏམ་རྒྱུད་སྣ་ཚོགས།།  རྟོག་བཟོའི་གཡུལ་སར་སྐྱེལ་ཡང་།།
  ཆར་བའི་ཤག་སྒྲ་ཙམ་ལས།།  རྒྱལ་ཁའི་གཏམ་བཟང་མ་ཐོས།།


  མི་དེ་ཡིད་འཕྲོག་ལྷ་མོ།།  ལྷ་དེ་མི་ཕམ་ལྷ་མོ།།
  གཉི་ག་གཅིག་ཏུ་འཁྲུལ་སོང་།།  ཁོ་བོའི་རྨི་ལམ་བསྲེགས་སོང་།།


  སྐར་ཚོགས་ཁྲ་ཆིལ་ནང་གི།  འོད་པོ་ཆེ་དེ་གང་ཡིན།།
  མི་ཚོགས་ཁྲ་ཁྲའི་ཁྲོད་ཀྱི།།  སྙིང་གཏམ་བརྗོད་ས་སུ་ཡིན།།


  ལུང་བའི་མདོ་ན་གསལ་བའི།།  རྐང་རྗེས་ཆུང་ཆུང་དྲན་བྱུང་།།
  སྙིང་ལ་རྗེ་བའི་ལུ་གུ།  བྲང་ཁོག་བར་ལ་བརྒྱུགས་བྱུང་།།


  ཡིད་ཀྱི་མདུད་པ་གྲོལ་ཚེ།།  གཏམ་ནི་ཆུ་ལྟར་བཞུར་ཡོང་།།
  ལན་རེར་གསང་གཏམ་ཤོར་འགྲོ།།  མཚམས་རེར་ལྷ་མོ་བྲིས་འགྲོ།།


      
  
རླུང་བུ་ལྡོམ་པོ་ཞིག་ལ།།  སྙིང་གི་ཚིག་གསུམ་བཅོལ་ཡོད།།
  ནམ་མཁའི་སྒང་ལ་སླེབས་ན།།  དེ་ནས་སྟོར་ཞིག་གདམས་ཡོད།།


  གློག་འོད་འཇམ་པོའི་འོག་ནས།།  མིག་ནི་ཁང་ངོར་གཏད་དེ།།
  སྣང་བ་རྒྱ་རུ་ཡན་ན།།  དེ་ལས་སྐྱིད་ཅིག་མེད་སྙམ།།


  དུས་ཚོད་སྐར་ཆ་རེ་རེ།།  གསེར་ཞུན་ཐིགས་པ་རེ་རེ།།
  དེ་ཡང་དུག་ཚེར་རེ་རེ།།  སུས་ཀྱང་རེག་ཐབས་མི་འདུག།


  སེམས་པ་ཆུ་ལྟར་བཞུར་འདོད།།  བཞུར་ནས་མཚོ་མོར་འདྲེས་འདོད།།
  མཚོ་མོ་རླངས་པར་འགྱུར་ནས།།  བར་སྣང་ཁམས་སུ་བསྐྱོད་འདོད།།


  འཇིག་རྟེན་གང་ནས་བྱུང་ཨང་།།  མི་ནི་ཅི་ཞིག་ཡིན་ཨང་།།
  ང་ནི་དྲི་བའི་ཚོགས་དང་།།  བཙོན་དུ་བཅུག་ན་འདོད་བྱུང་།།


  འབྲུག་སྒྲ་ད་རུང་གྲག་གི།  དབྱར་ཁའི་གློག་ཞགས་དྲན་བྱུང་།།
  ཆར་བ་ད་རུང་འབབ་གི།  ཁྱི་ཕྲུག་རྒྱ་སྟག་སྙིང་རྗེ།།


  ཡོད་དང་མེད་པའི་མཚམས་དང་།།  ཡིན་དང་མིན་པའི་མཚམས་བར།།
  མཚམས་མཚམས་ཉེ་ཉེ་འདྲ་བ།།  བར་བར་གཅིག་ཏུ་འཁྲུལ་འགྲོ།།


  སེམས་ཀྱི་རང་བཞིན་ཅི་འམ།།  དཀར་རམ་ནག་གམ་མེད་དམ།།
  ཁྱོད་ཀྱིས་གང་ཞིག་འདོད་དམ།།  ངས་ནི་མེད་ཅེས་བརྗོད་འདོད།།


  གློ་བུར་སྣ་ཚོགས་ཤིག་གིས།།  ང་ཚོ་ཁྲ་ཁྲར་བཏང་འགྲོ།།
  ཐག་པ་ཁྲ་ཁྲ་སྣ་ཚོགས།།  ས་སྟེང་ཀུན་ལ་ཁྱབ་འདུག།
 

  ང་ནི་བསླུ་བྲིད་དབང་གིས།།  སྣང་བ་ག་སར་འཕུར་ཞིང་།།
  རྫ་རིའི་རྩེ་ནས་བཟུང་སྟེ།།  རྡོ་བའི་ཁོག་ལའང་འཛུལ་འགྲོ།།


      
  རང་སེམས་སོང་བའི་མི་ལ།།  ཅི་ཡང་ཕོད་པ་མི་འདུག།
  གྲོགས་པོས་ལབ་པ་བདེན་ན།།  ང་ལ་སྙིང་རུས་མི་འདུག།


  རྩིབ་ན་འགྲེངས་པ་དེ་ནི།།  གྲིབ་གཟུགས་ཡིན་པ་ཤག་ཤག།
  མུན་པར་བཅར་མ་ཐག་ཏུ།།  ཝ་བཞིན་བྲོས་འདི་སྐྱོ་ཨང་།།


  ངག་དབང་དབྱངས་ཅན་ལྷ་མོར།།  གསོལ་འདེབས་ལན་བརྒྱ་ཞུས་ཡོད།།
  དྲི་ཟའི་གླུ་དབྱངས་བཞིན་གྱི།།  སྙན་ངག་འཁྲུངས་བར་སྨོན་ཡོད།།


  འཇིག་རྟེན་རབ་རིབ་མག་མོག།  འཚོ་བ་དེ་བས་མག་མོག།
  རྨི་ལམ་ཐེངས་གཅིག་རྨིས་ནས།།  གཏན་ཏུ་སད་པ་མེད་ཤོག།
 

  གླུ་དབྱངས་ཟ་ཟིར་འགྲོགས་ནས།།  ཨ་རག་ཟོ་གང་མཆོད་དེ།།
  གཏིང་ན་ཡིབ་པ་ཡོད་ཚད།།  སྡེབ་གཅིག་ཐང་དུ་འབྱོ་འདོད།།
 

  རེ་དོགས་ཚང་ཚིང་བར་ནས།།  དུས་ཚོད་ག་ཚོད་འདས་ཨང་།།
  རྨི་ལམ་སྒྱུ་མའི་ཁྲོད་དུ།།  བསམ་གཞིགས་ག་ཚོད་བླུགས་ཨང་།།
 

  བུད་མེད་འབའ་ཞིག་གླེང་སྟེ།།  ཉིན་མཚན་བར་མེད་གཏོང་བའི།།
  འགྲམ་གྱི་མི་བུ་འདི་ཚོ།།  བཅོས་པའི་སྨན་ནི་གང་ཞིག།
 

  མདུན་དུ་ཇི་ལྟར་བསྐྱོད་ཀྱང་།།  ལམ་ལ་ཟད་པ་མི་འདུག།
  ལམ་ལ་སྣེ་མོ་མེད་ན།།  སོང་དང་མ་སོང་མི་འདུག།


  ཐ་སྙད་རེ་རེ་བརྩིགས་ནས།།  རང་ལ་ཁྲི་ཞིག་བཟོ་འདོད།།
  མུན་རིམ་རེ་རེ་བརྟོལ་ནས།།  འོད་སྣང་ཚང་མར་བགོ་འདོད།།


  སང་ཉིན་ཅི་ཞིག་འབྱུང་བ།།  ལུང་བསྟན་སུ་ལའང་མི་འདུག།
  མགོ་བོ་གོས་ཀྱིས་བཏུམས་རྗེས།།  སུ་ཞིག་རྨི་མིན་ཅི་ཆ།།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།