འབྲོང་ཕྲུག་གི་ལྷུག་རྩོམ།
རྩོམ་པ་པོ།:འབྲོང་ཕྲུག
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-01-16 16:52:01
ཀློག་གྲངས།:
སྲིད་པའི་མི་རྒན་ཞིག་རྗེས་སུ་དྲན་པ།
འབྲོང་ཕྲུག
༡
༢
སྦྲ་རོག་རོག་ཅན་གྱི་ཁྲི་དཔོན་དང་ཁང་སྐྱ་ལེབ་ཅན་གྱི་སྟོང་དཔོན་མིན་རུང་། ངེད་ཅག་གི་གདུགས་རྒྱལ་མཚན་སྟེང་གི་ནོར་བུ་དང་གསེར་བུམ་པའི་ཁ་ཡི་རྒྱན་ཆ་ཡིན་པའི་ཨ་མྱེས་ཁོང་འཇིག་རྟེན་སོ་རྙིང་གཉིས་ཀྱི་མི་ཡིན།“སྤྱིར་ཕ་བདའ་ཚང་གི་སྐྱེས་རབས་བཤད་ན་རྒས་རབས་རེད། མང་པོ་བཤད་ན་མི་གོ་གི།” ཨ་མྱེས་ཀྱི་སྐུ་ལུས་བདེ་ཐང་ཡིན་དུས་སུ། ཚ་བོས་གསར་དུ་ཕུབ་པའི་ཤིང་ཁང་གི་ཉི་ཁྱམས་འོག་ཏུ་སེམས་སྐྱིད་བག་ཕེབས་ངང་བསྡད་དེ། དཀར་ཡོལ་འབྲུག་རིས་མའི་ནང་དུ་ཚ་མོས་བསྐོལ་བའི་འོ་ཇ་དལ་འཐུང་བྱེད་ཞོར་འདི་ལྟར་གཏམ་རིང་འཐེན་རྒྱུར་དགའ་བོ་ཡོད། “ཆུ་རྨ་ཆུའི་མགོ་ལུང་རྨ་རྒྱུད་རེད། རྡོ་གཡའ་མའི་མགོ་ལུང་རྫ་ལུང་རེད། ཕ་ཡི་གོང་ཐང་དེད་ནས། མ་ཡི་གདུང་རྒྱུད་རྩིས་ན། རྒྱབ་རི་མཐོན་པོ་བྲག་ཡོད་ས། གླག་རག་མོ་མ་གཏོགས་འཁོར་མ་མྱོང་ས། མདུན་རི་ཟབ་མོ་ནགས་ཡོད་ས། བྱ་ཁུ་བྱུག་མ་གཏོགས་གྲགས་མ་མྱོང་ས། སྟོད་གངས་དཀར་གྱི་དབུ་རྩེ་མཐོ་ས། སྨད་རྒྱ་མཚོ་ཡི་ཆུ་གཏིང་ཟབ་ས། ཕ་རྒྱུད་དེད་ན་ཤྭ་བོ་རྫ་རྒྱུད་འདེད་རྒྱུ་ཡོད་པ། མ་རྒྱུད་དེད་ན་ཡུ་མོ་གསང་ལམ་ཉུལ་རྒྱུ་ཡོད་པ། གཡས་ཕ་ལུང་ནགས་ལུང་ཕྱུག་མོ་འདྲ་བ། གཡོན་མ་ལུང་མར་ཁུའི་མཚོ་མོ་འདྲ་བ། རྩྭ་ཡར་སྐྱེས་ཀྱི་རྫོང་མཐུག་ས། ཆུ་མར་འབབ་ཀྱི་ཀླུང་ཟབ་ས། སྟོད་ན་སྟག་མོ་མཆོངས་སའི་རྗེས་ཡོད། སྨད་ན་ཤིང་རྟ་དྲུད་པའི་ལམ་ཡོད།”ཨ་མྱེས་ཀྱིས་དེ་ལྟ་དེ་ལྟར་གཏམ་རིང་ཁུགས་ལ་གཏམ་ཐུང་འཐེན་པའི་དུས་སུ་རང་གི་ཨ་མྱེས་དྲན་གྱིན་ཡོད་ངེས། རང་གི་ཡང་མྱེས་དྲན་གྱིན་ཡོད་ངེས། སྡེ་ཁྲ་ཁྲ་འཁོར་བའི་གཞི་མ་དང་རྒྱུ་ཁྲ་ཁྲ་འཁོར་བའི་རུ་མ་སྟེ། ཨ་མྱེས་ཀྱི་ཨ་མྱེས་ཡང་མེས་སུ་ཞིག་གིས་ཀྱང་སྦྲ་སྒོ་རུ་ཉི་མར་ལྡེ་ཞོར་སེང་ལྡང་ཅ་ནེའི་ནང་ལ་འོ་ཇ་ཚ་འཐུང་བྱེད་ཞོར་འདི་ལྟར་གཏམ་རིང་འཐེན་མྱོང་ངེས། ཆུའི་འབབ་རྒྱུན་མ་ཆད་པའི་རྨ་ཆུའི་འགོ་ཁུངས་དང་གཞིའི་གདུང་རྒྱུད་མ་ཆད་པའི་དཔོན་རྒྱུད་སྨུག་པོ་སྟེ། ངས་གློ་བུར་དུ་ཨ་མྱེས་ཀྱི་ལུས་སྟེང་ནས་ཨ་མྱེས་ཡང་མྱེས་དག་མཐོང་ཐུབ་པ་འདྲ།
“གནམ་གྱྀ་ནི་དབུས། ས་འྀ་ནི་དཀྱིལ། གླྀང་གི་ནི་སྙིང་པོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ། ས་གཙང་། ཡུལ་བཟང་། མྱི་འཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའྀ་གནསུ།” དལ་འབྱོར་གྱི་མི་ལུས་རྙེད་པའི་མི་བུ་སུ་ཡིན་རུང་། སྐྱིད་ལ་ཚེ་སྟོད་དང་སྡུག་ལ་ཚེ་སྨད་ཟེར་བ་རེད་མོད། ཨ་མྱེས་ཀྱི་ཚེ་སྟོད་ནི་སྦྲ་མཐིང་སྨུག་གི་ཁ་རུ་ལྷོར་བརྒྱངས་པ་ནས་ཕྱུགས་ཁྲ་ཁྲའི་འགོ་ལོ་རྫར་བྱས་པའི་ལོ་རྒྱུས་མ་ཡིན་པར། སྐྱིད་ཀྱི་དལ་ཐོན་པ་དང་སྡུག་གི་བྲེལ་ཐོན་པ་སྟེ། ཨ་མྱེས་ལ་སྤྱི་ཚོགས་རྙིང་བའི་རང་དབང་དང་འཆར་ཡན་གྱི་གཏམ་རྒྱུད་མང་དུ་ཡོད་པ་དང་། ཨ་མྱེས་ལ་སྤྱི་ཚོགས་གསར་རྙིང་བར་གྱི་གཞན་དབང་དང་དཀའ་སྡུག་གི་ལོ་རྒྱུས་ཡང་མང་དུ་ཡོད་དེ། ཨ་མྱེས་ཀྱི་སྤྱི་ཚོགས་གསར་བའི་འཆམ་མཐུན་དང་བདེ་སྐྱིད་ཀྱི་འཚོ་བ་ནི་ངའི་མིག་མཐོང་དུ་ལག་ཟིན་དུ་གྱུར་ཡོད་དོ། །
སྐབས་ལན་རེར། ཨ་མྱེས་ཀྱི་ཕྱིར་དྲན་གྱི་རྟ་ཕོ་སྒྲོག་གིས་མ་ཐུབ་པར་དྲུག་ཅུའི་མུ་གེ་དང་བདུན་ཅུའི་རིག་གནས་ཀྱི་སྐབས་སུ་འཆོར་ཐེངས་རེ་རེར། རྒྱ་མཚོའི་ནང་གི་སྲོག་ཆགས་ཡིན་རུང་ལྕེ་བསྐམས་ནས། རྒྱ་རྫོང་ནགས་ཀྱི་སྟག་མོ་ཡིན་རུང་སྙིང་འདར་བ་ཞིག་ཡིན་ཚོད་འདུག་སྟེ། ངས་ནི་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་ནས་བདུན་ཅུ་བརྒྱད་ཅུའི་བར་གྱི་ལོ་རྒྱུས་མཚོན་པའི་དཔེ་དེབ་མང་དུ་བཀླགས་པ་ལྟར་ན། ཨ་མྱེས་དང་ཨ་མྱེས་ལྟ་བུའི་དུས་རབས་གསར་རྙིང་གཉིས་ཀྱི་བདེ་སྡུག་མྱངས་མྱོང་བའི་མི་དག་ནི་བཀླགས་ནས་ཟད་པ་མེད་པའི་ལོ་རྒྱུས་ཀྱི་དེབ་ཐེར་རེ་རེ་ཡིན་པ་གསལ་བོར་རྟོགས་ཡོང་།
༣
ང་རང་སློབ་ཆུང་ལོ་རིམ་ལྔ་བ་ཡིན་དུས་ཤིག་ལ། ཨ་མྱེས་ཀྱིས་ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མྱེས་ཀྱི་ཆེ་དགེའི་ཚང་མ་ཤེས་ན་མོན་ཕྲུག་ཡུལ་བོར་འདྲ་ཞེས་བདའ་ཚང་གི་ལོ་རྒྱུས་མང་པོ་བཤད་མྱོང་།རྗེས་སུ། རིམ་གྱིས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་པའི་སློབ་གཉེར་གྱི་ཁྲོད་དུ། སྐད་ཆ་དེ་ནི«རླངས་ཀྱི་པོ་ཏི་བསེ་རུ»ཞེས་པ་ཞིག་ལས་དྲངས་པ་ཤེས། རླངས་དཔལ་གྱི་སེང་གེ་མཆོག་གིས་སྐད་ཆ་དེ་འདྲ་ཞིག་བཤད་དུས་སུ། མ་འོངས་པའི་ལོ་ངོ་བརྒྱ་ཕྲག་དུ་མའི་རྗེས་སུ། ངའི་ཨ་མྱེས་ཀྱིས་སྐད་ཆ་དེས་རང་གི་བུ་རབས་ཚ་རྒྱུད་ལ་རང་གི་སྐྱེས་རྒྱུད་ཀྱི་ལོ་རྒྱུས་བཤད་སྲིད་པ་ཡིད་ལ་ཤར་མྱོང་ངམ། ཨ་མྱེས་ཀྱིས་སྐད་ཆ་དེས་དབུ་དྲངས་ནས་རང་གི་ཨ་མྱེས་དང་ཨ་མྱེས་ཀྱི་ཨ་མྱེས་ཡང་མྱེས་སུ་ཞིག་གི་རིང་ལ། བདའ་ཚང་གི་མི་རྒྱུད་མཆེད་སའི་གཙན་ཚའི་ཐང་དུ་ཚེ་ལྷ་ཞེས་ལུས་རྩལ་དྲུག་གི་དར་རྩལ་མཐའ་ན་རྒྱས་ཤིང་བྱམས་སྙིང་རྗེ་ཡིན་རང་དབང་སེམས་ན་ཐོབ་པའི་བུ་རབ་ཅིག་འཁྲུངས་ཚུལ་གླེང་མྱོང་།
ངས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཚང་བཀླགས་པ་ན། གཡོན་རུའི་ཟླ་བ་ཞེས་པར་ཚེ་ལྷ་ཞེས་བུ་རྒོད་ཐོག་རྒོད་འདྲ་བ་ཞིག་སྐྱེས་པས། རྒད་པོ་ཟླ་བ་ཐུགས་ཤིན་ཏུ་དགྱེས་ཏེ་རྟ་མཆོག་ཅིག་གི་རིན་གྱིས་ཤང་ལང་ཞིག་ཉོས་པ་དང་། ཕྱིས་སུ་གཡོན་རུ་སྡེ་བས་བསང་ཁྲི་ཆེ་པོ་ཞིག་བརྩིགས་པའི་གཟུངས་འཇུག་ལ་ཕུལ་བར་བསང་ཁྲི་དཀར་ལྡང་ཞེས་སུ་བཏགས་སྐད། དཔལ་གཡུང་དྲུང་དཀྱིལ་གྱི་ནོར་བུ་དང་གདུགས་རྒྱལ་མཚན་མགོ་ཡི་གསེར་ཏོག་ཅེས་པ་ནང་བཞིན། ཚེ་ལྷས་གཡོན་རུའི་ཚོ་བ་བཅུ་གཉིས་ཀྱི་དཔོན་མགོ་བཟུང་བ་དང་། མགོ་ཀླད་རུས་བུམ་པའི་སྟེང་ལ་ཕྱག་དྲོན་མོ་མིན་ནས་འཇོག་མ་མྱོང་བ་དང་སྐེད་འཁོར་གསུམ་འདབ་མའི་འོག་ལ་སྟག་དར་མ་མ་གཏོགས་འཛུལ་མ་མྱོང་ཞེས་ཁོས་བསང་མེ་མ་གསོས་གོང་ལ་གཡོན་རུ་ཚོ་བ་བཅུ་གཉིས་ཀྱིས་བསང་ཕུད་མི་ཆོག་པའི་ཁྲིམས་ཀྱང་བཅོས་མྱོང་འདུག
ཚེ་ལྷའི་བུ་ལྷ་མཁར་གཡག་གྱིས་དཔོན་མགོ་བཟུང་བའི་སྐབས་ཤིག་ལ། སྡེ་མི་ཞིག་གིས་ཚེ་ལྷ་དང་ལྷ་མཁར་ཡག་གཉིས་མ་བསླེབ་གོང་ལ་བསང་ཕུད་པའི་དོན་རྐྱེན་ལ་བརྟེན་ནས་རྟ་རྐྱང་ངེའི་རྒྱུག་ཁ་ཤོར་ཞིང་གོས་འབྲུག་མོའི་རི་མོ་ནོགས་ཏེ་ཕན་ཚུན་བར་ལ་མི་ཤི་རྟ་འགྱེལ་གྱི་ཆག་སྒོ་བྱུང་བ་དང་། དེ་ལ་རྐྱེན་བྱས་ནས་སྟག་ཐིག་ལེ་ཅན་པོ་ནགས་ལ་གཤར་ཞིང་འབྲོང་རྭ་ཁ་ཅན་པོ་རྫ་ལ་གཤར་ནས་ཚེ་ལྷ་ཕ་བུ་གཉིས་ཀྱི་རུ་ཐོག་མར་མཚོ་སྔོན་པོ་གཡོན་རུ་དང་རིམ་གྱིས་མང་རའི་ཇིད་པར་དུ་ས་བཟུང་བ་ཡིན་འདུག
༤
ཨ་མྱེས་ཁོང་ཨ་མྱེས་གཞན་དག་དང་འདྲ་བར་སྲིད་པའི་གཏམ་བཤད་རྒྱུར་དགའ་བོ་ཡོད། ཨ་མྱེས་ཀྱིས་སྲིད་པའི་གཏམ་བཤད་དུས་ཀྱི་ཉམས་དང་འགྱུར་བ་ནི་གསོན་ཉམས་ལྡན་པ་ཞིག་ཡིན། ཁོས་བཤད་པའི་གནའ་གཏམ་དང་ལོ་རྒྱུས་གང་ཡིན་རུང་། ཁོ་དངོས་སུ་ཞུགས་པའམ་ཁོས་དངོས་སུ་མཐོང་བ་ལྟ་བུ་ཞིག་བཤད་ཡོང་།ཨ་མྱེས་ཀྱིས་བཤད་པའི་ལོ་རྒྱུས་ཁྲོད་དུ་རྟ་མང་ཨ་ཁུ་ཞེས་པའི་མེས་པོ་བྱང་སེམས་ཅན་ཞིག་ཡོད། བཙན་པོ་གཉའ་ནས་གནོན་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་མཁན་གྱི་མེས་པོ་དེའི་མིང་ལ་མང་སྨད་ཀྱི་ལྷ་ཡང་འབོད་སྐད། ངའི་ཡིད་ལ་གླིང་སྒྲུང་དུ་བཤད་པའི་སྐུ་དལ་ལེར་གླང་ཆེན་འགྱིང་འགྲོས། གསུང་དལ་ལེར་ཆུ་ཆེན་ཀླུང་སྒྲ། ཐུགས་དལ་ལེར་དཔྱིད་ཀའི་ཉི་མ། བརྗིད་ཆགས་ལེ་རི་རྒྱལ་ལྷུན་པོ། རྒྱ་ཆེ་ལེ་ས་གཞི་ཆེན་པོ་འདྲ་འདྲ་ཞིག་དྲན་ཡོང་ལ། དྲན་པའི་མོད་མིག་ལའང་ཨག་ཚོམ་དཀར་པོ་བྲང་དཀྱིལ་ཁེབས་ལེ། ཞལ་མཇལ་ན་སྣང་བ་སྤྲོ་ལེ། གསུང་ཐོས་ན་དད་པ་སྐྱེས་ལེ་ཞིག་ཤར་ཡོང་། སྐུ་ཡི་གཟི་བརྗིད་ཆེ་ལུགས་དང་ཤ་རྩ་སྨུག་ལུགས། གསུང་གི་ངག་རྟ་སྙན་ལུགས་དང་ཞལ་ལྕེ་བདེ་ལུགས། ཐུགས་ཀྱི་རྟོགས་པ་མཐོ་ལུགས་དང་རྣམ་དཔྱོད་ཡངས་ལུགས་སོགས་ཀྱང་རང་ཚོད་ཀྱིས་རྟོག་བཟོ་བྱེད་དགོས་པ་ཞིག་བྱུང་།
ཨ་མྱེས་ཀྱི་ལོ་རྒྱུས་སུ་དེ་དང་དེ་ལྟ་བུའི་སྡེ་མགོ་ཚོ་མགོ་སྐྱོང་བའི་མེས་པོ་མང་དུ་ཡོད། གནམ་ས་ཁ་ལོ་བསྒྱུར་རུང་མི་འགྱུར་བ་ཞིག་ཡོད་པ་དང་གནམ་ལྕགས་ཐོག་གིས་བརྒྱབ་རུང་མི་གཏོར་བ་ཞིག་ཡིན་པའི་མེས་པོ་དེ་དག་གི་ལོ་རྒྱུས་གླེང་དུས་སུ། ཨ་མྱེས་ཀྱིས་སྔར་བཞིན་གཏམ་རིང་གཏམ་ཐུང་འཐེན་པར་དགའ། “ང་ལ་ཕ་ས་གསེར་གྱི་གཞོང་བ་ཡོད། བུ་རྟ་ལྕགས་ཀྱི་སེར་བ་ཡོད། ང་ལ་རོང་མོ་བུ་བཞི་ཡོད། གནམ་སའི་ཀ་བཞི་ཡོད། སྟག་མོ་མཆེ་བཞི་ཡོད། ངའི་བཙན་ལོ་ལམ་ལ་ཁྱབ་ཡོད། ཕྱུགས་རྫ་ལམ་ལ་ཁྱབ་ཡོད།”ཅེས་སུ་བཤད་པའི་རོང་མོ་བུ་བཞི་ནི་དཔའ་རྩལ་དྲུག་ལུས་ལ་རྫོགས་པ། མཚན་སྙན་གྲགས་གླིང་ལ་གྲགས་པ། མགོ་སྤྱི་བོའི་སྟེང་གི་བུམ་པ། གསུང་ཅི་འབྱོན་ལྕེ་ཐོག་བདུད་རྩི། ལས་ཅི་བྱས་ཚོ་དྲུག་སྤྱི་ཆུས། དགྲ་བྱུང་ན་མདུང་མོ་མཉམ་བསླངས། གྲོགས་བྱུང་ན་གྲི་རྩེས་ཁམ་བགོས་ཡིན་པ་ཤེས་ཐུབ།
དེ་རིང་སླར་ཡང་ཕྱིར་འདང་རེ་བརྒྱབ་ན། དེ་དུས་ཨ་མྱེས་ཀྱིས་དམིགས་མེད་ངང་བཤད་པའི་མེས་པོའི་ལོ་རྒྱུས་དེ་དག་གི་དམིགས་ཡུལ་གསལ་བོར་ཤར་ཡོང་། དུས་ནི་མི་འགྱུར་མི་ནི་འགྱུར་བའི་རང་བཞིན་དུ་གྲུབ་པའི་ཁ་སང་དེ་རིང་གི་དུས་འདིར། མེས་པོ་དམ་པ་གོང་མ་དག་གི་ཕྱག་རྗེས་བསུབ་མཁན་གྱི་ཕ་མེས་བླ་འཚོང་མཁན་ནི་ཇེ་མང་ནས་ཇེ་མང་དུ་འགྲོ་བ་ནི། ཨ་ལགས་དམུ་དགེ་བསམ་གཏན་ཚང་གིས་རང་རིགས་སེང་གེའི་འགྱིང་བག་དང་ལྡན་པ་ཉུང་ཞིང་ཁྱི་ཚོགས་ནང་དམུར་གྱི་དཔེ་ཡང་སྣང་ཞེས་པ་ནང་བཞིན། ཕ་ཨ་ཁུའི་རུས་པ་གསེར་གྱིས་བརྒྱན་པ་ལྟ་ཅི། སྐྲ་དཀར་པོ་སྐྱི་བསེར་རླུང་ལ་བསྐུར་མཁན་ཇེ་མང་དུ་འགྲོ་བཞིན་པས་ན། ཕ་མེས་ཡང་མེས་ལྟ་བུའི་བསྐལ་བའི་ལོ་རྒྱུས་ལྟ་ཅི་མི་རབས་གོང་འོག་འདིའི་ལོ་རྒྱུས་ལ་གསལ་ཆ་ཅན་ཀྱང་ཉུང་དུ་གདའ།
༥
ཨ་མྱེས་ཁོང་འཛམ་གླིང་གེ་སར་རྒྱལ་པོའི་སྒྲུང་བཤད་རྒྱུར་དགའ་བོ་ཡོད། “དེ་ཡང་། སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་རིན་པོ་ཆེ་དེ་ཉིད། སེར་པོ་ཧོར་གྱི་ཕ་ཡུལ། ཨ་ཆེན་ཐང་པ་གྲུ་བཞི། ཧོར་ཡུལ་ངོམ་ཐང་སྐྱ་མོ། ཆོས་མེད་སྡིག་པའི་ཕ་ཡུལ། མ་ཎི་བཏོན་ན་འཕྱ་ཁ་བྱེད་ས། ཕྲེང་བ་བཟུང་ན་རྣམ་རྟོག་བྱེད་ས། བསྐོར་བ་བྱས་ན་ཀླད་ཡུ་འཁོར་ས། ཆོས་འཁོར་བསྐོར་ན་ཞེན་པ་ལོག་ས། བླ་མ་རིག་ན་འཚིག་པ་ཟ་ས། དྲིལ་བུ་ཐོས་ན་སྙིང་རླུང་འཕར་ས། ཡི་གེ་བལྟས་ན་མིག་སྲིན་ལངས་ས། བུམ་ཆུང་མཐོང་ན་གཅིན་ཁུ་བླུགས་ས། ཆོས་སངས་རྒྱས་གླེང་ན་ཆད་པ་གཅོད་ས་དེར་ཕེབས་པ་ན།”ཞེས་གླིང་སེང་ལྕམ་འབྲུག་མོ་ཧོར་ལ་འགྱུར་བའི་སྒྲུང་གི་པར་གཞི་ཞིག་གླེང་རྒྱུ་ཡོད།ངའི་བག་ཆགས་ཁྲོད་ཀྱི་འབྲུག་མོ་ནི་དེ་ལྟ་དེ་ལྟར་ཧོར་ཡུལ་སྟོད་པ་སྡེ་ཕྱུག་ཕྱུག ས་ཆ་བཙན་བཙན། ཤན་པ་རྒོད་རྒོད། རྒྱལ་པོ་ཆེ་ཆེ། རྒྱལ་མོ་སྐྱིད་སྐྱིད་དེ། ཁ་སྐྱིད་ཁོག་ལ་མི་ཤོང་བ། སེམས་སྐྱིད་ལུས་ལ་མི་ཆགས་པ་ལྟ་བུས་ཧོར་ཀུ་ཡངས་གནམ་གྱི་རྒྱལ་བོ། ཐམ་ཀ་དམར་པོའི་རྩེ་ཡ། ལྷོ་འཛམ་བུ་གླིང་གི་སྙིང་བཅུད། སྒོས་ཧོར་སེར་དཀྱིལ་གྱི་ནོར་བུ་ལ་ཞེ་ཆགས། སེམས་འཁོར། བློ་གཏད་དེ་བསྡད་པ་ཞིག་ཡེ་ནས་མེད་མོད། ནམ་ཞིག་གྲོགས་པོ་རྒུ་རུ་བ་རྡོའི་འོས་སྦྱོར་ལ་བརྟེན་ནས། ཕར་ལ་བལྟས་ན་ཧོར་མོ་འདྲ་བ། ཚུར་ལ་བལྟས་ན་གླིང་མོ་འདྲ་བའི་འབྲུག་མོའི་སྣང་བརྙན་དེ་ནི«ཧོར་ལེའུ་གླུ་ཡི་གཞུང་ཤིང»དུ་ཡོད་པ་ཐོག་མར་བཀླགས་ཤིང་། དེ་དུས་ཨ་མྱེས་ཁོང་གིས་བཤད་ཤེས་པའི་ཧོར་གླིང་གཡུལ་འགྱེད་ཀྱི་པར་གཞི་དེ་ནི་སྡེ་དགེ་པར་མ་འདི་ཡིན་པ་གཞི་ནས་རྟོགས།
མ་གཞི། གླིང་ལས་ཧོར་གྱིས་གཅེས་ཤིང་ཧོར་གྱི་གུར་དཀར་དཔོན་གྱིས་ལྷག་པར་གཅེས་པའི་མདོ་ཁམས་རྒྱལ་མོ་འབྲུག་མོ་དེ། ཤ་རང་སྣང་རྒྱས་པའི་སྟོབས་ཤུགས་དེ་དང་གཅིག ལུས་ཐིག་ལེ་བཀྲ་བའི་ང་རྒྱལ་དེ་དང་གཉིས། མགོ་རུ་ཐུར་རྒྱས་པའི་མཚོན་རྔམ་དེ་དང་གསུམ། བྱ་དེ་ཕོ་འདྲ་བའི་འཕྱོར་ཆས་དེ་དང་བཞི། དགུང་སྔོན་མོ་འདྲ་བའི་སྣང་བ་དེ་དང་ལྔ། ར་ཚེ་ཚེ་འདྲ་བའི་མཐོང་འབྱར་དེ་དང་དྲུག བྱིའུ་མཆིལ་བ་འདྲ་བའི་འདོད་ཆགས་དེ་དང་བདུན། དེ་བདུན་ལུས་ལ་ཚང་ལེ་གཅིག་བྱས་པའི་ངག་རྒྱུན་དེ་ཡང་དེ་ལྟར་གླིང་མི་ཁར་གྲགས་པ་ཡིན་འདུག མ་གཞི་སྐྱ་ལོའི་སེང་ལྕམ་འབྲུག་མོའི་མི་ཁ་དེ་ཡང་ཨ་མྱེས་ཁོང་གི་ཁ་རླངས་ལ་འབྲེལ་བ་དམ་པོར་ཡོད་འདུག
དེ་ཡང་གཙོ་བོ་མ་ཡིན་ཏེ། ང་ནི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དེ་ལྟར་མཐོ་བ་ལྷ་སྒྲུང་ནས་དམའ་བ་མི་སྒྲུང་དུ་བབས་པ་དེ་ལ་དགའ། གླིང་རྗེ་སེང་ཆེན་ཡིན་ན་འདྲ་ལ་སྐྱ་ལོའི་འབྲུག་མོ་ཡིན་ནའང་འདྲ། དགའ་སྡང་གསལ་ཞིང་ཞེ་འདོད་ཚ་བོ་དེ་འདྲ་ཡོད་ཀྱང་ཡོད་ལ་གསལ་ཀྱང་གསལ་པའི་པར་གཞི་དེ་ལ་དགའ། མི་གཤིས་དང་སྒེར་གཤིས་གང་ཞིག་ཡིན་རུང་མིའི་ནང་སྙིང་གི་གཉོམ་སོ་དེ་ལྟར་ལྷང་ལ་བུད་པར་དགའ།
༦
ཨ་མྱེས་ཁོང་ནི་གཟུ་བ་ཞིག་ཡིན། གཟུ་བ་ཞིག་བྱེད་པའི་ཐོག་མའི་ཆ་རྐྱེན་ནི་དྲང་བདེན་གྱི་རྒྱ་ལུང་འཛིན་མཁན་ཞིག་ཡིན་དགོས་པ་སྟེ། ཨ་མྱེས་ཀྱི་རྒྱུན་པར་གཟུ་ཞེས་པའི་ཐ་སྙད་དེ་ཡང་མ་གཞི་ནས་དྲང་བོ་དང་ཕྱོགས་ཞེན་མེད་པ་ཞིག་ལ་གོ་བ་རེད་པས། ཁ་སྐྱི་མོས་ཕུ་བཤད་མདོ་བཤད་མི་བྱ་བ་དང་ངོ་སྐྱི་མོ་གཉེར་ནས་སུམ་བཀུག་མི་བྱ་བ། གཏམ་དྲང་ནས་བུད་དེ་དྲང་མོར་བཤད་པ་དང་བོའུ་དྲང་མོའི་ངང་ནས་འབེན་ལ་ཕོག་པ་དེ་ནི་གཟུ་བ་ཞིག་བྱེད་པའི་མ་མཐའི་ཆ་རྐྱེན་ཡིན་དགོས་ཟེར་བར་བྱེད་ལ། བཙན་པོ་གཉའ་ནས་གནོན་མཁན་དང་གཉོམ་ཆུང་མཐའ་ནས་སྐྱོང་མཁན། མི་རྒོད་བཙོན་ལ་འཇུག་མཁན་དང་རྟ་རྒོད་སྒྲོག་ལ་རྒྱག་མཁན་ཡིན་པའི་ཨ་མྱེས་ཀྱི་ལོ་རྒྱུས་ཀྱང་ཁོང་གི་གཟུ་བཤད་ཀྱི་ལོ་རྒྱུས་ཁོ་ནས་མཚོན་ཆོག་ཆོག་ཅིག་ཡིན་འདུགང་ནི་སྐྱེས་པ་སྒྱིད་ལུག་ཅིག་ཡིན་པའི་དབང་གིས། ཨ་མྱེས་འཚོ་བཞེས་ཀྱི་སྐབས་སུའང་བོད་གངས་ཅན་གྱི་ཐུན་མོང་ལ་དབང་ཞིང་ཐུན་མོང་མ་ཡིན་པའི་གཟུ་ཡི་རིག་གནས་འདིར་རྒྱུས་ལོན་ཆེར་བྱས་མ་མྱོང་ལ། ད་ལྟ་ཨ་མྱེས་རྗེས་སུ་དྲན་པའི་གདུང་བ་ཧ་ཅང་ལྕི་དུས་འདིར་ཡང་གཟུ་ཡི་སྐོར་ལ་སྐད་ཆ་གསར་བ་ཅི་ཡང་མི་ཤོད་པར་འདུག་མོད། མིའི་རིགས་འཚོ་སྡོད་ཀྱི་ཁོར་ཡུག་ཆེ་མ་ཆུང་གསུམ་གང་དུའང་གྱོད་སྣ་ཁ་མཆུ་ཆེ་མ་ཆུང་གསུམ་ཅི་རིགས་འབྱུང་སྲིད་པ་ནང་བཞིན། དེ་ལ་བླ་མ་དཔོན་པོའི་སྐུ་ཚབ་ངོ་ཚབ་དང་སྡེ་བ་ཚོ་བའི་ཁ་མགོ་བ། ཆོས་དང་འཇིག་རྟེན་ལ་མཁས་པའི་ལོ་ལོན་བསམ་ཤེས་སུ་ཞིག་གཟུ་བར་འདེམ་ནས་གྱོད་བཤད་སྲོལ་ཡོད་དེ། སྤྱི་ཚོགས་རྙིང་བ་ལྟ་ཅི། སྤྱི་ཚོགས་གསར་བའི་ཁྲིམས་སྲོལ་འཐུས་ཚང་གི་འོག་འཆམ་མཐུན་མཉམ་གནས་ཀྱི་རྫོགས་ལྡན་དུས་སུའང་། ཨ་མྱེས་འཚོ་སྡོད་ཀྱི་ས་གནས་སུ་ཐུན་མིན་གྱི་གཟུ་བཤད་རིག་གནས་འདིར་ཆག་འཇིག་ཉམ་ང་གང་ཡང་མ་ཐེབས་པར་ཐུན་མོང་གི་ཁྲིམས་སྲོལ་ཅིག་ཏུ་གྱུར་ཡོད་པ་རེད།
ཨ་མྱེས་ཁོང་གི་སྲིད་པའི་གཏམ་ལྟར་བཤད་ན། ཨ་མྱེས་ནི་ཆུང་དུས་ནས་གཏམ་བཤད་ན་ཁ་ལྕེར་སྐག་སྒྲ་གྲགས་པ་ཞིག་དང་རྒྱན་བཞག་ན་མཛུབ་མོར་ཤག་སྒྲ་གྲགས་པ་ཞིག་ཀྱང་ཡིན་སྐད། ངའི་དྲན་པའི་ཁྲོད་དུ། དགྲ་རི་དྭགས་ཕག་ནས་མི་ཤ་ལེན་མཁན་དང་གཏམ་ཁ་ལྕེ་ཕག་ནས་རྟ་ཤ་ལེན་མཁན་ཡིན་པའི་ཨ་མྱེས་ཀྱི་དུས་ཚོད་དག་ནི་གྱོད་དང་གཟུ་ཡི་ཁྲོད་ནས་འཁོར་བ་འདྲ་ལ། ཨ་མྱེས་ཀྱི་ལོ་ཟླ་ནི་གཏམ་དང་ཁ་ལྕེའི་ཁྲོད་ནས་ཟད་པ་འདྲ་མོད། རྐུ་ལ་ལན་དང་སྡང་ལ་བྱམས། དུག་ལ་སྨན་དང་དགྲ་ལ་ཟིན་མཆིས་པ་སོགས་ནི་འཇིག་རྟེན་མི་ཆོས་དང་དམ་པའི་ལྷ་ཆོས་གང་ལའང་མཐུན་པ་ནང་བཞིན། ཨ་མྱེས་ཀྱི་མི་ཚེ་ཡང་མིག་བར་གྱི་གདོང་བ་དང་ཆུ་དཀྱིལ་གྱི་ཕ་བོང་སྟེ། ཉེ་རིང་མེད་པའི་གཏམ་བཤད་དེ། ཡོ་གཟུར་མེད་པའི་ཐིག་འཐེན་ནས་ཚེ་མཇུག་ལ་སླེབས་དུས། དཔོན་བྱང་སེམས་ཅན་ལ་རུ་སྡེ་འཁོར་བ་དང་རི་སྨུག་པ་ཅན་ལ་རི་དྭགས་འཁོར་བའི་ཆོས་ཉིད་བཞིན། ཨ་མྱེས་ཀྱི་མཚན་སྙན་དེ་ནི་རྨ་ཕར་རི་ཚུར་རི་དང་མཚོ་གཡས་རི་གཡོན་རུ། སྤྱི་མང་འབའ་བྱ་གསུམ་ནས་སྒོས་ཀ་གྱ་བདའ་ཚང་དང་བཅས་པའི་སྡེ་བ་ཆེ་ཆུང་དང་ཚོ་བ་མང་ཉུང་ག་ས་གང་ལ་གྲགས་ཡོད་ཚུལ་ནི། བོས་ན་མིང་ཅན་དང་བགོས་ན་སྐལ་ཅན་ཡིན་པ་ཁོ་ནས་ཀྱང་མཚོན་ཐུབ་པ་ཞིག་ཡིན་ནའང་། ངའི་ཡིག་འབྲུ་འདི་དག་ཁོ་ནས་མཚོན་ཐུབ་ཀྱིན་མི་འདུག
༧
ཨ་མྱེས་ཀྱིས་རྒྱུན་པར། “ཁ་མ་རྒས་ཨ་ལོ་ཙན་ན་ཡོད་དུས། མིག་མ་རྒས་ཆག་ག་མཐའ་ན་ཡོད་དུས། ལུས་མ་རྒས་འབྲུ་ཤུག་རྩེ་བརྒྱད་ཡིན་དུས། མགོ་འཕང་ཁ་དཀར་རྐྱང་ཡིན། ད་དུང་རྐྱང་གི་མཐོ་ཡིན་མོད། ད་ནི་མི་བཟང་བོ་དྲུག་ཅུ་ལོ་ཡིས་ཐུབ། གོས་བཟང་བོ་དབྱར་གསུམ་ཆུ་ཡིས་ཐུབ་པའི་ཚེ་ན། མིག་གིས་རི་ཆེན་འགུལ་ན་མི་རིག་གི རྣ་བས་དུང་ཆེན་བུས་ན་མི་གོ་གི ལོ་ཚེ་སྟོད་ཚར་བའི་ཚེ་སྨད་ཡིན། ནམ་གུང་ལ་སླེབས་པའི་ནམ་སྨད་ཡིན། ལག་པས་སྲབ་སྐྱོགས་མི་ཐུབ་ཀི རྐང་བས་ཡོབ་ཆེན་མི་ནོན་གི”ཞེས་སུ་ཟེར་བར་བྱེད། དྲང་མོར་བཤད་ན། རྩོམ་ཡིག་འདི་བྲིས་ནས་མཚམས་འདིར་སླེབས་ཚེ། ངས་ཨ་མྱེས་ཁོང་ལ་རྗེས་དྲན་བྱ་བ་མ་ཡིན་པར། ཨ་མྱེས་ཀྱི་ཨ་མྱེས་དང་དེའི་ཨ་མྱེས་ཡང་མྱེས་དག་ལ་ཚང་རྩིས་བྱེད་ཀྱིན་འདུགངོ་མ། ང་ཚོས་ད་དུང་ཚང་རྩིས་བྱེད་དགོས་ས་མང་པོ་ཞིག་ལུས་འདུག་ཨང་།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།