«ཟངས་ཀྱི་མེ་ལོང་ནང་གི་འཇིག་རྟེན»གྱི་མཇུག་བྱང་།

རྩོམ་པ་པོ།:འཆི་མེད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-01-11 09:21:29 ཀློག་གྲངས།:
གྲོག་མའི་སུག་རྗེས།
            མཇུག་བྱང་གི་ཚབ་ཏུ།
 
       མཇུག་བྱང་འདི་འབྲི་དུས། སྤྱི་འགྲོས་ལྟར་གྱི་བཀའ་དྲིན་ཞུ་ས་དེ་དག་ང་ལ་གཅིག་ཀྱང་མེད་པས། ངས་འདིར་བྲིས་བྲིས་ཐམས་ཅད་ཆ་འཇོག་དང་གཏད་སོ་མེད་པའི་རྒན་མོའི་གོ་གཏམ་ཙམ་དུ་འགྱུར་སྲིད་ཀྱང་། ངས་དེ་དག་ལ་སྣང་དོགས་མི་བྱེད། ངས་ནི་རང་གི་ནང་སེམས་ནས་ཐོན་པའི་སྐད་ཆ་དག་ང་རང་གི་སྨྱུག་གུ་སྤྱད་དེ་འབྲི་བཞིན་ཡོད་པས་ཡིན། ང་ནི་སྙན་ངག་གི་ཆེད་དུ་སྙན་ངག་འབྲི་མཁན་དེའི་རིགས་མིན་པས། འདི་སྙན་ངག་རེད་དང་ཀན་སྙན་ངག་མ་རེད་ཀྱི་ས་རྩོད་ཆུ་རྩོད་ལའང་རྣ་བ་གཡོར་གྱིན་མེད།
       ཁྲིགས་ཁྲིགས་མེད་ན་བྲིས་བྲིས་ཐམས་ཅད་དངོས་གནས་གྲོག་མའི་སུག་རྗེས་ནང་བཞིན་གཏིང་མི་ཟབ་ལ་ཐར་ཐོར་ཞིག་ཀྱང་ཡིན་ཤག་ཤག་ལགས་མོད། ངས་དེར་ཡང་སྣང་དོགས་བྱ་དོན་མེད། རྩོམ་རིག་ནི་མིའི་རིགས་ཀྱི་ཡིན། མོས་པ་ནི་རང་རང་སོ་སོའི་ཡིན།
       ང་ལ་མཚོན་ན་སྐྱེས་ཆེན་དམ་པ་རྣམས་ཀྱི་རྣམ་ཐར་དང་བོད་རང་གི་སྲོལ་རྒྱུན་གྱི་བྱིས་གླུ་དང་ཁེད། ལ་གཞས་སོགས་བཀའ་དྲིན་ཤིན་ཏུ་ཆེ་སྟེ། དམ་པ་རྣམས་ཀྱིས་ངའི་ནང་སེམས་ལ་འོད་སྣང་བསྩལ་ཅིང་། བྱིས་གླུ་དང་ཁེད། ལ་གཞས་སོགས་ཀྱིས་ངའི་བྱིས་དུས་ཀྱི་འཚོ་བར་མཚར་སྡུག་གི་དགའ་སྤྲོས་ཁེངས་པར་བྱས་པ་དཔེར་ན། དེང་གི་བྱིས་པ་ཚོར་ཁ་པར་དང་རོལ་རྩེད་གང་འདོད་འདོད་རྩེ་རྒྱུ་ཡོད་པ་དང་འདྲ་ཞིང་། ཞིང་ཁར་ཡུར་མ་ཡུར་བར་སྐྱོད་དུས་དང་རི་ན་ཟོག་རྫི་ཡིན་དུས་ཁེད་དང་ཐེ་གེ་འགྲན་སྡུར་བྱེད་ཅིང་། སྐད་སྙན་མོའི་འགྱུར་ཁུགས་མེད་ནའང་ལ་གཞས་རེ་ཕན་ཚུན་ལེན་རེས་བྱེད་དུས། དངོས་གནས་སྐབས་སྐབས་སུ་ང་རང་རྒྱལ་འགྲོ་བས། སྐབས་དེའི་ངའི་སྣང་བ་ནི་དེང་གི་གཞོན་ནུ་མ་རྣམས་ལ་ཁུག་མ་ཟོང་རྟགས་གྲགས་ཅན་རེ་དང་ལྭ་བ་གོང་ཆེན་རེ་ཐོབ་ཚེ་སྣང་བ་ནམ་མཁར་སྤུར་འགྲོ་བ་དང་ཨ་ན་མ་ན་ཡིན། 
       ང་རང་ཅུང་ཙམ་ནར་སོན་པ་དང་ཡི་གེ་ཅུང་ཙམ་ཤེས་པ་ནས། ཨ་ཅེ་ལགས་ཀྱིས་མཚམས་མཚམས་སུ་ང་ནི་མོའི་ཉལ་རོགས་སུ་བོས་ཏེ། ངའི་ལས་བྱའི་འབྲི་དེབ་སྟེང་ལ་གཞས་བྲི་རུ་བཅུག་ནས་ཁྱེར་འགྲོ་ནའང་། ཕྱི་ཉིན་མོས་འབྲི་དེབ་སོ་མ་རེ་ཉོས་ནས་ང་ལ་སྐྱིན་ཚབ་སྤྲོད་ཀྱིན་ཡོད། 
       དགུང་སྔོན་པོ་ལྷོ་འགྲོ་བྱང་འགྲོ་རེད། །
       ལྷོ་བྱང་ལ་འགྲོ་རྒྱུ་ཅི་ཤེས་མོད། །
       འགྲོ་ངོ་མ་ཆུ་འབྲུག་སྔོན་མོ་རེད། །
       … 

       རྫ་མགོ་བསྐོར་ནས་ཁངས་རེད། །
       རྫ་མཐའ་བསྐོར་ནས་སྨུག་རེད། །
       ཁངས་སྨུག་གཉི་གའི་བར་ན…
       སོགས་མང་བོ་ཞིག་ཨ་ཅེས་ང་ལ་འབྲི་རུ་བཅུག་རྗེས་ངའི་བློ་ལའང་ངེས་པར་གྱུར་ཅིང་། རིམ་གྱིས་རིམ་གྱིས་ལོ་ན་ཚོད་སྨིན་པ་དང་བསྟུན་ནས། རང་གི་འཁྱེར་སོ་དང་བཤད་འདོད་པ་མང་བོ་ཞིག་ལ་གཞས་ཁྲོད་མཐོང་ཡོང་བས། ང་རང་ལྷག་ཏུ་ལ་གཞས་ལ་དགའ་བར་གྱུར་ནའང་། ལ་གཞས་ལ་དགའ་བ་དེས་ང་ལ་ལོ་ཚོད་ཀྱིས་མི་ཐེག་པའི་མི་ཁའང་འཁོར་མྱོང་།
       སློབ་ཆེན་དུ་ཡོད་དུས་ཟླ་ངོ་རེ་རེར་སློབ་གྲྭས་སློབ་མ་བུ་མོ་ཚོར་གཙང་ཤོག་བག་ཆ་གཉིས་རེ་རིན་མེད་སྒོས་སྟེར་གྱིན་འདུག ཟླ་རེའི་ཟླ་མཇུག་གི་གཟའ་སྤེན་པའི་ཕྱི་དྲོར་འཛིན་གྲྭའི་སྐྱོར་དཔོན་གྱིས་གཙང་ཤོག་སློབ་ཁང་དུ་ཁྱེར་ཡོང་ནས་སྟེར་བ་རེད།
       སྐབས་དེར་ངའི་སེམས་སུ། སློབ་གྲོགས་བུ་མོ་འདི་ཚོར་ཟླ་མཚན་འབབ་ཀྱིན་པར་དཔག་ན། འདི་ཚོ་མིར་ཐུག་འདུག་པ་ཁོ་ཐག་རེད་བསམས་ནས་ལྟ་ཚུལ་ཡག་པོ་ཞིག་མ་བཟུང་། དེ་ནི་ང་ཁོ་ནའི་སེམས་ཀྱི་འཛིན་ཚུལ་ཞིག་ག་ལ་ཡིན། དཔེར་ན། བུ་མོ་ཞིག་སྐྱེས་པ་ཞིག་ལ་འབྲེལ་བ་དམ་ཟབ་ཡོད་པ་ཤེས་ཚེ་ཚང་མས་བུ་མོ་དེ་ལ་ལྟ་ཚུལ་ཡག་པོ་མི་འཛིན། དེའི་སྟབས་ཀྱིས་ངས་ནི་རང་ཉིད་སྐབས་དེའི་མི་རྣམས་ཀྱི་མིག་ནང་གི་མི་ཚད་ལྡན་ཞེས་པའི་ཚད་ལྡན་དེ་འདྲ་ཞིག་ཡིན་པ་མཚོན་བྱེད་དུ་སློབ་གྲྭས་བྱིན་པའི་གཙང་ཤོག་དེ་མ་བླངས་པ་ཡིན། དེ་ནི་ང་ལ་ཟླ་མཚན་འབབ་ཀྱིན་མེད་ཟེར་འདོད་པས་ཡིན། དེ་ནི་ང་སྤྱོད་གཙང་ཡིན་པ་མཚོན་ཆེད་དུ་ཡིན།
       ང་འདི་གླེན་པ་ལ། ཟླ་མཚན་འབབ་མི་འབབ་དང་མིར་ཐུག་མ་ཐུག་གཉིས་ལ་འབྲེལ་བ་གཏན་ནས་མེད་པ་ངས་ཁྱོན་ནས་མ་ཤེས།
       དེ་བཞིན་དུ་ངའི་སློབ་གྲོགས་མ་དེ་ཚོས་ཀྱང་ང་ལ་ལྟ་ཚུལ་ཡག་པོ་ཞིག་ཡེ་ནས་བཟུང་མེད་དེ། རྒྱུ་མཚན་ནི་ངས་ལ་གཞས་ཤེས་པས་རེད། དེ་ཚོས་མངོན་ལྐོག་གང་དུའང་པདྨ་འཚོས་ལ་གཞས་མང་བོ་ཤེས་པས། ཀུན་སྤྱོད་གཙང་མ་མེད་ཅེས་ང་ནི་འཕྱོན་མ་ལྟ་བུ་ཞིག་ཏུ་སྤུར་ཞོར། རང་རང་མི་ཚད་ལྡན་ཡིན་པ་སྒྲུབ་བྱེད་དུ་ངས་ལ་གཞས་ཚིག་གཅིག་ཀྱང་མི་ཤེས། ང་ལ་གཞས་ལ་དགའ་ཡང་མི་དགའ་ཞེས་ཀྱང་སྒྲོག
       ཕན་ཚུན་ལ་ལྟ་ཚུལ་ངན་པ་དེ་འདྲ་ཞིག་འཛིན་དགོས་པར་ང་ཚོ་སུ་ལའང་ཁག་མེད་དེ། དེ་ནི་སྐབས་དེའི་སློབ་གསོའི་མཁའ་དབུགས་ཡིན། སྤྱི་ཚོགས་གནས་བབ་ཡིན། མདོར་ན་སྐབས་དེའི་རིག་གནས་ཡིན།
       འོ། ད་རུང་དེས་ག་ལ་ཚད། སྐབས་དེར་མི་ཚང་མ་རྫུན་མ་འཁྲབ་པར་ཡང་དགའ་སྟེ། ངས་ནི་སློབ་ཆུང་འགྲིམས་མ་ཐག་ནས་རྫུན་མ་འཁྲབ་ཤེས་པར་གྱུར།
       དེ་ཡང་ང་སློབ་ཆུང་ལོ་རིམ་གཉིས་པའི་སྐབས་ཤིག་ཡིན་པ་དང་འདྲ། ངའི་བྲིས་མི་ཡག་པས་ཕུ་བོ་དང་ཨ་མ་གཉིས་ཀྱིས་རྒྱུན་པར་གཤེ་གཤེ་གཏོང་གིན་ཡོད།
       ཉིན་ཞིག་ང་ཐབས་ཟད་དེ་ང་ཚོའི་འཛིན་གྲྭའི་ནང་གི་སློབ་གྲོགས་བུ་མོ་ཞིག་ལ་ངའི་ལས་བྱ་འབྲི་རུ་བཅུག་རྗེས། དགེ་རྒན་གྱི་དཔྱད་འཇོག་དང་བཅས་ཕུ་བོ་དང་ཨ་མ་གཉིས་ལ་བསྟན་པ་དང་། ཨ་མ་ལགས་ཧ་ཅང་མཚར་ཉམས་ཀྱིས། ཨ་ཙི་ཡིག་གཟུགས་དེ་འདྲའི་ཡག་པ་ལ། ཁྱོད་ནི་ཡར་རྒྱས་དེ་འདྲའི་མགྱོགས་པ་ལ་ཟེར་བ་ལས། ཕུ་བོས་ཚིག་གཅིག་ཀྱང་བཤད་མ་བྱུང་། ང་ནི་ང་རྒྱལ་ཁེངས་དྲེགས་དང་བཅས་ཁོང་གཉིས་ཀྱི་མདུན་ནས་ཧང་འགྲོ་བྱས།
       ཨ་མ་ལགས་ཀྱིས་ཀ་ཁའི་མགོ་རྔ་ཙམ་ཡང་མི་ཤེས་ནའང་། ཡིག་གཟུགས་མིག་ལ་གྲ་དག་མིན་ཤེས་ཀྱིན་ཡོད། ཕུ་བོ་ལགས་ཀྱིས་ཚིག་གཅིག་ཀྱང་མི་སྨྲ་བ་དེས་ངའི་ཡིག་གཟུགས་མིན་པ་ཏན་ཏན་ཤེས་ཡོད་ནའང་ཁོས་ངའི་རྫུན་རྐུབ་མ་བརྟོལ། ཕུ་བོ་མཁས་པ་རེད།
       ཕྱི་ཉིན་ནས་སྔར་བཞིན་ལན་གཉིས་ཙམ་ལ་ལས་བྱ་སློབ་གྲོགས་བུ་མོ་དེ་ལ་འབྲི་རུ་བཅུག་མོད། ཡིན་ནའང་ངའི་ལས་བྱ་ནི་མོས་ནམ་ཡང་འགན་གཙང་ལེན་བྱ་རྒྱུ་དེ་དཔེ་མི་སྲིད་པས། མཐར་ཐུག་ངའི་ལས་བྱ་ངས་བྲི་དགོས་པར་གྱུར་སོང་།
       སློབ་གྲོགས་བུ་མོ་དེ་ནི་ང་ལས་སློབ་སྦྱོང་ལ་བཟང་ཞིང་། ང་ལས་ལོ་འགས་ཆེ་བས། བསམ་ཤེས་ཚད་སོགས་ཀྱང་ང་ནི་མོའི་གམ་དུ་ཕྱོགས་ཡོངས་ནས་ཆུང་ཆུང་ཞིག་ཡིན། 
       ཡིག་གཟུགས་དེའི་སྟེང་ནས་ངས་ཨ་མ་ལགས་དང་ཕུ་བོ་གཉིས་ལ་རྫུན་བཤད་པ་དང་། ཨ་མ་ལགས་ཀྱིས་ངའི་ཡིག་གཟུགས་མིན་པ་ཤེས་མེད་མོད། ཕུ་བོས་ཚིག་གཅིག་ཀྱང་མ་བཤད་པ་དེས་ངའི་ཡིག་གཟུགས་མིན་ཚུལ་རྟོགས་འདུག་པ་གསལ་བཤད་བྱས་པས། དོན་དེ་ངའི་གནོན་ཤུགས་སུ་གྱུར་ཅིང་།   ལྷག་ཏུ་ངོ་ཚར་གྱུར་ཏེ་ངས་ཨ་མ་དང་ཕུ་བོ་གཉིས་ལ་གདོང་གཏོད་མ་ཐུབ། 
       ཡིན་ནའང་རྐྱེན་ངན་གྲོགས་ཤར་ཟེར་བ་བཞིན་དོན་དེར་རྐྱེན་བྱས་ཏེ། ངས་ཡིག་གཟུགས་ལེགས་པོར་སྦྱངས་ཤིང་། སྒོས་སུ་ཨ་ཁུ་ལོ་ལོན་གྱི་མདུན་ནས་འབད་པ་བྱས་ཏེ་དབུ་མེད་སྦྱངས་པས། ངས་ལོ་རིམ་ལྔ་པའི་སྐབས་ནས་ལས་བྱ་དབུ་མེད་ཀྱིས་བྲིས་པ་ཡིན། དེ་བས་ད་ལྟ་ཡིན་ནའང་རང་གི་ན་མཉམ་ཚོའི་ཁྲོད་དུ་རྒྱ་ཡིག་དང་དབུ་ཅན། དབུ་མེད་གང་བྲིས་ཀྱང་ངས་རང་ཉིད་ཅུང་ཆོག་ཅེས་མགྲིན་པ་གཟེངས་སུ་བཏེགས་ཏེ་སྨྲ་ཆོག་ཆོག་ཡིན། 
       གལ་སྲིད་ངས་ཨ་མ་ལགས་ལ་རྫུན་བཤད་པ་དེ། མོ་རང་གསོན་ངོགས་ན་ཡོད་དུས་ངས་མོར་གསལ་བོར་བཤད་ཡོད་ན། ངའི་སེམས་ཀྱི་གནོང་འགྱོད་རིགས་གཅིག་ཇེ་ཉུང་དུ་སོང་ཡོད་ཀྱང་སྲིད་མོད། འོན་ཀྱང་ངས་མོར་དེའི་སྐོར་གསལ་བོར་བཤད་ལོང་མ་བྱིན་པར་མོ་རང་ཕེབས་སོང་བས་ངའི་འགྱོད་སེམས་ཇེ་ཆེར་གྱུར། གཅིག་ན་ངས་ཨ་མ་ལགས་ལ་གཏན་དུ་མི་བཤད་ནའང་ཐང་། ངས་རང་ཉིད་མི་རྫུན་མ་ཞིག་ཡིན་པ་གཞན་ལ་ཤེས་སུ་འཇུག་མི་འདོད།
       ངའི་སྐྱུག་བྲོ་བའི་བྱ་བྱེད་དེ་ད་ལྟའི་བར་དུ་མི་གཅིག་ལའང་བཤད་མ་མྱོང་ནའང་། དེ་རིང་འདི་ནས་ཀློག་མཁན་གྲོགས་པོ་ཁྱེད་ལ་ནང་སེམས་སྟོན་ཐུབ་པར་གྱུར་པས། ང་རང་བློ་བག་ཅུང་ཟད་བདེ་སོང་།
       ངའི་རྫུན་མ་འཁྲབ་ཐེངས་དང་པོ་དེ་བྱུང་བ་ནས། ང་ནི་ངེས་པ་དོན་གྱི་མི་རྫུན་ཞིག་ཏུ་གྱུར་ཡོད་དེ། ངས་རྫུན་མ་འཁྲབ་ཚུལ་ལ་མུ་མཐུད་དུ་གཟིགས་པར་ཞུ།
       སློབ་ཆེན་འགྲིམས་མ་ཐག་པའི་དུས་ཀྱི་གཟའ་ཉི་མའི་ཉིན་ཞིག ངའི་སློབ་གྲོགས་མོ་གཉིས་ཀྱི་དགའ་རོགས་ཀྱིས་དུས་བཏབ་སྟེ་གློག་བརྙན་ལ་བལྟ་རུ་འགྲོ་རྒྱུ་བྱས་འདུག་ཅིང་། ང་ལ་དགའ་རོགས་མེད་ཅིང་འགྲོ་རོགས་ཀྱང་མེད་པས་མོ་གཉིས་ཀྱི་རྗེས་འབྲངས་ཏེ་སོང་བ་ཡིན།
       ཉིན་དེར་ཕ་ཀི་སི་ཐན་གྱི«མི་ཡུལ»ཞེས་པའི་གློག་བརྙན་ཞིག་སྟོན་གྱིན་འདུག་ལ། དེ་ནི་ཚོན་མདོག་མིན་པའི་གློག་བརྙན་དེའི་རིགས་ཡིན་པས། ད་ལྟ་ད་རུང་ཡང་ངའི་སྣང་ངོར་ལྭ་དཀར་རིང་བོ་གོན་པའི་སྐྱེས་པ་འགའ་ཕར་འགྲོ་ཚུར་ཡོང་བྱེད་པ་དེ་ཙམ་ལས་ཅི་ཡང་དྲན་རྒྱུ་མི་འདུག་ནའང་། ཉིན་དེར་ངའི་སློབ་གྲོགས་གཉིས་ངུ་ཚུལ་ལ་དཔགས་ན། བརྩེ་དུངས་བརྗོད་བྱ་ཡིན་པའི་གློག་བརྙན་ཞིག་ཡིན་ཤག་རེད། ཡང་གཅིག་བཤད་ན། དགའ་རོགས་ཕོ་མོ་གཉིས་མཉམ་དུ་བརྩེ་དུངས་གློག་བརྙན་ལ་ལྟ་དུས། མོ་རྣམས་ངུ་བ་ནི་གཅེས་སྟེག་སྲོལ་ཞིག་ཀྱང་ཡིན་པ་འདྲ། དེ་བས་ཉིན་དེར་ངའི་གྲོགས་མོ་གཉིས་ཀྱང་འགྲོ་ལུགས་ལྟར་ངུས་པ་ཡིན་ཡང་སྲིད་མོད། འོན་ཀྱང་ང་ལ་ཅི་བྱུང་བ་ཡིན་ནམ། ངས་ཀྱང་ཧ་གོ་མ་གོའི་མཚམས་ནས་ངུ་ཁུལ་ཙམ་བྱས།
       གལ་སྲིད་ང་རང་མ་ངུས་ན་གྲོགས་མོ་གཉིས་ཀའི་དགའ་རོགས་ཀྱིས་པདྨ་འཚོས་གློག་བརྙན་ལའང་ལྟ་ཤེས་ཀྱིན་མི་འདུག་ཟེར་བར་དོགས་ནས་ངུས་པ་ཡིན། པདྨ་འཚོར་གློག་བརྙན་ལ་མྱོང་རོལ་བྱེད་པའི་ཆུ་ཚད་མི་འདུག་ཟེར་འགྲོ་བར་སེམས་ཁྲལ་ཆེ་བས་ངུས་པ་ཡིན།
       ང་འདི་མི་བཅོས་མ་ཞིག་ཨེ་རེད།
       བསམས་ཤིང་བསམ་ན། བཅོས་མ་འཁྲབ་མཁན་ནི་ང་གཅིག་པུ་མ་ཡིན་པར། སྐབས་དེའི་མི་ཚང་མ་རྫུན་མ་ཡིན། རྫུན་མ་ནི་དར་སྲོལ་ཞིག་ཡིན། སྐད་ཆ་རྫུན་མ། རྣམ་འགྱུར་རྫུན་མ། ལས་ཀ་རྫུན་མ། གྲུབ་འབྲས་རྫུན་མ། དེ་དག་ལས་ཀྱང་ཆེས་ཡ་ང་བ་ནི་མི་གཤིས་རྫུན་མའོ། །
       ཡིན་ནའང་། རྒྱའི་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ལུའུ་ཡའོ་ལགས་ཀྱི་སྒྲུང་གཏམ«མི་ཚེ»ཞེས་པའི་གློག་བརྙན་ལ་ལྟ་དུས་ང་རང་ད་གཟོད་ཞེ་གཏིང་ནས་ངུ་རྒྱུ་བྱུང་། ཧ་གོ་ནས་ངུ་རྒྱུ་བྱུང་། ཀའོ་ཅ་ལིན་ལ་སྡང་སེམས་དང་ལིག་ཆའོ་ཀྲིན་ལ་གདུང་སེམས་ཀྱིས་ངུ་རྒྱུ་བྱུང་། དེར་མ་ཟད་གློག་བརྙན་དེའི་བརྗོད་དོན་གླུ་དབྱངས་ཞེ་ལ་སིམ་པས། ག་དུས་ཡིན་ཡང་ང་ནི་ཧྲན་པེའི་དམངས་གླུའི་ཁྱད་ཆོས་ཅན་གྱི་གཞས་དེ་གཏང་བར་དགའ།
       “上河里的鸭子下河里的鹅
       一对对毛眼眼照哥哥
       煮了那个钱钱哟下了那个米
       大路上搂柴瞭一瞭你
       
       ... ...

       叫一声哥哥哟你快回来”
       གཞས་དེའི་བརྗོད་དོན་རྒྱབ་ལྗོངས་བྱས་ཏེ«ཨ་ཇོ་ལགས། ཁྱེད་རང་ལ་མོར་ཕེབས་ཤོག»ཅེས་པའི་སྙན་ངག་ཅིག་བྲིས་ཏེ«སྦྲང་ཆར»དུ་སྤེལ་བས། ས་མཐའི་མི་ལ་དྲན་པའི་མིག་ཆུ་བསླངས།
       རེད་ཡ། སྙན་ངག་གླེང་དུས་སྙན་ངག་གམ་ཡང་ན་རྩོམ་རིག་དང་འབྲེལ་བའི་གནའ་གཏམ་ལྟ་བུ་རེ་ཡང་དྲན་ཡོང་བས། མཇུག་བྱང་འདི་ལ་བཏུས་ལུང་བཏུས་ཤིག་ཏུ་འགྱུར་ཉེན་ཆེ་ཡང་མི་སྐྱོན་ཏེ། ངས་མཇུག་བྱང་འདི་ལ་གྲོག་མའི་སུག་རྗེས་ཞེས་བཏགས་ཡོད་པ་མ་ཡིན་ནམ། དེ་བས་གྲོག་མའི་སུག་རྗེས་བཞིན་གྱི་བརྗོད་བྱ་ཐར་ཐོར་ཡིན་ལ་རྗོད་བྱེད་ཡང་མོ་ཡིན་པའི་ཡིག་ཚོགས་མུ་མཐུད་དུ་སྤེལ་བར་བྱ།
       ཆུང་དུས་ང་ནི་གླིང་སྒྲུང་ཀློག་པར་ཤིན་ཏུ་དགའ་ནའང་དུས་ཚོད་འདང་ངེས་མེད། རོང་པ་རྣམས་ལ་མཚོན་ན་དགོང་མོར་དགོང་རྩྭ་ཞེས་ཟོག་ལ་རྩྭ་སྟེར་དགོས་པས། ང་ལ་མཚོན་ན་དུས་ཚོད་དེ་ནི་གླིང་སྒྲུང་ལ་ལྟ་བའི་གོ་སྐབས་ཆེས་ཡག་ཤོས་དེ་ཡིན། རྩྭ་དོས་ཀྱི་འགབ་ཏུ་ཁོག་བྲུས་ནས་ནང་དུ་འཛུལ་ན་གྲང་མི་དགོས་ལ། མགོ་ཕྱིར་བུད་དེ་སྐབས་རེར་ཟླ་འོད་ལ་བརྟེན་པ་དང་། མཚམས་རེར་ལག་སྒྲོན་གྱི་འོད་སྤྱད་དེ་གླིང་སྒྲུང་བཀླགས།
       དགོང་མོར་དེང་སང་ནང་བཞིན་གློག་གང་འདོད་བཀོལ་རྒྱུ་མེད་དེ། ལོ་གསར་གནམ་གང་དང་ཚེས་གཅིག་ཉིན་མ་གཏོགས་གློག་མེད་པས་རྒྱུན་པར་དཀར་མེ་བཀར་དགོས། དཀར་མེའི་ནང་དུ་ཟ་སྣུམ་གང་འདོད་ངང་ལྡུག་རྒྱུ་མེད་སྟབས། རྡོ་སྣུམ་གོང་སླ་མོ་དེ་བཀོལ་དགོས། སྣུམ་དེར་དུ་བ་མོད་པོ་ཡོད་པས་དགོང་ཇ་འཐུང་དུས་ནས་ཉལ་རག་བར་མ་གཏོགས་བཀོལ་གྱིན་མེད།
       སྐབས་དེར་སྤྱིར་ན་ཡུལ་མི་རྣམས་ཕྱིའི་ལས་ཀ་ལྕི་བས་ཐང་ཆད་པ་དང་། དགོང་མོ་གློག་འོད་ཙམ་ཡང་མེད་པས་དགོང་ཇ་འཐུངས་ཚར་བ་དང་ཉལ་རྒྱུ་དེ་རེད། ཁྱིམ་ཚང་ན་བྱིས་པ་རེ་ཡོད་ན་ལོ་ལོན་ཚོས་གནའ་གཏམ་རེ་དང་ཁེད་རེ་བཤད་པ་མ་གཏོགས། མུན་པའི་ནང་ནས་མུན་པ་གོན་ཏེ་ཉལ་རྒྱུ་ལས་ལས་ཀ་གཞན་ཅི་ཡང་མེད།
       ངས་མཚམས་མཚམས་སུ་དཀར་མེའི་འོད་ངོགས་ནས་གླིང་སྒྲུང་རེ་བཀླགས་ན། ཕྱི་ཉིན་སྣ་ཁུང་དུ་དུད་དྲེག་ཆགས་ཏེ་སྣ་བུག་གཉིས་དུད་ཁུང་དང་འདྲ་ཞིང་གློ་ལུ་བརྒྱབ་ན་ལུད་པའང་ནག་པོ་ཡིན།
       ཡིན་ནའང་། དུས་དེ་ནི་ང་ལ་མཚོན་ན་ངའི་མི་ཚེའི་ནང་གི་ཆེས་བདེ་སྐྱིད་ལྡན་པའི་དུས་ཡིན།
       ང་ནི་གླིང་སྒྲུང་ལ་དགའ་བར་གྱུར་པས། ངས་རྩེད་རོགས་མདངས་ཆེན་དག་དང་ཐ་ན་ངེད་ཚང་གི་ཁྱི་གུ། ཞི་མི་དང་བ་ཆུང་མ་སོགས་ལའང་རང་ཉིད་དགའ་བའི་དཔའ་རྟུལ་རེའི་མིང་བཏགས་ཤིང་། ངས་རང་ཉིད་ཀྱི་མིང་ལའང་སྟག་རོང་ཨ་ནུ་གཟིག་འཕེན་དུ་བཏགས་པ་ཡིན་ལ། རིམ་གྱིས་ང་རང་སྟག་རོང་ཨ་ནུར་དགའ་བར་གྱུར་པས། དེའི་སྐོར་ངས་རང་རྩོམ་མི་ཚེའི་བཞུད་ལམ་དུ་བྲིས་ཡོད་དེ། དེང་སང་གི་སྐད་དུ་བཤད་ན་སྟག་རོང་ཨ་ནུ་གཟིག་འཕེན་ནི་ངའི་ཐོག་མའི་དགའ་རོགས་ཡིན།
       གོམས་པའི་ཤུགས་འདིར་བཟློག་ཐབས་མི་འདུག་ཅེས་པ་བཞིན། ང་སྟག་རོང་ཨ་ནུ་གཟིག་འཕེན་ལ་དགའ་བོ་ཡོད་པའི་བག་ཆགས་དེས། དུས་ད་ལྟ་ཡིན་ནའང་རྒྱུས་མེད་ཚོས་ངའི་མིང་ལ་ཅི་ཟེར་ཞེས་དྲིས་ཚེ། ངས་ལན་དུ་ཨ་ནུ་ཟེར་ཞེས་རྫུན་བཤད་པ་ཡིན། ང་ནི་མི་སྐོར་ལོག་ཅིག་རེད་ཨང་།
       སྐད་འཕྲིན་དར་མ་ཐག་པའི་སྐབས་དེར། ངོ་ཤེས་མི་ཤེས་ཚང་མ་སྐད་འཕྲིན་དུ་འཚང་ཡོང་བ་དང་། དེའི་ཁྲོད་ཀྱི་དྲ་གྲོགས་རྒྱུས་མེད་ཅིག་གིས་ང་ཡི་དངོས་མིང་དྲིས་པ་ན་ངས་ཨ་ནུ་ཟེར་ཞེས་བརྗོད་པས། དྲ་གྲོགས་དེས་དུས་ད་ལྟའང་ངའི་དངོས་མིང་ནི་ཨ་ནུ་ཡིན་པར་རློམ་འདུག
       གླིང་སྒྲུང་ལ་དགའ་བ་འཕར་མ་ཞིག་ཡོད་པས་ལོས་ཡིན། རི་མོའི་ནང་གི་སྟག་རོང་ཨ་ནུ་གཟིག་འཕེན་ནི་ངའི་རྨི་ལམ་དུ་ཡང་ཡང་འཁོར་མྱོང་བས། ངས་ཀྱང་ཁོ་ལ«སྟག་རོང་ཨ་ནུ་གཟིག་འཕེན»ཞེས་པའི་སྙན་ངག་ཅིག་བྲིས།
       གླིང་སྒྲུང་གི་རྗེས་སུ་རིམ་གྱིས་དཔལ་དོན་གྲུབ་རྒྱལ་ལགས་ཀྱི«སད་ཀྱིས་བཅོམ་པའི་མེ་ཏོག»བཀླག་རྒྱུ་བྱུང་བས། བརྗོད་བྱ་དང་འབྲི་ཐབས་སོགས་གླིང་སྒྲུང་དང་རྦད་དེ་ཁ་ཁ་ཡིན་པའི་སྒྲུང་གཏམ་དེས་ང་ཡི་ཡིད་དབང་རབ་ཏུ་ཕྲོགས། «སད་ཀྱིས་བཅོམ་པའི་མེ་ཏོག»ནི་ངའི་མི་ཚེའི་ནང་བཀླགས་པའི་དེང་རབས་ཀྱི་སྒྲུང་གཏམ་ཐོག་མ་དེ་ཡིན། སྒྲུང་གཏམ་དེ་ཡང་ཡང་བཀླགས་ཤིང་ཡང་ཡང་བསམས་པས། ངས་ནི་སྒྲུང་གཏམ་ནང་གི་མི་སྣ་ཚེ་རིང་ཞེས་པ་སྒྲུང་གཏམ་དེའི་རྩོམ་པ་པོ་དཔལ་དོན་གྲུབ་རྒྱལ་ཡིན་པར་རྟོག་བཟོ་ཡང་བྱས།
       སྐབས་དེའི་དར་སྲོལ་ལྟར་ཞིང་གྲོང་གི་གསར་བུ་ཚོས་དམག་ཞྭ་ལྗང་གུ་དང་དམག་ལྷམ་ལྗང་གུ། ཚི་ལེན་དཀར་པོ་དང་དོར་མ་ལྗང་གུའམ་སྔོན་པོ། དོར་མའི་འདབས་ཀ་རུ་ནང་དོར་གློ་ཁ་ཞིག་འདབས་ཀ་ཕྱིར་བརྫེས་ཏེ་གོན་གྱིན་ཡོད། ནང་དོར་གློ་ཁ་དེའི་འདབས་ཀ་ཕྱིར་བརྫེས་ཏེ་གོན་པ་ནི་དོན་གྱིས་སོ་སོའི་ཁྱིམ་ཚང་གི་འཁོས་ཀ་ངོམ་ཚུལ་ཞིག་དང་། སྒོས་སུ་གསར་བུ་རྣམས་ཀྱི་ཉམས་བཟང་སྟོན་སྟངས་ཤིག་ཀྱང་ཡིན་ཏེ། མང་བོ་ཞིག་ལ་ནང་གོས་གཏན་ནས་མེད། ང་ལ་མཚོན་ན་སློབ་ཆེན་དུ་འགྲོ་དུས་ཀྱང་ནང་གོས་མེད།
       «སད་ཀྱིས་བཅོམ་པའི་མེ་ཏོག»གི་དབང་གིས་ངས་ནི་དཔལ་དོན་གྲུབ་རྒྱལ་ལགས་ག་དུས་ཡིན་ཡང་ཞིང་གྲོང་གི་ལྕགས་ཁེམ་འཛིན་པའི་གསར་བུ་ཞིག་གི་སྣང་བརྙན་དེ་ཡིན་པར་སྙམ་ཡོད། ཚེ་རིང་ཡིན་པར་སྙམ་ཡོད།
       ཡིན་ནའང1984ལོར་ཡིན་པ་དང་འདྲ། ལོ་དེའི་སྟོན་མཇུག་གི་ཉིན་ཞིག་ལ། དཔལ་དོན་གྲུབ་རྒྱལ་ལགས་གདན་འདྲེན་ཞུས་ཏེ«སྦ་བཞེད»འཆད་ཁྲིད་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར་ཞིག མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྐད་ཡིག་སྡེ་ཁག་གིས་སྤེལ་འདུག་པ་མཐོང་བས། ང་ལ་དགའ་སྤྲོ་ནམ་མཁར་མི་ཤོང་བ་ཞིག་སྐྱེས། དེ་ནི«སྦ་བཞེད»ཀྱི་འཆད་ཁྲིད་རྩ་ཆེ་བས་མ་ཡིན་ཏེ། ང་ལ་མཚོན་ན་ཚེ་རིང་མཐོང་འདོད་པས་ཡིན།
       ཕྱི་དྲོའི་ཆུ་ཚོད་གཉིས་པའི་སྟེང་སློབ་ཁྲིད་ཐོག་ཁང་གི་ལྔ་ཐོག་ཚོམས་ཆེན་ནང་འཆད་ཁྲིད་སྤེལ་རྒྱུ་རེད་ཟེར་བ་དང་། ངས་ནི་མདུན་གྲལ་ཞིག་ནས་རང་གི་ཞེན་རྟེན་ལ་ཡིད་ཚིམ་པ་ཞིག་བལྟ་འདོད་པས། དྲོས་ཇ་ཡང་མ་འཐུངས་པར་གོ་རེ་ཅུང་རྡོག་གཅིག་གློ་ཁུག་ཏུ་བཅུག་སྟེ། དུས་ཚོད་དང་པོ་ཙམ་ནས་སྔ་བ་སྔོན་མ་བྱས་ཏེ་ཚོམས་ཆེན་སྒོ་ཁར་སོང་ནས་བསྡད།
       ང་རང་ལུས་བོངས་ཆུང་ཞིང་ཉམ་ཐག་པས། འཚང་གའི་ཁྲོད་ལྷུང་ན་མི་མང་གིས་ཕྱིར་དེད་ཨེ་འགྲོ་སྙམ་པས་ཡིན།
       དུས་ཚོད་དེར་ངས་ཚོམས་ཆེན་གྱི་སྒོའི་ལྕགས་ལོང་ལ་འཇུས་ནས་བསྡད་པས། སྒོ་ཕྱེ་བ་དང་ནང་དུ་ཐོག་མར་འཛུལ་ཐུབ་སོང་།
       ང་ནི་ཆེས་མདུན་གྲལ་གྱི་རྐུབ་སྟེགས་སྟེང་བསྡད་དེ་སེམས་བདེ་མོས་གོ་རེ་ཅུང་རྡོག་ཟ་ཞོར། ཡང་ཡང་ཕྱིར་འཁོར་ནས་ཚོམས་ཆེན་སྒོ་ཁར་ལྟ་བཞིན་དཔལ་དོན་གྲུབ་རྒྱལ་ལམ་ངའི་སེམས་ཀྱི་ཚེ་རིང་ལ་བསྒུགས།
       ཡུད་ཙམ་ནས་སློབ་གྲོགས་མང་བོས་ཐལ་མོ་རྡེབ་ཞོར་ཡར་ལངས་ཤིང་། ང་ཡང་ཡང་ཡར་ལངས་ཏེ་ཕྱིར་བལྟས་པ་ན། གྲལ་རྔ་རུ་ལྭ་ནག་གྱོན་པའི་མི་གཟུགས་རིང་ཞིག་མི་དལ་མི་མགྱོགས་ངང་ལ་ཡར་འོང་གིན་པ་མཐོང་།
མི་དེ་ནི་དཔལ་དོན་གྲུབ་རྒྱལ་ལགས་རེད།
       དཔལ་དོན་གྲུབ་རྒྱལ་ལགས་གྲལ་མགོ་ནས་མར་འཁོར་ཏེ་ཡར་ལྟ་མར་ལྟ་ཞིག་བྱས་རྗེས། ཅི་ཡང་མི་གསུང་བར་ཐད་ཀར་སྒོ་སམ་དུ་སྦ་བཞེད་ཅེས་པའི་ཡིག་འབྲུ་གཉིས་བྲིས་ཤིང་། དེའི་མུར་ཁོང་གིས་འཆད་ཁྲིད་ཀྱི་མགོ་བརྩམས་ནའང་། ངས་ནི་ཁོང་གིས་ཅི་ཞིག་གསུང་གིན་པ་གཏན་ནས་ཚོར་མ་སོང་།
       སྐབས་དེར་ངའི་མིག་ལམ་དུ་ཚི་ལེན་དཀར་པོ་དང་དོར་མ་ལྗང་གུའམ་སྔོན་པོ། ལག་ཏུ་ལྕགས་ཁེམ་ཐོགས་པའི་ངའི་སེམས་ཀྱི་ཞིང་གྲོང་གི་ཚེ་རིང་མ་གཏོགས་ཅི་ཡང་དྲན་གྱིན་མི་འདུག
       དཔལ་དོན་གྲུབ་རྒྱལ་ལགས་ནི་སྐྲ་ལོ་རིང་བོ་ནག་ཀྲིག་ཀྲིག་ཅིག་ཡིན་པ་དང། སྐར་ཆེན་ལྟ་བུའི་མིག་ལ་གཟི་མདངས་འཚེར་བ། མཐའ་དཀྱུས་ནག་པོ་ཡིན་པའི་སྤྱན་ཤེལ་མནབས་པ། མདོག་ནག་པོ་ཡིན་པའི་ནུབ་ལྭའི་སྟོད་གོས་ནང་དུ་ཚི་ལེན་སྔོ་ཁྲ་གོན་པ། དོར་མ་ནག་པོ་དུང་ཆེན་ཁ་ཅན་གོན་ཡོད་པ་བཅས་ཀྱིས། ངའི་སེམས་ན་རྟོག་བཟོ་བྱས་ཡོད་པའི་ཞིང་གྲོང་གི་ཚེ་རིང་ངམ་དོན་གྲུབ་རྒྱལ་དེ་རྨེག་མེད་དུ་བཏང་བས། ང་ནི་སེམས་མི་སྐྱིད་པར་གྱུར།
       ངས་རྒན་ཁོང་གི་འཆད་ཁྲིད་ལ་གཏན་ནས་མ་མཉན་པར་རྒན་ཁོང་ལ་ཡང་ཡང་བལྟས་ཏེ། ངའི་སེམས་ཀྱི་ཞིང་གྲོང་གི་གསར་བུ་དེ་དང་ཡང་ཡང་གཤིབ་བསྡུར་བྱས་པས། ངའི་སེམས་ཡང་ཡང་ཕམ།
       རྒན་ཁོང་གིས་དོར་མ་ནག་པོ་དུང་ཆེན་ཁ་ཅན་ཞིག་གོན་ཡོད་པས། ངའི་སྣང་ངོར་རྒན་ཁོང་སྐུ་གཟུགས་ལྷག་ཏུ་རིང་བོ་ཡོད་པར་མཐོང་ལ། རྒན་ཁོང་གི་སྐད་ཆ་རེ་རེའི་བཤད་མཚམས་སུ་འཆད་ཁྲིད་ལ་ཉན་མཁན་དམག་ཞྭའི་ནང་དུ་སེང་རས་བརྫངས་ཏེ་གཙུག་འབུར་དུ་བྱས་པ་དང་། སྟོད་གོས་ཁུག་མ་བཞི་ཅན་ཡིན་པ། དོར་མའི་འདབས་ཀ་ཁྲེ་ཙེ་གཅིག་ཅན་གྱི་དུང་ཆེན་ཁ་གོན་པ། རས་ལྷམ་ཕྱི་རྟིང་མཐོན་པོ་ཅན་གོན་པའི་རོང་འབྲོག་གི་ན་གཞོན་སློབ་མ་མང་བོས་དགའ་སྤྲོའི་ཐལ་མོ་ཐག་ཐག་བརྡེབས།
       རེད་དེ། སྐབས་དེ་ནི་དོར་མ་དུང་ཆེན་ཁ་སྲང་ལམ་ཀུན་ན་གཡོ་བའི་ལོ་རབས་དེ་ཡིན།
       དངོས་ཡོད་ཀྱིས་ཡོད་ཚད་ཆམ་ལ་འབེབས་ཐུབ།
       དཔལ་དོན་གྲུབ་རྒྱལ་ལགས་ལ་དངོས་སུ་མཇལ་བས། ངའི་ནང་སེམས་ནས་རྟོག་བཟོ་བྱས་པའི་ཚེ་རིང་ངམ་དཔལ་དོན་གྲུབ་རྒྱལ་ལགས་སེམས་ནས་ཤུལ་མེད་བཟོས་སོང་།
       འདི་ལྟར་བཤད་ཡོང་དུས། ངས་ད་རུང་ཡང་འདི་དང་ཆ་འདྲ་བའི་གཏམ་རྒྱུད་གཞན་ཞིག་ཀྱང་དྲན་ཏེ། ངས་རྒྱའི་གནའ་རབས་ཀྱི་སྒྲུང་གཏམ་གྲགས་ཅན«ཐོག་ཁང་དམར་པོའི་རྨི་ལམ»གྱི་བོད་འགྱུར་ཀློག་པའི་སྐབས་དེར། ངས་ནི་རྩོམ་པ་པོ་ཚའོ་ཞའེ་ཆིན་ཁོང་རྒྱའི་གནའ་རབས་ཀྱི་ཤེས་ཡོན་པ་སྤྱིའི་ཆ་ལུགས་ཏེ་གཙུག་ན་སྐྲ་ལོ་ཐར་ཐོར་ལས་མེད་པའི་རལ་བ་ཅན། ཟ་འགྲམ་གཉིས་ལྐོག་ཏུ་ལྷུང་ཞིང་ཤ་མདོག་སེར་པོ་ཡིན་པ། ལྭ་བ་ངན་ངོན་དང་སྐུ་ཤ་རིད་པ། གདོང་ན་འཛུམ་མེད་ཅིང་མིག་མདངས་ལས་སྡུག་ཡུས་མཐོང་ཐུབ་པ་ཞིག་ལ་རྟོག་བཟོ་བྱས་ཤིང་། ད་རུང་རང་ཚོད་ཀྱིས་སྒྲུང་གཏམ་ལ་གོ་བ་བླངས་པ་དང་བསྟུན་ནས་རྩོམ་པ་པོ་ཁོང་ནི་ནང་སེམས་སྐྱོ་གདུང་ཅན་ཞིག་ཏུ་མཐོང་ཡོད། ཡང་གཅིག་བཤད་ན་སྒྲུང་གཏམ་གྱི་མདུན་ཤོག་ངོས་སུ་རྩོམ་པ་པོ་ཁོང་གི་རྣམ་པ་རི་མོར་བྲིས་པ་ཞིག་ཡོད་པ་དེས་ཀྱང་། ངའི་སེམས་སུ་སྣང་བརྙན་དེ་འདྲ་ཞིག་བསྐྲུན་ཡོད་ངེས།
       ཡིན་ནའང་ཉེ་ལམ་ཞིག་ལ་རྒྱའི་རྩོམ་པ་པོ་དང་མཁས་པ་གྲགས་ཅན་ཤིང་གི་སྙིང་བོ་ལགས་ཀྱིས་ཁུངས་ཐུབ་ཡིག་ཚང་ལྟར་ན། ཚའོ་ཞའེ་ཆིན་ལགས་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་མིའི་བྱད་བཞིན་དེ་འདྲ་མ་ཡིན་པར། བྱང་རྒྱུད་གྲངས་ཉུང་མི་རིགས་ཀྱི་སྐྱེས་གཟུགས་ཀྱི་ཁྱད་ཆོས་ཡོད་པ། གཟུགས་རིང་ལ་ལུས་སྟོབས་དར་བ། ཤ་མདོག་ནག་ལ་སྐད་མགོ་མཐོན་པོ་ཡིན་པ། དེ་ལས་ཀྱང་ནང་སེམས་པྲ་ཆལ་ཡིན་པ་དང་རིག་པའི་རོལ་རྩེད་ལ་བྱང་བ། ཐ་ན«ཐོག་ཁང་དམར་པོའི་རྨི་ལམ»ཞེས་པའི་སྒྲུང་འདིར་མིང་གསུམ་བྱུང་བའང་། རྩོམ་པ་པོས་ཆེད་དུ་ཀློག་མཁན་ཚོའི་བསམ་གཞིག་གི་ནུས་པར་མཐོ་འཚམ་པར་གསུངས་འདུག་པས། ཡང་བསྐྱར་ངའི་སེམས་སུ་བག་ལ་ཉལ་ཡོད་པའི་རྩོམ་པ་པོའི་སྣང་བརྙན་དེར་གཏོར་བཤིག་ཡ་ང་བ་བྱས།
       དེ་ཡང་དངོས་ཡོད་ཀྱིས་ཡོད་ཚད་ཆམ་ལ་ཕབ་པ་མ་རེད་དམ།
       རྒྱ་བོད་ལོ་ཙཱར་གཞན་དྲིང་མི་འཇོག་པའི་རང་རེའི་མཁས་པ་ཆེན་པོ་ཞིག་གིས“红”ནི་འཇིག་རྟེན་དང་འཁོར་བ། “楼”ནི་ཁྱིམ་ཆེན་དང་རྒྱུ་འབྱོར་ཅན། “梦”ནི་མི་རྟག་པ་སྟོན་པ་ཡིན་གསུངས། དེས་ན«ཁང་ཆེན་དམར་པོའི་རྨི་ལམ»དང«ཐོག་ཁང་དམར་པོའི་རྨི་ལམ»ཞེས་པའི་རྩོམ་རིག་བརྩམས་ཆོས་ཀྱང་སྲིད་གཞུང་གི་ཡིག་ཆ་ལྟར་ཐད་སྒྱུར་བྱས་ན། བརྩམས་སྒྲུང་གི་བརྗོད་བྱའི་གནད་དང་སྒྱུ་རྩལ་ཁྱད་ཆོས་ཟེར་བ་དེར་བསམ་བློ་གཏང་མི་དགོས་སམ། འདི་ནི་ཇ་ཞོར་གྱི་ཁ་བརྡ་ཞིག་ཡིན།
       པར་བསྐྲུན་སྒྲིག་ལམ་གྱི་དགོས་དབང་གིས་རྩོམ་རེ་གཉིས་ཤིག་དགོད་ཐུབ་པ་མ་བྱུང་བས་ཀློག་མཁན་གྲོགས་པོ་རྣམ་པར་བཟོད་གསོལ་ཞུ།
       མཇུག་བྱང་འདི་དངོས་གནས་ལ་ཐོར་ལུང་ཐོར་ཞིག་ཏུ་སོང་ཡོད་པ་ངས་ཀྱང་ཤེས། ཡིན་ཡང་མི་སྐྱོན་ཏེ། ངས་ཁ་བྱང་ལ་གྲོག་མའི་སུག་རྗེས་བཏགས་ཡོད་པ་མ་ཡིན་ནམ།
       དེ་བཞིན་དུ་ངས་རྩོམ་ཡིག་ཡིན་པར་རློམ་པ་དག་འབྲི་དུས་ཀྱང་གཞན་གྱིས་ཅི་ཟེར་ལ་སྣང་འཇོག་གཏན་ནས་བྱེད་ཀྱིན་མེད། ཀུན་གྱིས་མཁྱེན་གསལ་ལྟར། རྩོམ་སྟེགས་སུ་ང་ལ་མདུན་ན་འཐེན་མཁན་དང་རྒྱབ་ན་སྐྱོར་མཁན།   ལྷག་ཏུ་སྒེར་གྱི་འབྲེལ་ལམ་བརྒྱུད་དེ་གཞན་ལ་འོས་སྦྱོར་བྱེད་མཁན་ཞིག་ཀྱང་མེད་ཚོད་ཡིན།
       ང་ལ་དེ་དག་གིས་ཅི་བྱ།
       ངས་རྩོམ་འབྲི་བ་ནི་ནང་སེམས་ཀྱི་བདེ་སྡུག་དང་ཆགས་སྡང་སོགས་རི་མོར་ཕབ་པ་འབའ་ཞིག་ཡིན་པས། ངས་གང་དང་ཅི་ལའང་སྣང་འཇོག་བྱ་དོན་མེད།
       སྐབས་སྐབས་སུ་ང་རང་སྒྱིད་ལུག་གིས་ཉིན་མཚན་ཁྱད་མེད་ངང་མལ་དུ་ཉལ་དུས། ང་ནི་དངོས་གནས་གློག་བརྙན་ཁྲོད་མཐོང་བའི་མན་ཇུའི་རྒྱལ་རབས་དུས་མཇུག་གི་ཉལ་ཐ་འཐེན་མཁན་ཞིག་དང་གཉིས་སུ་མེད། དེ་དུས་ངས་རང་ལ་གཅུན་འདོམས་ཀྱིས། ཝ་ཡེ་ཁྱོད་ཀྱིས་ངེས་པར་མི་ཚེ་གཅིག་གི་སྐྱིད་གསུམ་སྡུག་གསུམ་ཡི་གེར་བྲི་དགོས་ཞེས་རང་ཉིད་ལ་སྐུལ་མ་ལྟ་བུའི་འཁྱེར་སོ་དེས་རྩོམ་རིག་ཅེས་པ་འདིར་ཤི་འཐམ་རོ་འཐམ་བྱས་པ་ཡིན།
       དེ་ཡང་གསལ་བོར་བཤད་ན། ངས་ཡིག་འབྲུ་རེ་རེ་བཞིན་མདུན་དུ་སྤུངས་པ་ནི་སེམས་གཏིང་གི་རྨ་ཁ་ཞིག་གསོ་ཆེད་ཡིན། རུས་རྐང་གི་ན་ཟུག་ཅིག་འཇགས་ཆེད་ཡིན།
       གོ་རིམ་དེའི་ཁྲོད་དུ་ང་ལ་གཞན་ལ་མེད་པའི་སྡུག་བསྔལ་ཞིག་མེད་པ་ག་ལ་སྲིད། ངས་རྨ་ཁ་ཞིག་གསོ་ཕྱིར། ངས་ན་ཟུག་ཅིག་འཇགས་ཆེད། རྨ་ཁ་དང་ན་ཟུག་ལ་རེག་རེག་གིས་དཀའ་སྡུག་གཞན་ཞིག་ལ་གདོང་གཏད། སྐབས་དེར་ཡིག་འབྲུ་རེ་རེས་ངའི་ཡ་ཆུང་སྔོག་བཞིན་པ་ང་མ་གཏོགས་སུས་ཤེས།
       ངས་ཅི་ཡང་མ་ཕྲིས་པར་སྨྱུག་གུ་ཡང་ཡང་ཐང་ལ་འཇོག་དུས་དང་། ངས་གང་ཞིག་འབྲི་བཞིན་མཆི་མས་མདུན་གྱི་ཤོག་བུ་རྫི་དུས། ངས་ཅི་ཞིག་བྲི་འཆར་གྱིས་མུ་མཐུད་བསམ་གཞིག་བྱ་མི་ཕོད་དུས། ངས་སྨྱུག་གུ་གཡུགས་ཏེ་མུན་པའི་ནང་ནས་ཁ་ཕྱོགས་ངེས་མེད་སྐྱོད་དུས་ནི། ངའི་ནང་སེམས་འཁྱག་རེངས་སུ་གྱུར་ཚུལ་ཡིན། གྲོགས་པོ།
       སྒེའུ་ཁུང་ནས་མུན་པར་ཁ་གཏད་དེ་སྒེའུ་ཁུང་གཞན་དག་ན་འཚེར་བའི་གློག་འོད་ལ་ལྟ་དུས། མིག་མཐའི་ཟིལ་བས་འོད་འཚེར་བའི་སྒེའུ་ཁུང་རེ་རེ་མོག་པོར་བསྒྱུར།
       རེད་དེ། ངའི་བརྩམས་ཆོས་རེ་རེའི་ནང་དུ་ངའི་ཚེ་སྲོག་གི་ཆ་ཤས་རེ་རེ་ཐིམ་ཡོད།
       སྐབས་དེར་གྲོག་མའི་སུག་རྗེས་ལྟ་བུའི་ཡིག་འབྲུ་འགའ་རེ་ཤོག་ངོས་ལས་མངོན་དུས། སྒེའུ་ཁུང་བརྒྱུད་ནས་མུན་པའི་ཕ་མཐའ་མཐོང་ཐུབ་པའི་རེ་བས་ང་ཡི་ནང་སེམས་དགའ་ཀྲོག་ཀྲོག
       སྙིང་ཉེ་བའི་ང་རང་སྙིང་རྗེ་མོ་ལ།
       གྲོག་མ་ཚེ་ཟད་ཅིག་ལ་ལན་ཆགས་ལྕི་མོས་དེད་པའི་སུག་རྗེས་ཀྱིས་ཅི་དང་གང་ཡང་བསྙེག་མི་ཐུབ་པས། མཚམས་འདི་ནས་གྲོག་མའི་སུག་རྗེས་ལྟ་བུའི་མཇུག་བྱང་འདི་འབྲི་མཚམས་བྱ་དགོས་པ་མིན་ནམ།
       མི་ངན་ཚིག་ལ་འོར་བཤད་མང་།
       མཇུག་མཐར་ངས་ཀྱང་སྤྱི་བའི་འགྲོ་ལུགས་ལ་ལད་མོའི་ཚུལ་དུ། རང་རེའི་སྐྱེས་ཆེན་དམ་པ་རྣམས་རང་རེའི་མིག་ལ་མི་ཐོགས་པའི་དུས་རབས་འདིའི་ནང་། ངས་ནི་ཁོང་རྣམ་པར་བཀའ་དྲིན་ཆེ་ཞུ། ཁོང་ཚོའི་རི་རབ་ལས་དཔངས་མཐོ་བའི་རླབས་ཆེན་གྱི་མཛད་རྣམ་རེ་རེས། ང་རང་ལ་ འགྱེལ་ས་ནས་ཡར་ལང་དགོས་པའི་ཆོད་སེམས་བསྩལ། སྙིང་ལ་རུས་པ་བཏབ།
       ང་ལ་མི་ཚེའི་བདེན་པ་ངོ་སྤྲོད་མཁན་དང་། ཟད་མེད་ཀྱི་སྙིང་རུས་སྩོལ་མཁན་དཀའ་སྡུག་གི་འཚོ་བར་བཀའ་དྲིན་ཆེ་ཞུ།
       ང་ལ་ཞེ་ཁྲེལ་དང་རྒྱབ་འགལ། ངའི་སྒྱིད་པར་ཟོར་བ་གཡུག་མཁན་གྱི་ངའི་སྙིང་ཉེ་དག་ལ་བཀའ་དྲིན་ཆེ་ཞུ།
       ག་དུས་ཡིན་ཡང་ངའི་བདེ་སྡུག་ལ་སེམས་པ་གླན་མཁན་ཕུ་ནུ་སྤུན་མཆེད་རྣམས་ལ་བཀའ་དྲིན་ཆེ་ཞུ།
       ང་ལ་གཏན་དུ་བསླུ་མི་སྲིད་ཅིང་། ང་ཤི་བའི་རྗེས་སུའང་བསྐལ་པའི་བར་དུ་ང་གསོན་པའི་དུས་ཀྱི་ལམ་བུ་སྲུང་མཁན། ངའི་ཡིག་འབྲུ་འདི་དག་ལ་བཀའ་དྲིན་ཆེ་ཞུ།
       གལ་སྲིད་ང་དཀའ་སྡུག་གི་གཉན་འཕྲང་དུ་འདེད་མཁན་དེ་དག་མེད་ན། ངའི་ཡིག་འབྲུ་འདི་དག་ཡོད་མི་སྲིད་པས། ངས་ངེས་པར་དགྲ་གྲོགས་བར་མ་ཐམས་ཅད་ལ་བཀའ་དྲིན་ཞུ་འོས། བཀའ་དྲིན་ཆེ།
༢༠༢༣ལོའི་ཟླ༣པའི་ཚེས༦ཉིན་རེབ་གོང་ནས་བྲིས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།