འཆི་མེད་ཀྱི་ལྷུག་རྩོམ།
རྩོམ་པ་པོ།:འཆི་མེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-12-25 08:40:38
ཀློག་གྲངས།:
མཛོ་མོ་མགོ་རྡོ་མ།
ངས་བསམ་བཞིན་དཀའ་སྡུག་ཁོ་ན་བརྗོད་པ་ག་ལ་ཡིན། ཁྱེད་ཀྱིས་དེ་སྐད་མི་གསུང་རོགས།
འཆི་མེད།
མཛོ་མོ་མགོ་རྡོ་ནི་ཡུལ་སྐད་དེ་མཛོ་མོ་ཡུ་བོའི་མིང་ཡིན། ངས་ནི་ཆུང་དུས་འབོད་ལོབས་ལ་སོང་བའི་མིང་ལྟར་མཛོ་མོ་མགོ་རྡོ་མ་ཞེས་ན་སྙིང་ཉེ་བོ་ཡོད་པས། མུ་མཐུད་མཛོ་མོ་མགོ་རྡོ་མ་ཞེས་འབོད་པར་བྱ།
ངེད་ཚང་ལ་མཛོ་མོ་སེར་ཐོ་མ་ཞིག་ཡོད། མཛོ་མོ་དེ་ནི་ངེད་ཀྱི་ཕ་ལོ་ལགས་གཤེགས་པའི་རྗེས་ནས་ཕ་ལོ་ལགས་ཀྱི་མནའ་བཅད་དམ། ཕ་ལོ་ལགས་ཀྱིས་སྲོག་བསྐྱབས་མྱོང་བའི་རྩེ་ཁོག་མགར་རྩེའི་ཨ་ཁུ་བན་དེའམ་སྨན་པ་སྐྱ་ལྟིག(ད་ལྟ་ཁོང་ཡང་སྐུ་གཤེགས་ཟིན)ཏུ་འབོད་པ་དེས་ངའི་ཕ་ལོ་ལགས་ལ་དྲིན་གཟོའི་ཆེད་དུ། མཛོ་མོ་བཙའ་ལ་ཁད་ཅིག་རླངས་འཁོར་དུ་བཞག་སྟེ་དྲུད་ཡོང་ན་བེའུ་འཆུས་པར་དོགས་པས། ཁོང་གིས་སྐུ་དངོས་སུ་རྩེ་ཁོག་ནས་རོང་བོའི་བར་དེད་ནས་ཡོང་བ་ཞིག་ཡིན།
དངོས་གནས་ཁྲེལ་གཞུང་དང་ཕྱི་ཐག་ཅེས་པའི་ཐ་སྙད་ལ་མཚན་གཞི་ཞིག་གཞག་དགོས་ཚེ། གནའ་མི་དེ་ཚོ་ལས་འོས་པ་ཞིག་གང་དུའང་མེད།
མཛོ་མོ་མགོ་རྡོ་མ་ངེད་ཚང་ལ་དྲིན་ཆེ་སྟེ། མགོ་རྡོ་མ་ཡོད་པ་ནས་དབྱར་དང་སྟོན་ལ་འོ་མ་བཏུང་རྒྱུ་ཡོད་ཅིང་། དགུན་དང་དཔྱིད་ལ་མར་བཟའ་རྒྱུའང་ཡོད་དེ། མེད་མུག་གི་ལོ་ཟླའི་ནང་མགོ་རྡོ་མས་ངེད་ཚང་གི་འཚོ་བའི་ཐད་གོ་ཆེན་པོ་ཆོད་ཡོད།
ང་ཚོའི་སྡེ་བར་མཚོན་ན། ཁྱིམ་ཚང་སོ་སོས་བ་མོ་གསོ་བ་མ་གཏོགས། མཛོ་མོ་ཉོ་བར་དཔལ་འབྱོར་གྱི་ཆ་རྐྱེན་མེད་པས། ངེད་ཚང་གི་མཛོ་མོ་མགོ་རྡོ་མ་ནི་ང་ཚོའི་སྡེ་བའི་ནང་གི་མཛོ་མོ་གཅིག་པུ་དེ་ཡིན་པ་དང་། ངེད་ཚང་ལ་མགོ་རྡོ་མའི་ཕན་དུ་ད་རུང་བ་མོའང་མ་བུ་བཞི་ཡོད།
དབྱར་གཞུང་འོ་མ་མོད་དུས། ཨ་མས་འོ་མ་དཀར་ཡོལ་བཞི་རེ་མཁར་གྲོང་གི་མི་རྣམས་ལ་འཚོང་གིན་ཡོད། འོ་མ་དཀར་ཡོལ་བཞི་ནི་རྒྱ་མ་དོ་ཡིན།
སྨན་ཁང་གིས་གད་སྙིགས་སུ་གཡུགས་ཡོད་པའི་གནམ་ཁབ་ཀྱི་དམ་བེའི་སྟོང་བ་ཁྱེར་ཡོང་ནས། གཙང་མར་བཀྲུས་རྗེས་ནང་དུ་འོ་མ་ལྡུག་གིན་ཡོད་ཅིང་། འོ་མ་དམ་བེ་གང་ནི་རྒྱ་མ་གང་ཡིན།
སྐབས་དེར་མི་ཁྱིམ་ཚང་མས་གནམ་ཁབ་དམ་བེ་སྟོང་བ་དེ་དག་འཚོ་བའི་ཁྲོད་སྤྱོད་ཀྱིན་ཡོད་དེ། ལམ་བྲོ་ཁྱེར་ནས་ལས་ཀར་འགྲོ་དགོས་ས་དང་། བྱིས་པ་ཚོ་ཟོག་རྫིར་འགྲོ་བ་སོགས་གང་གི་སྐབས་སུའང་དམ་བེའི་ནང་དུ་ཇ་འཁྱེར་དགོས་ཀྱིན་ཡོད་པས། གནམ་ཁབ་དམ་བེ་མི་ཤེས་མཁན་དང་བཀོལ་སྤྱོད་བྱས་མ་མྱོང་བའི་ཁྱིམ་ཚང་ཞིག་ཡོད་མི་སྲིད།
འོ་མ་རྒྱ་མ་གང་རེར་སྒོར་ཟུར་གཉིས་རེ་བྱས་ན། ཟླ་གཅིག་གི་ནང་དུ་སྒོར་བཅུ་གཉིས་རེ་བཙལ་ཐུབ་ཀྱིན་ཡོད་པས། ངེད་ཚང་གི་ཟླ་ངོ་གཅིག་གི་འགྲོ་གྲོན་ཆ་ཚང་ཕུད། ཨ་མས་ད་རུང་སྒོར་འགའ་གསོག་ཐུབ་ཀྱིན་ཡོད།
མཛོ་མོ་དང་བ་མོའི་འོ་ཁ་ཉིན་བདུན་རེར་བསགས་ན་འོ་མ་དཀྲོགས་ཐེངས་གཅིག་ཡིན་པ་དང་། དཀྲོགས་ཐེངས་རེར་མར་རྒྱ་མ་འགའ་རེ་ལོན་གྱིན་ཡོད་པས། ང་ཚོས་ནམ་རྒྱུན་རྩམ་པ་ཟ་ཐུབ་ཅིང་མར་ཡང་གང་འཚམ་རེ་གསོག་ཐུབ་ཀྱིན་ཡོད།
མཚམས་མཚམས་ཕུ་བོས་ལྐོག་ཏུ་མཆོད་ཁང་དུ་འཛུལ་ཏེ་མཆོད་ཁང་གི་སྒོ་རྒྱབ་ན་བཞག་ཡོད་པའི་འོ་ཁ་གསོག་སྣོད་རྫ་མ་ལས་འོ་ཁ་བཅུས་ཏེ་ཟ་བཞིན་ཡོད་ཅིང་། མཚམས་མཚམས་སུ་འོ་ཁའི་ནང་དུ་གོ་རེ་བསྒྲེས་ཏེ་ཟ་བཞིན་ཡོད་པས། ཨ་མས་དེ་ཤེས་ནས་མཆོད་ཁང་ནང་དུ་འོ་ཁ་རྐུ་མཁན་ཧ་རྡ་ཞིག་ཡོད་ཀ་ཟེར་བ་ན། ངས་ནི་རང་གིས་ཟ་མ་ཐུབ་པའི་སྡང་སེམས་ཀྱིས་ཕུ་བོ་ལགས་ཀྱིས་འོ་ཁ་བལྡག་ཚུལ་ཨ་མར་གཏུག་བཤེར་བྱས་པ་ཡིན།
ཕུ་བོས་ཀྱང་གཏུག་མཁན་ང་རང་ཡིན་པ་ཤེས་ཏེ་ཨ་མ་ལས་ཀར་སོང་ཤུལ་དུ་ང་ལ་གཅར་གྱིན་ཡོད། དེ་བས་ངས་ཕུ་བོར་འཁོན་ལན་བསློག་ཆེད་བསམ་བཞིན་ཨ་མ་དང་ཕུ་བོའི་བར་ཕྲ་མ་བཅུག་སྟེ། ཕུ་བོས་ཉིན་བཞིན་འོ་ཁ་ལྡག་གིན་ཡོད་ཚུལ་སྒྲོ་བཏགས་ནས་ཕུ་བོར་གཅར་བར་བསྐུལ་ནའང་། ཨ་མས་འོ་ཁའི་ནང་དུ་གོ་རྡུལ་ལྷུང་ཡོད་མེད་ལས་འོ་ཁ་ལྡག་ཡོད་མེད་ཤེས་ཐུབ་ཀྱིན་ཡོད་པ་དང་། ལན་རེར་ཕུ་བོས་དངོས་གནས་འོ་ཁ་ལྡག་གིན་པ་ངས་མཐོང་སྟེ། ཨ་མར་གཏུགས་ནའང་ཨ་མས་ངའི་སྐད་ཆ་དང་ལེན་མི་བྱེད།
ནངས་མོ་རེ་རེར་ཨ་མས་འོ་མ་འཇོ་བའི་ཤག་ཤག་གི་སྒྲ་དེ་ཐོས་མ་ཐག ཕུ་བོ་ལགས་དང་ནུ་བོ་ངེད་གསུམ་གྱིས་རང་རང་གི་ཅ་ནེ་ཁྱེར་ཏེ། ཨ་མའི་གམ་ལ་སྔ་གཞུག་བརྩད་ནས་སོང་ན་ཨ་མས་ང་ཚོར་འོ་མ་ལྡུད་པ་ཡིན།
མཛོ་མོ་མགོ་རྡོ་མ་དང་བ་མོ་མ་བུ་དེ་ཚོ་ངེད་ཚང་ལ་བཀའ་དྲིན་རབ་ཏུ་ཆེ་བ་དང་། ང་ཚོ་ཡང་དེ་ཚོར་རང་གི་ནང་མི་ལྟ་བུའི་མདངས་རྩིས་ཡོད།
མཛོ་མོ་མགོ་རྡོ་མ་རི་ཡུལ་གང་ན་ཡོད་ཀྱང་། ཨ་མ་ལགས་ཀྱི་སྐད་གོ་ན་ངུར་བཞིན་ཨ་མའི་གམ་དུ་བཅར་ནས་ཨ་མ་ལགས་ལ་མགོ་གླན་ཏེ་འདུག་ཅིང་། རིམ་གྱིས་ངའི་སྐད་གོ་ནའང་ངའི་སར་ཡོང་སྟེ་ང་ལ་མགོ་གླན་ནས་སྡོད་པ་རེད།
1984ལོར་ངའི་ཨ་མ་ལགས་མ་འཚམས། དེ་དུས་ང་རང་ལོ་ན་བཅུ་བདུན་དང་སློབ་ཆེན་ལོ་རིམ་གཉིས་པ་ཡིན།
སྐད་ངན་དེ་གོ་བ་དང་ཐོག་མར་ངའི་ཡིད་ལ་ཤར་བ་ནི་མཛོ་མོ་མགོ་རྡོ་མ་རེད། ད་ནས་ཨ་མ་ལགས་མེད་པས་མགོ་རྡོ་མ་འཚོ་སྐྱོང་སུས་བྱའམ། ཡང་ན་ཕུ་བོས་མགོ་རྡོ་མ་གཞན་ཞིག་ལ་བཙོང་སྲིད་དམ་སོགས་ལ་སེམས་ཁྲལ་ཆེན་པོ་བྱས།
དེ་ནི་ཨ་མ་ལགས་མ་འཚམས་པ་དང་ང་རང་མགོ་རྡོ་མར་ཨ་མ་ལྟ་བུའི་མདངས་རྩིས་ཆགས་ཡོད་པས་ཡིན།
མགོ་རྡོ་མའི་རྗེས་ཕྱོགས་ལ་འདང་སྣ་ཚོགས་བརྒྱབ་སྟེ་ང་རང་ཞག་རེ་རེར་གཉིད་མ་ཁུགས་ཤིང་། ཐབས་ཅི་ཞིག་གིས་ད་གཟོད་མགོ་རྡོ་མ་མུ་མཐུད་དུ་ངེད་ཚང་ནས་གཟུང་ཆོག་པའི་སྐོར་ལ་བསམ་བློ་བཏང་ཞིང་། ཨ་མ་མ་འཚམས་པའི་ཁར་མཛོ་མོ་ཡང་ང་དང་ཁ་འབྲལ་རྒྱུའི་དཀའ་ཁག་ལ་ཕྲད་པས། ང་རང་སེམས་ཁུར་ཤིན་ཏུ་ཆེ།
ཉིན་ཞིག་ངས་རྐང་གཟས་ཏེ་མགོ་རྡོ་མའི་དོན་དུ་དགེ་རྒན་ལ་གནང་བ་ཞུས་ནས་ཡུལ་ལ་ཡོང་བ་དང་། ཕུ་བོ་ལགས་ལ་མཛོ་མོ་མི་བཙོང་རོགས། ང་རང་སློབ་མཐར་སྟེར་རག་བར་ཁྱེད་ཀྱིས་ཐབས་ཤེས་གྱིས་དང་། ང་རང་མཐར་ཕྱིན་ན་མགོ་རྡོ་མ་ངས་འཚོ་སྐྱོང་བྱ་རྒྱུ། ཡང་མིན་ན་མགོ་རྡོ་མ་ཚེ་ཐར་ལ་བཏང་ན་ཅི་འདྲ་སོགས། གང་ལྟར་མགོ་རྡོ་མ་མི་བཙོང་རོགས་ཞེས་ནན་ཞུ་བྱས་པ་ན། ཕུ་བོས་ཁྱོད་རང་སེམས་བདེ་མོ་བྱོས། མཛོ་མོ་ཨ་ཅེས་འཁྲིད་རྒྱུ་རེད། དེ་བྱས་ན་ཁྱོད་རང་ཞེ་ཐོགས་དོན་མེད་ཟེར་བས། ང་རང་དགའ་སྤྲོ་སྐྱེས་པའམ་ཞེ་སྐྱོ་བ་གང་ཡིན་མི་ཤེས་པར་ཡུན་རིང་ལ་བསྲན་པའི་མིག་ཆུ་དབང་མེད་ལྷུང་ཞིང་། ནང་སེམས་ཀྱི་ཁུར་བོ་ལྕི་མོ་ཞིག་ཕོག་པ་ལྟ་བུའི་བདེ་སྣང་དང་བཅས་ཕྱིར་སློབ་གྲྭར་ལོག
སློབ་གྲྭ་ནས་ཨ་མ་དྲན་ལ་མཛོ་མོའང་དྲན། ཨ་མ་གཏན་དུ་མཐོང་མི་སྲིད་པའི་སྡུག་བསྔལ་ནང་བཞིན་མགོ་རྡོ་མ་ཡང་གཏན་དུ་མཐོང་མི་ཐུབ་ས་ཞིག་ལ་འཁྲིད་ཨེ་འགྲོ་བསམས་པས། ང་རང་སྔར་བཞིན་སེམས་ཁྲལ་ཤིན་ཏུ་ཆེ།
ཆར་བ་ཟམ་ཟིམ་འབབ་ཅིང་གློག་ཀྱང་ཆད་པའི་སྟོན་མཇུག་གི་ས་སྲོད་ཅིག་ལ། སྒོ་ཁ་ན་མཛོ་མོ་ངུར་གྱིན་པ་ཐོས་པས་ང་སོང་སྟེ་སྒོ་ཕྱེ་བ་ན། མགོ་རྡོ་མས་ལམ་བར་ནས་དཀའ་ཚེགས་གང་འདྲ་ཞིག་བརྒྱུད་དེ་ཡོང་བ་མི་ཤེས་ ནའང་། ལུས་ཧྲིལ་བོ་འདམ་དང་བཅས་སྒོ་ཁར་སླེབས་འདུག ང་རང་དགའ་སྐྱོ་གང་ཡིན་མི་ཤེས་པའི་ཚོར་བ་ཞིག་གིས་མགོ་རྡོ་མའི་སྐེ་ལ་འཐམས་ཤིང་འགྲམ་པ་གླན་ཏེ་ཡུད་ཙམ་བསྡད་པ་ན། སེམས་ཀྱི་གཏིང་ནས་བདེ་ཚོར་ཞིག་རྙེད།
མགོ་རྡོ་མ་ནང་དུ་འཁྲིད་ཡོང་བསམས་ན་མགོ་རྡོ་མའི་ཁ་ར་ཡང་སྔ་མོ་ནས་བཤིག་ཚར་ཡོད་པས། མགོ་རྡོ་མ་ནི་ངེད་ཚང་ལ་མཚོན་ན་དངོས་གནས་ལྷག་མ་ལྟ་བུར་ཆགས་ཡོད། སྐབས་དེར། ཟོག་ཡིན་རུང་སྟོན་མཇུག་རང་ཡུལ་དྲན་ནི་རེད་ཅེས་པའི་ཨ་མའི་སྐད་ཆ་དེ་ཡིད་ལ་དྲན་བྱུང་།
སྟོན་མཇུག་གི་མཚན་མོ་དེར་མགོ་རྡོ་མས་རང་གི་ཨ་མ་དྲན་པ་ཡིན་ནམ། ཡང་ན་ངའི་ཨ་མ་དྲན་པ་ཡིན་ནམ།
མགོ་རྡོ་མས་དྲག་ཆར་དང་མུན་པ་བརྟོལ་ནས། ཨ་མ་དང་མགོ་རྡོ་མ་གཉིས་ཀ་དྲན་གྱིན་པའི་ངའི་སར་བསླེབས།
ཕུ་བོ་དང་ངེད་གཉིས་ཀྱིས་མགོ་རྡོ་མ་ཡང་བསྐྱར་ཨ་ཅེ་ཚང་དུ་བསྐྱལ།
མུན་པའི་ནང་དུ་ཕུ་བོས་མགོ་རྡོ་མའི་སྣ་གཅུ་ཡིས་འཐེན་ཏེ་མདུན་དུ་འགྲོ་ཞིང་། ངས་ལྕུག་པ་ཕྲ་མོ་ཞིག་བཟུང་ནས་མགོ་རྡོ་མའི་རྗེས་ནས་དེད། ཕུ་བོ་དང་ངེད་གཉིས་ཀྱི་བར་ན་མགོ་རྡོ་མས་མགོ་སྒུར་སྒུར་གྱིས་སྣ་ཐིག་ཕྱིར་འཐེན་གྱིན་འཐེན་གྱིན་འགྲོ།
ཆར་བ་དྲག་ཏུ་བབས། དྲག་ཆར་དང་སྨག་རུམ་ཁྲོད་ན་ངའི་མིག་ཆུ་ཉམ་ཆུང་གིས་ལྷུང་།
དུས་དེ་ནས་ང་རང་མཚམས་མཚམས་སུ་ཨ་ཅེ་ཚང་ལ་མགོ་རྡོ་མར་ཆེད་དུ་བལྟ་རུ་སོང་བ་ཡིན།
ས་སྲོད་ལ་ཨ་མ་དྲན་དུས་མུན་རུབ་ཡོད་ཀྱང་མགོ་རྡོ་མར་བལྟ་རུ་སོང་། སྟོན་མཇུག་རེ་རེར་མགོ་རྡོ་མས་ངེད་ཚང་དྲན་གྱིན་ཡོད་སྲིད་ཅིང་། ཨ་མ་དྲན་གྱིན་ཡོད་ངེས་ལ། སྟོན་མཇུག་གི་ཆར་བ་གྲང་མོ་འབབ་པའི་མཚན་མོ་རེ་རེར་ངས་ཀྱང་ཨ་མ་དང་མགོ་རྡོ་མ་དྲན།
མགོ་རྡོ་མ་དང་ངེད་གཉིས་ཀྱིས་ཕན་ཚུན་རྒྱང་ནས་མཐོང་ན་མགོ་རྡོ་མ་ངུར་གྱིན་གོམ་པ་ཇེ་མགྱོགས་སུ་བཏང་ནས་ངེད་སར་བརྒྱུགས་ཡོང་ཞིང་། ཁྱིམ་ན་བཏགས་ཡོད་དུས་དང་ཁེལ་ན་མགོ་རྡོ་མ་ངུར་གྱིན་ང་ལ་འགྲམ་པ་གླན་ནས་སྡོད།
དགུན་གནང་གི་སྐབས་ཤིག་ང་རང་ཡུལ་ལ་སླེབས་པའི་ཕྱི་ཉིན་མགོ་རྡོ་མར་བལྟ་རུ་སོང་བ་ན། མགོ་རྡོ་མ་རིག་མཐོང་མེད་ཅིང་མགོ་རྡོ་མའི་ཁ་མལ་ན་མཛོ་མོ་གཞན་ཞིག་བཏགས་འདུག་པས། ངས་ཨ་ཅེ་ལ་མགོ་རྡོ་མ་ཅི་བྱས་སོང་ཞེས་དྲིས་ཚེ། མོས་ཧ་ཅང་ཅི་མི་སྙམ་པའི་ངང་མཛོ་མོ་ཉིན་གཉིས་ལ་མ་རྙེད། རྙེད་དུས་ས་དོང་ཞིག་ལ་ལྷུང་སྟེ་རྐང་བ་བཅགས་འདུག སྤྱིར་ན་མགོ་རྡོ་མ་ཁ་མཐོ་ཡིན་པས་བཙའ་རྒྱུ་མེད་ཅིང་། ད་ནི་རྐང་བའང་བཅག་ཡོད་པས། ངས་ཀྱང་བདག་སྐྱོང་བྱ་དཀའ་བ་རེད། དགུན་ཐོག་རྩྭ་སྐྱས་ཀྱང་འདང་གིན་མི་འདུག དེ་བས་རྒྱལ་བོ་ཀླུ་ཆུའི་ཤ་ཉེ་ཚང་ཞིག་ལ་བཅོལ་ཡོད་ཟེར།
ང་རང་གློ་བུར་དོང་ཞབས་མེད་ཅིག་ཏུ་ལྷུང་བ་ལྟ་བུའི་ཚོར་བ་དང་བཅས་དབུགས་འབྱིན་རྔུབ་དཀའ་ཞིང་སྙིང་ཡང་དྲག་ཏུ་ལྡིང་། ཡ་ཆུང་གཟེར་བྲེང་བྲེང་ངང་མཆི་མ་འབྱིད་ཞོར། ཁྱོད་ཀྱིས་མགོ་རྡོ་མ་འཆི་རག་བར་རང་གིས་འཛིན་རྒྱུ་ཁས་ལེན་བྱས་ཡོད་པ་མིན་ནམ། ཁྱོད་ཀྱི་ཁས་ལེན་གང་དུ་བུད་སོང་། མགོ་རྡོ་མར་འོ་མ་བཞོ་རྒྱུ་མེད་ནའང་རྐང་བ་དྲག་རག་བར་རང་ཁྱིམ་ནས་བསྐྱུར་ན་ཅིས་མི་ཆོག་ཅེས་འཁང་ར་དང་ཞུ་བ་འདྲེས་མ་ཞིག་ངུ་ཞོར་བཤད་ནའང་། ང་རང་ཁ་ཆུང་དབང་ཆུང་ཡིན་པས་ནུས་པ་ཅི་ཡང་མ་ཐོན།
གྲང་ངར་ཇེ་ཆེར་སོང་བ་དང་བསྟུན་ནས་ངས་ཀྱང་མགོ་རྡོ་མ་ཇེ་དྲན་དུ་གྱུར།
ཡང་ཉིན་ཞིག་ང་རང་ཨ་ཅེའི་སར་སོང་སྟེ་མགོ་རྡོ་མའི་རྐང་བ་དྲག་སྐྱེད་བྱུང་ཡོད་མེད་ཀྱི་སྐད་ཆ་རེ་ཨེ་གོ་དྲིས་པ་ན། མོས་ང་ལ་མགོ་རྡོ་མ་ཤི་ནས་དུས་ཡུན་གང་འཚམ་འགོར་སོང་ཟེར། ང་རང་དྲག་ཏུ་ངུ་བཞིན་ཁྱོད་ལ་འོ་ཞོ་མ་གཏོགས་མཛོ་མོ་མི་དགོས་པ་ཅི་རེད་ཅེས་པ་ན། མོས་ང་ལ་ཁྱོད་ཀྱིས་སེམས་ཁུར་བྱ་རྒྱུ་མེད་ས་ཞིག་ལ་སེམས་ཁུར་བྱེད་ཀྱིན་འདུག ང་ལ་མཛོ་མོ་ཁ་མཐོ་ཆག་རོ་ཞིག་གིས་ཅི་བྱ་ཟེར། ཨ་ཅེ་ནི་ནམ་ཡང་ཨ་ཅེ་ཡིན་པས་ངས་ཁ་ལན་བསློག་མ་ཐུབ།
ཨ་ཅེས་ང་ཡི་ནང་སེམས་གཅོང་རོང་དུ་སྤྱུགས།
མགོ་རྡོ་མ་ཤི་ནས་མི་ལོ་རིང་ཙམ་སོང་ནའང་མགོ་རྡོ་མ་ཡིད་ལ་དྲན་ཐེངས་རེར་ང་རང་གྲང་ཤུར་ཤུར།
མགོ་རྡོ་མ་ལོ་ཡིས་ཐུབ་དུས་རང་ཡུལ་དྲན་ཡོད་ངེས།
རྐང་བར་ན་ཟུག་ལངས་དུས་ངའི་ཨ་མ་ལགས་དྲན་ཡོད་ངེས།
མགོ་རྡོ་མ་གྲང་ངར་ཁྲོད་དུ་ཉིན་ཞག་མང་བོར་ཁེར་རྐྱང་དུ་ལུས་ཡོད་དུས།
ང་རང་དྲན་ཡོད་ངེས།
ཁྲིགས་ཁྲིགས་མེད་ན། མགོ་རྡོ་མ་སྤྱང་ཚོགས་ལ་ཐུག་ཡོད་ཀྱང་སྲིད།
ཁྲིགས་ཁྲིགས་མེད་ན། མགོ་རྡོ་མ་ཡར་ལངས་ཐུབ་མེད་ངེས།
མགོ་རྡོ་མ་ལྟོགས་ཡོད་ངེས།
སྐོམ་ཡོད་ངེས།
གྲང་ཡོད་ངེས།
ཡུན་རིང་དབུགས་རྔ་མ་ཆད་པར་ལུས་ཡོད་ངེས།
ཤི་དུས་མིག་བཙུམས་པའི་སྟོབས་ཤུགས་ཙམ་ཡང་མེད་པར།
མིག་ལ་ས་རྡུལ་ཆགས་ཡོད་ངེས།
…
འཇིག་རྟེན་དུ་ཆེས་ཡ་ང་སྙིང་རྗེ་བྲལ་ཅིང་། རྒྱུ་འབྲས་ཀྱི་དྲི་ཙམ་མི་བྲོ་བ་ལ་མི་ལས་གཞན་ཞིག་འདྲེན་རྒྱུ་ཨེ་ཡོད།
སྙིང་གཟེར་དྲག་ཏུ་ལངས་ཏེ་ང་རང་གློ་བུར་གློ་བུར་མལ་ལས་ཙོག་དགོས་བྱུང་། མགོ་རྡོ་མར་སྙིང་རྗེ་བས་ཞག་ལ་ཞག་མཐུད་དེ་གཉིད་བོར།
ཕར་འཁོར་ཚུར་འཁོར་གྱིས་སྔས་འབོག་མཆི་མས་བརླན་ཅིང་། ཨམ་ཅོག་ཏུ་མིག་ཆུ་ཡང་ཡང་འཁྱིལ།
དུས་ད་ལྟའང་མགོ་རྡོ་མ་ཧ་ཅང་དྲན་དུས། ངས་མགོ་རྡོ་མ་རྒྱང་རིང་རྒྱང་རིང་ཞིག་ནས་མཐོང་ཐུབ་ཅིང་། སེམས་ཀྱིས་རེག་རེག་བྱ་ཐུབ། ཡིན་ནའང་། “དྲན་པའི་གཞུ་མོ་ནང་དུ་བཀུགས་ཚེ།” ད་ལྟ་ང་ལ་ཨ་མ་མེད་ལ་མགོ་རྡོ་མའང་མེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།