བྱང་གྲོལ་གྱི་སྙན་ཚོམ་ཆེད་བཀོད།

རྩོམ་པ་པོ།:བྱང་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-12-07 12:47:07 ཀློག་གྲངས།:
སྤོས་ལྡན་གྲོང་གི་ཉིན་ཁ་ཤས།(སྙན་ཚོམ)
བྱང་གྲོལ།

ཟི་ལིང་གི་འབྲོག་པ་ཞིག་གྲོང་ཁྱེར་དུ་ཐོན།
དྭངས་གཙང་གི་མིག་ཟུང་ལས་གཞན་དང་མི་འདྲ་ས་དེ།
རྒྱབ་ཀྱི་ལྭ་བ་མཐུག་པོ་འདི་ལས་ཅི་ཡང་མི་འདུག

མི་ཚོགས་ཀྱི་དབུས་སུ་ལངས་ཏེ་བསྡད་ན།
མི་རེ་རེ་ཡིས་ཁ་དོག་རེ་རེ་ཁུར་ནས་འགྲོ་བཞིན་འདུག
འཇིག་རྟེན་རེ་རེ་གྲུབ་པའི་མི་རེ་རེ་ཡི་ངོ་གདོང་ལས།
འདོད་སྲེད་ལ་བརྒྱུས་པའི་གཉེར་རིས་ག་ཚོད་ཅིག་གྲུབ་ཡོང་ཨང།

སེམས་ཀྱི་གཏིང་ས་ཞིག་ན་གནས་པའི་ཞི་འཇགས་དེས།
ད་གཟོད། རང་ཉིད་གཞན་ལས་ལོགས་སུ་བཀར་ཀྱིན་པ་ཚོར།
2023-4-12

རང་ཉིད་བོར་ཚུལ།

མེ་ཏོག་གིས་སླེས་པའི་གྲོང་ཁྱེར་འདིར།
རང་ཉིད་ཅེས་པའི་སྲོག་ཤིང་གཞན་ཞིག་མི་འདུག
ཐ་ན། དུམ་བུར་བཅད་པའི་སྐྲ་ལོ་རིང་བོ་དེ་ཡོད་ན་ཡང།

སྤྱོད་པ་རྩུབ་མོ་དེའི་རྣོ་དབལ་ཡལ་རྗེས།
རང་ཉིད་ལ་ལྷག་པ་ནི་ངོ་གདོང་འདི་ཙམ་རེད།
དེ་ཡང། བྲིས་རིས་ཤིག་གིས་ཡོངས་སུ་བརྗེ་ཚར་འདུག
ནམ་ཞིག་གི་ཚེ། ང་དང་ངའི་ཡོད་ཚད་གྲོང་ཁྱེར་འདིའི་མེ་ཏོག་བཞིན།
ཡོང་ཡོང་ཀུན་གྱིས་ལྟད་མོར་བལྟ་སྲིད་པའི་བཤམས་སྟོན་ཁང་ཞིག་ཏུ་ཡོད་ཨང།
 
2023-4-13
 
བོད་མིའི་ཁྲོམ་ལ་ཉུལ་རྗེས།

དུངས་ཁ་ལྷག་མ་དེའི་དབང་གིས།
བོད་མིའི་ཁྲོམ་ལ་ཡང་ཡང་བཅར་ན་ཡང།
ཞག་མ་གཅིག་ལ་སྡོད་ས་ཡང་མི་རྙེད་པའི་གནས་དེ་ནས
ངས། རང་སེམས་གསོས་ཆོག་པ་ཅི་ཡང་མ་རྙེད།

ཐང་ཁྲོམ་མོད་པའི་ཁྲོམ་ར་དེའི་གསེབ་ན།
འཚོང་བཞིན་པ་ནི་ཁ་དོག་བཀྲ་བའི་ཚོང་རྫས་ཙམ་ཡིན་ནམ།
ནམ་ཞིག བདག་གི་མགོ་བོ་ཡང་འདི་ལ་བཤམས་ཏེ་ཡོད་ན།
ཁྱེད་ཚོ་སྔར་བཞིན་འདི་ལ་དུངས་ཁ་དེའི་དབང་གིས་ཡང་ཡང་བཅར་སྲིད་དམ།
 
2023-4-16
 
བྱམས་པ་ཆུ་གཟིགས་མ།

དཀྱུས་རིང་བའི་མིག་ཟུང་ན།
མི་རབས་གསུམ་གྱི་རྔུལ་ཆུ་ཟགས་ཀྱིན་འདུག
 
དབྱེས་ཆེ་བའི་དཔྲལ་བའི་མེ་ལོང་ན།
ངོ་མཚར་གྱི་གཏམ་རྒྱུད་ཧ་ཅང་མང་ན་ཡང།
དད་པ་མེད་པའི་མཇལ་བ་ཚོའི་མིག་ལམ་ན།
ཁྱེད་ནི། རྡོ་ལ་བརྐོས་པའི་འཇིམ་སྐུ་ཙམ་རེད།
 
དོན་དུ་ཁྱེད་ལ་བྱིན་རླབས་ཡོད་དམ།
ཁྱེད་ཀྱིས། གཙང་བོ་དེའི་ནང་ན་ཅི་ཞིག་མཐོང་ཀིན་ཡོད།
 
2023-4-14
 
གླང་ཆེན་འགྱིང་རི།

བྱིན་རླབས་འཁྱིལ་བའི་སྤྲིན་གྱི་རྒྱ་མཚོ་དང་དེའི་རླབས་རིས།
དད་སྟོབས་ཀྱིས་བཀྱགས་པའི་ནང་སེམས་ཀྱི་དུངས་ཁ།
ངག་རྒྱུན་དུ་འདྲེས་པའི་འཇའ་རིས་སྣ་ཚོགས་པ་དེ།
ཉི་ཟླ་གཉིས་རྣ་རྒྱན་དུ་དཔྱངས་པའི་རི་བོ་ཆེ་དེ་ཡིན།
ཡང་ན། ཐུན་མོང་སྣང་ངོར་གྲུབ་པའི་ཞལ་བཅུའི་འཕགས་པ་ཁྱོད་ཡིན།

ཐེག་པ་ཆེ་ཆུང་ལུགས་མི་འདྲ་ན་ཡང།
ཞིང་བཀོད་གཅིག་གི་ལྷ་ཆེན་ཁྱེད་བསམ་ནས་ཡོང་ན།
བདག་དང་བདག་ཅག་གི་བགོ་སྐལ་དུ་སྨིན་ཡོང་བ་དེ།
ཁྱེད་དང་ཁྱེད་ཀྱི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་དེ་ཡིན་ནམ།
ཡང་ན། ནམ་མཁའ་སྔོ་སིང་ངེར་ཡོད་པའི་ནམ་ཟླ་དེ་ལ་སྒོམ་ཆོག་གམ།

མེ་ཏོག་གི་ལང་ཚོ་ཁོ་ན་དང།
ཁོར་ཡུག་གི་མཛེས་སྡུག་འབའ་ཞིག་ཀྱང།
མཐའ་བྲལ་བའི་ཁྱེད་ཀྱི་བྱིན་རླབས་སུ་སྒོམ་ཐུབ་ན།
ཉི་ཟླ་ཐང་ནས་འཆར་བའི་སྣང་ཚུལ་ཁོ་ན་ཙམ་གྱིས་ཀྱང།
འདུས་བྱས་མི་རྟག་སྒྱུ་མས་གྲུབ་པའི་ཕུང་བོ་ལས་གྲོལ་བར་ནུས་སམ།
 
2023-4-15
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།