འཕྲང་ཡར་ནང་།

རྩོམ་པ་པོ།:མོག་ཟླ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-09-20 13:19:27 ཀློག་གྲངས།:
       ང་རང་དུས་རྒྱུན“འཕྲང”ཞེས་པའི་ས་ཆ་འདི་བརྒྱུད་ཐེངས་རེར། སྔོན་ཆད་འདི་ནི་བོང་བུ་དང་རྟ་དྲེལ་ཞོན་པའི་མི་རྣམས་རྒྱུན་མི་ཆད་པར་འགྲོ་སའི་ཁེར་ལམ་སྐྱ་མོ་ཞིག་ཡིན་སྲིད་སྙམ། ལམ་གྱི་གཡོན་འགྲམ་ན་ཕ་བོང་ཆེན་པོ་ཞིག་ཡོད་ལ། སྤྱི་ཚོགས་རྙིང་པར་སྟོད་འབྲོག་གི་ཚོང་པ་རྣམས་རོང་ལ་ཡོང་ནས་གྲོ་ནས་སོགས་ཁལ་གཡག་ལ་བཀལ་ནས་ཕྱིར་འགྲོ་དུས། འཕྲང་དོག་པས་སྒྲོ་བ་དང་སྒྱེ་མོའི་གྲུ་སྣེ་ཕ་བོང་ལ་ཐོགས་ཏེ་བུ་ག་བརྡོལ་བ་ལས་གྲོ་ནས་སོགས་ཕྱིར་ཕྱུངས་པས་ཕ་བོང་ནས་ཟན་ཞེས་ཀྱང་འབོད། གཞན་ཕ་བོང་དེ་ལ་ངག་རྒྱུན་སྙིང་དུ་སྡུག་པ་ཞིག་ཡོད་པ་ནི། ཨ་མྱེས་བྱ་ཁྱུང་ཨ་མྱེས་སྟག་ལུང་གི་བཙུན་མོ་ཨ་མ་གྱོ་མོར་ཆགས་ཤིང་། ཨ་མྱེས་སྟག་ལུང་ཡུལ་ན་མེད་པའི་གོ་སྐབས་དང་བསྟུན་ནས་ཨ་མ་གྱོ་མོ་ཁོའི་ཕོ་བྲང་དུ་ཁྲིད་པར། ཨ་མྱེས་སྟག་ལུང་གིས་ཚོར་ཏེ་དྲག་ཏུ་ཁྲོས་ཤིང་སྒྱོགས་རྡོ་འཕངས། ཨ་མྱེས་བྱ་ཁྱུང་གིས་ཕྱིར་རྒོལ་གྱིས་འཕྲལ་དུ་བཀག་པས་འཕྲང་ཞེས་པའི་མཐིལ་དུ་ཅལ་སེ་ལྷུང་། དེ་ཕ་བོང་དེ་ཡིན་ལ། དེ་ལྟར་དྲག་པོའི་གཡུལ་འགྱེད་བསླངས་རྗེས་ཨ་མ་གྱོ་མོ་ཕྱིར་འཕྲོག་ཡོང་ནས་ཁོའི་ལྟག་རྒྱབ་ཏུ་ཅུང་གབ་པའམ་གཡོལ་བའི་ཚུལ་གྱིས་བཞུགས་སུ་བཅུག དེ་ནས་བཟུང་ཨ་མྱེས་བྱ་ཁྱུང་ཨ་ཟད་འུ་ཐུག་ཏུ་གྱུར་ནས“ཁ་ཁྲི་ཀའི་ཕྱོགས་སུ་འཁོར་ཡང་། ཞེ་རེབ་གོང་རོགས་ལོར་ཆགས་ཡོད”ཅེས་ནུབ་བྱང་མཚམས་ཀྱི་ཁྲི་ཀའི་ཕྱོགས་ན་ཀྲོང་ངེར་གནས་ཡོད། ང་ཚོ་ནམ་ཡང་ལྷ་སྒྲུང་དང་ངག་རྒྱུན་གྱི་རྔམ་མཐུག་པའི་ཀློང་ན་འཚོ་ཞིང་གནས་ལ། ཆུང་དུས་ནས་བག་ཆགས་ཀྱི་ངོས་སུ་ལྷ་དང་མི།མི་དང་འདྲེ་ཡི་གཏམ་རྒྱུད་གང་མང་ཞིག་རྡོ་བརྐོས་རི་མོ་ཇི་བཞིན་གསལ་ལྷང་ངེར་གནས་ཡོད། དེ་ལྟར་ཨ་མྱེས་བྱ་ཁྱུང་དང་སྟག་ལུང་བར་གྱི་ངོ་མཚར་བའི་གཏམ་རྒྱུད་གང་མང་ཞིག་ཀྱང་ད་དུང་ཟམ་མ་ཆད་པར་ཡུལ་འདིའི་མི་རྣམས་ཀྱི་ངག་ན་རྗོད་ཀྱིན་ཡོད།
       དེ་ནས་མུ་མཐུད་དུ་ཡར་སོང་བ་ན་ལྕང་སྐྱའི་སྡེ་འདབས་སུ་སླེབས་ཤིང་། ལམ་འགྲམ་ན་ལྕང་སྐྱའི་མཆོད་རྟེན་དང་ཨ་མདོའི་རྡོ་འབུམ་སྔོ་རིལ་ཡོད་པ་གསལ་ལེར་མཐོང་། སྔོན་ཆོས་རྗེ་དོན་གྲུབ་རིན་ཆེན་དབུས་ཉི་མ་ལྷ་ས་ནས་ཕྱིར་ཨ་མདོའི་ཡུལ་དུ་བྱ་ཁྱུང་དགོན་པ་འདེབས་པར་འགྲོ་བའི་ལམ་བར་ནས་ས་འདི་བརྒྱུད་སྐབས་ཁོང་གིས་རྡེའུ་འབུམ་ཆུང་ཆུང་ཞིག་རྩིག་པར་བཤད་ལ། དུས་ཀྱི་ཆུ་རྒྱུན་རིང་མོའི་བཞུར་རྒྱུན་ཁྲོད་དུ་སྟོད་ཀྱི་འབྲོག་པ་དང་སྨད་ཀྱི་རོང་བ་སོགས་ཡར་མར་ལ་འགྲོ་བའི་དུས་སུ་རྡོ་འབུམ་འདི་ཆེས་བྱིན་ཅན་དུ་བརྩི་ལ། གནས་འདིར་སླེབས་ཚེ་ཕྱག་གསུམ་འཚལ་ཞིང་ཕྱོགས་ཡར་མར་ནས་རྡེའུ་བཏུས་འོངས་ནས་རྡོའི་མཆོད་པ་ཕུལ་ཏེ་འགྲོ་བ་རྒྱུན་མི་ཆད་པས་ད་ལྟའི་བོངས་ཆེ་བའི་རྡོ་འབུམ་འདི་གྲུབ་པ་རེད། སྟོད་ཕྱོགས་ཀྱི་འབྲོག་པ་ཚོས་རྡོ་འབུམ་སྟེང་ནས་རྡེའུ་འགའ་རེ་ཁྱེར་ནས་ཟོག་ལུག་གི་སྐེ་ལ་བཏགས་ན་གཟའ་ནད་དང་སྨྱོ་ནད་སོགས་ཕྱུགས་ཀྱི་གོད་ཁ་འགོག་པར་ཕན་ཞེས་ཟེར་སྲོལ་ཡོད།
       ལྕང་སྐྱ་སྡེ་བ་སྟེ། དུད་ཚང་བརྒྱ་ཕྲག་ལས་མེད་པའི་གནའ་གྲོང་འདི། ལོ་རྒྱུས་འཕེལ་འགྱུར་གྱི་བརྒྱུད་རིམ་རིང་མོའི་ཁྲོད་དུ་འགྱུར་ལྡོག་ཅི་ཡང་མ་བྱུང་བ་འདྲ་ལ་ཁ་ཁུ་སིམ་པའི་མཁའ་དབུགས་ཤིག་གིས་ཡོངས་སུ་གཡོགས་འདུག
       མི་རྣམས་རླངས་འཁོར་ལས་ལྕང་སྐྱ་སྡེ་བའི་སྲང་ལམ་དུ་ཐོན་ཚེ་ཅུང་སུན་སྣང་སྐྱེ་བ་ནི་སྡེ་བའི་བ་གླང་གི་ཁྱུ་ཡིན། བ་ཕྱུགས་རྣམས་གཞུང་ལམ་གྱི་དཀྱིལ་དུ་ཐོ་ཡོར་ལྟར་བསྡད་དེ་ལམ་འབྱེད་མི་སྲིད་ལ། རླངས་འཁོར་གྱིས་དུང་བརྡ་བར་མཚམས་མེད་པར་བརྒྱབ་ན་ཡུད་ཙམ་འགོར་རྗེས་ད་གཟོད་བགྲོད་ཐུབ་པ་ཡིན། ང་ཡང་དགོས་དབང་གིས་ས་འདི་བརྒྱུད་དུས་ཆེས་མགོ་ན་བའི་དོན་དག་ནི་རླངས་འཁོར་གྱི་ནང་ནས་ངང་སྒུག་མི་ཐུབ་པ་དེ་ཡིན། སྔོན་ཆད་སྡེ་བ་འདིར་ལྷམ་བཟོ་བའི་ལག་ཤེས་རིགས་ཤིག་ཡོད་ལ། སྟོད་འབྲོག་ནས་ཁྱེར་ཡོང་བའི་ནོར་ནག་གི་ཀོ་བས་བཟོས་པའི་ལྷམ་ལ་ང་ཚོས་རྒྱ་ལྷམ་དང་འབོལ་ལྷམ་ཟེར་ལ། ལྷམ་དེ་རིགས་ས་ཕྱོགས་ཀུན་དུ་བྲིན་ཆེ་ལ་ལྷག་པར་སྟོད་འབྲོག་ཏུ་དར་ཁྱབ་ཧ་ཅང་ཆེ་བས་ལྕང་སྐྱའི་ལྷམ་བཟོ་ཞེས་མཚན་སྙན་ཧ་ཅང་རྒྱས། དུས་ཀྱི་འཕེལ་འགྱུར་དང་བསྡོངས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་ལས་དེའང་ཉམས་ཞན་དུ་གྱུར་ཏེ་ད་ལྟ་ཤུལ་མེད་དུ་སོང་བ་འདྲ། ཕྱིར་འདང་ཞིག་བརྒྱབ་ན་ལོ་རབས་བརྒྱད་ཅུའི་མགོ་སྟོད་དེར་ཀོ་ལྷམ་དེའི་བསྟན་པ་ཡོངས་སུ་ཉམས་པ་མ་ཡིན་པར་སྟོད་ཕྱོགས་ཀྱི་འབྲོག་པ་རྣམས་ཀྱིས་བེད་སྤྱོད་གཏོང་བཞིན་ཡོད་ལ། ངེད་ཚང་ལ་ལྕང་སྐྱའི་ལྷམ་བཟོ་སྐལ་བཟང་དང་ལྷམ་བཟོ་རྡོ་རྗེ་སོགས་ངོ་ཤེས་འགའ་ཡོད་པ་དྲན་སོས་འོངས། ལོ་རེའི་དབྱར་ཁའམ་སྟོན་ཁར་ལྷམ་བཟོས་བོང་བུ་ཁྲིད་ཅིང་ཀོ་ལྷམ་ཆ་གཅིག་ཕྲག་པ་གཡོན་ཕྱོགས་ཀྱི་མདུན་རྒྱབ་དུ་ཏ་ལེན་བཞིན་འཕངས་ཏེ་ངེད་ཚང་གཟས་ནས་སླེབས་ཡོང་བའི་རྣམ་པ་མིག་ལམ་ལ་དབང་མེད་ཤར་གྱིན་འདུག ཁོ་ཚོས་ཀོ་ལྷམ་དེ་དག་ཤ་དང་མར་ཆུར་སོགས་ལ་བརྗེས་ཏེ་དགུན་ཁ་མ་སླེབས་གོང་ཕྱིར་ཡུལ་ལ་འཁྱེར་འགྲོ།
       གཡོན་གྱི་སྲིབ་ངོས་སུ་ལུང་བ་ཆེན་པོ་ཞིག་གི་མདོ་ན་སྤྱང་ལུང་རོང་སྡེ་སྐྱ་ལམ་མེར་ཆགས་ཡོད་ལ། ལུང་བའི་ཉིན་ངོས་སུ་ཁྱུང་དགོན་མི་འགྱུར་རྡོ་རྗེ་གླིང་གི་འདུ་ཁང་གི་རྒྱ་ཕིབས་ཐག་རིང་ནས་མཐོང་ཐུབ།དཔལ་ཆེན་ནམ་མཁའ་འཇིགས་མེད་ཀྱི་སྐུ་དུས་སུ། ཐེངས་ཤིག་ཁོང་གིས་ཆོས་ཐོགས་ཤིག་གི་སྟེང་ནས་སྔགས་པ་རེ་ལ་ཕུར་བུ་རེ་གནང་པས་ཏག་ཏག་སྔགས་པ་སྟོང་དང་དགུ་བརྒྱ་འདུས་པས། རེབ་གོང་སྔགས་མང་ཕུར་ཐོགས་སྟོང་དང་དགུ་བརྒྱ་ཞེས་པའི་མཚན་གྱི་ཅོད་པན་དུས་དེ་ནས་བཟུང་ཐོགས་ཤིང་ཀུན་ལ་ཁྱབ། གདན་ས་འདི་ནི་རེབ་གོང་གི་སྔགས་མང་ཕུར་ཐོག་སྟོང་དང་དགུ་བརྒྱའི་གདན་ས་གཙོ་ཤོས་སུ་གྱུར་ཡོད། ཆོས་རྒྱལ་གཏེར་བདག་གླིང་བ་ལས་བརྒྱུད་པའི་དབུས་ཨོ་རྒྱན་སྨིན་གྲོལ་གླིང་གི་སྔགས་རྙིང་མའི་ཡང་གསང་ཟབ་ཆོས་ཀྱི་ཚན་ཁའི་བྱིན་རླབས་མ་ཉམས་པར་རེབ་གོང་སྟོད་སྨད་བར་གསུམ་དུ་ཉིན་དཀར་བཞིན་གསལ་ཞིང་མཁས་གྲུབ་གཉིས་ལྡན་གྱི་གོས་དཀར་ལྕང་ལོའི་སྡེ་ཟམ་མ་ཆད་པར་བྱོན་ཡོད།
       ལུང་པའི་ཕུའམ་སྟོད་ན་སྤྱང་ལུང་འབྲོག་སྡེ་ཆགས་ཡོད་པར་བཤད་ལ། འདས་པའི་ལོ་འགར་ལྕང་ལུང་རོང་འབྲོག་གཉིས་མ་མཐུན་པར་འགལ་བ་ཛ་དྲག་ཏུ་གྱུར། ཚོང་རའི་དཔལ་འབྱོར་གྱི་རླབས་རྒྱུན་བོད་ཀྱི་ཡུལ་ལུང་ཀུན་ཏུ་ཤུགས་ཆེན་དུ་དར་བས།དབྱར་རྩྭ་དགུན་འབུའི་རིན་གོང་ལོ་རེ་ནས་ལོ་རེར་ཡར་ངོའི་ཟླ་ལྟར་འཕེལ། དབྱར་རྩྭའི་ཐོན་ཁུངས་བོད་ཡུལ་ན་ཆེས་ཕུན་སུམ་ཚོགས་པའི་མདོ་ཁམས་ཡུལ་དུ་དཔལ་འབྱོར་འཚོལ་སྒྲུབ་ཀྱི་ཡོ་ལང་རྣམ་པར་རྒྱས། དེ་དང་ལྷན་དུ་མི་དང་མི། མི་དང་རང་བྱུང་ཁམས། སྤྱི་སྒེར་བར་འགལ་བ་དང་རྩོད་པ་སྣ་ཚོགས་རང་ཤུགས་ཀྱིས་ཡོང་བས། བོད་ཡུལ་ས་ཆ་ཕལ་མོ་ཆེ་ན་དབྱར་རྩྭའི་ཐོན་ཁུངས་འཕྲོག་རྩོད་ཀྱི་སྐྱོ་གར་རྒྱུན་དུ་ལྷང་ལྷང་བྲག་ཅར་མཆེད། གོང་གི་སྡེ་བ་འདི་གཉིས་ཀྱང་དབྱར་རྩྭའི་ཐོན་ཁུངས་ཀྱི་ཆེད་དུ་ཕན་ཚུན་ནང་འགལ་བྱུང་ནས་ཡུན་རིང་འགོར། ཡིན་ཡང་ད་ལྟ་ཕྱོགས་གཉིས་ཀྱི་རྩོད་གླེང་དེ་ཞི་འཇགས་སུ་གྱུར་འདུག་སྐད།
       གཡས་ན་ཨར་འདམ་གྱི་ལམ་ཞིག་གྱ་གྱུའི་ངང་ལུང་པའི་ཁོག་ཏུ་བརྐྱངས་འདུག་པ་ནི་ཀོའུ་སྡེ་རོང་དུ་འགྲོ་བའི་རྡོ་ལམ་ཡིན་ལ། སྤྱི་ལེ་གཉིས་ཙམ་གྱི་མཚམས་ན་ཀོའུ་སྡེ་རོང་འབྲོག་གི་དགེ་རྩའི་གནས་ཁྱད་པར་ཅན་རྫོགས་ཆེན་རྣམ་རྒྱལ་གླིང་ལྷམ་མེར་ཆགས་ཡོད། དགོན་པ་ཕྱག་འདེབས་མཁན་རྫོགས་ཆེན་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ་ནི་རྡོ་གྲུབ་ཆེན་ཀུན་བཟང་བསྟན་པའི་ཉི་མའི་ཐུགས་སྲས་རྡོ་རྗེའི་གདུང་བཞིའི་གྲས་ཀྱི་གཅིག་ཡིན་ཞིང་། ཁམས་ཕྱོགས་སུ་ཕེབས་ནས་སློབ་གཉེར་བྱས་པས་མཁས་པ་ཆེན་པོར་གྱུར་ཅིང་སྙན་གྲགས་ཆེས་ཆེར་རྒྱས། ཕྱིར་རང་ཡུལ་དུ་ཕེབས་ནས་དགོན་པ་བཏབ་ཅིང་ཆོས་བརྒྱུད་སྤེལ་བས། ཡུལ་རེབ་གོང་གི་སྙིང་ཐིག་ལུགས་ཀྱི་བསྟན་པ་འཛིན་པའི་སྐྱེས་བུ་སྔ་ཤོས་སུ་གྱུར།
       དེ་ནས་མུ་མཐུད་དུ་ཡར་ལུང་པའི་ནང་དུ་སོང་ན་བོན་བརྒྱ་དགོན་སྨན་རི་བཤད་སྒྲུབ་གླིང་གི་འདུས་སྡེ་ཆགས་ཡོད་ལ། འདི་ནི་རེབ་གོང་གི་གཡུང་དྲུང་བོན་གྱི་བསྟན་པ་འཛིན་པའི་དགོན་སྡེ་གཅིག་པུ་ཡིན། བོན་གྱི་མཁས་དབང་བོན་བརྒྱ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོའི་གདན་ས་ཡིན།
       དེ་ནས་མུ་མཐུད་ས་ལམ་དང་རྡོ་ལམ་བརྒྱུད་ནས་སོང་ན་ཅང་མ་འགོར་བར་ཆུ་ཁོག་ཞང་གི་ཉེ་འདབས་སུ་སླེབས་སྲིད། ཉིན་གྱི་རི་ངོས་སུ་ཕར་བལྟས་ན་མགར་རྩེ་ལྷ་སྡེ་ཉིན་དགོན་པ་ཁྲ་ལམ་མེར་མིག་ལ་འཆར་ཡོང་། དེ་ནི“གཡུ་ལུང་དཔལ་གྱི་རི་བོ་ནས། མགར་སྟོན་དམ་པ་ཆོས་སྡིངས་གྲུབ”ཞེས་རེབ་གོང་གྲུབ་ཆུང་བརྒྱད་ཀྱི་གྲས་སུ་གྲགས་པའི་གྲུབ་པའི་གནས་མཆོག་དེའི་ངོས་སུ་ཆགས་ཡོད། མགར་སྟོན་དམ་པ་ཆོས་སྡིངས་ནི་འབྲི་གོང་སྐྱོབ་པ་འཇིག་རྟེན་མགོན་པོའི་སློབ་མ་ཡིན་ལ། མདོ་སྨད་དུ་ཕེབས་ཏེ་གནས་འདིར་སྒྲུབ་པ་སྙིང་བོར་བྱས་ནས་འབྲི་གོང་བཀའ་རྒྱུད་ཀྱི་ཆོས་རྒྱུན་དར་ཞིང་མགར་གྱི་གདུང་རྒྱུད་འཕེལ་པས་མགར་རྩེ་ཞེས་པའི་མི་སྡེ་ཆགས། རྗེས་སུ་ལོ་རྒྱུས་དར་རྒུད་ཀྱི་དབང་གིས་དགེ་ལུགས་པའི་སྒྲུབ་སྡེ་ཞིག་ཏུ་གྱུར་ཞིང་ཆོས་སྐྱོང་གཙོ་བོ་ཤ་ཟ་ཧོར་མོ་ནི་ཆོས་སྐྱོང་གཞན་ལས་མཐུ་བཙན་ཞིང་མྱུར་པས་ཐག་ཉེ་རིང་གི་མི་དང་ཡུལ་ཕྱོགས་གཞན་གྱི་མི་རྣམས་གྱོད་དང་ཁ་མཆུར་འཕྲད་ཚེ་གནས་འདིར་འོངས་ཏེ“ལྷ་སྒོར་འབུད་པ”ཞེས་བསང་ཕུད་ཅིང་ཆོས་སྐྱོང་དཔང་དུ་བཞག་ནས་མནའ་གསོལ་ཏེ་དཀར་ནག་ཤན་འབྱེད་དང་བདེན་རྫུན་བརྡར་ཤ་གཅོད་པའི་གནས་ཁྱད་པར་ཅན་ཞིག་ཏུ་བརྩི་ངེས།
       གཡོན་ཕྱོགས་ཀྱི་ལུང་མདོ་ནས་ཡར་ལུང་པའི་ཕུ་ལ་བལྟས་ན་རས་གུར་མང་པོ་ཁྲ་ལམ་མེར་སྣང་ལ་དེ་ནི་རེབ་གོང་ཆུ་ཁོལ་ལམ་རང་བྱུང་ཆུ་ཚན་ཡ་མཚན་པ་དེ་ཡོད་ས་ཡིན་ལ། ཕྱོགས་བཞིའི་ནད་པ་ཇི་སྙེད་པ་གནས་འདིར་འདུས་ནས་ཆུ་ཚན་ལ་ཡུན་རིང་བསྟེན་པས་ནད་ཀྱི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བར་གྱུར།
       དེ་ནས་ཡར་ཅུད་ཟད་སོང་ན་དཔྱི་ས་སྡེ་བ་ཡོད་ལ་དུད་ཁྱིམ་བརྒྱ་ཁ་མི་ལོངས་པའི་རོང་སྡེ་འདིར་སྟོང་འཇགས་ཀྱི་རོལ་དབྱངས་ཤིག་གིས་ཡོངས་སུ་འཁྱུད་འདུག བསྐལ་བའི་འཕེལ་འགྱུར་གྱི་རླབས་རྒྱུན་དྲག་པོས་ཁོ་ཚོ་འདི་གར་བསྐྱུར་ཞིང་སྲིབ་རི་ཆུང་ཆུང་འདིའི་ངོས་སུ་གཏན་དུ་འཁྱག་ལ་འབྱར་འདུག་པ་འདྲ།
       འགྲོ་བ་མིའི་རིགས་ཀྱི་གནའ་བོའི་དཔལ་ཡོན་ཆུ་བོའི་འགྲམ་ནས་དར་བ་ནང་བཞིན། དགུ་ཆུའི་འགྲམ་ངོགས་ནས་ཀྱང་ཤེས་རིག་སྣ་ཚོགས་ཀྱི་དར་རྒུད་ཀྱི་རྗེས་ཤུལ་རྟོགས་ཐུབ་པ་སྨོས་ཅི་དགོས། ང་ནི་དུས་རྒྱུན་གྲམ་པ་འདི་བརྒྱུད་དེ་གཙང་ཆུའི་མགོ་ཁུངས་བཙལ་ཞིང་ལོ་རྒྱུས་དང་ཤེས་རིག་གི་མཆེད་ཁུངས་འཚོལ་བར་ཡང་ཡང་ཆས།
       ཐེངས་ཤིག་དགུ་ཆུའི་གྲམ་པ་དེད་དེ་སྟོད་འབྲོག་ལ་ཆས་དུས། འགྲུལ་འཁོར་གྱི་ཤེལ་སྒོའི་ངོས་ནས་བཙན་མོའི་ལུང་མདོ་ཡི་ལྗོངས་རྣམ་བསྟུད་མར་ཤར་འོངས་ལ། གསར་དུ་བཟོ་སྐྲུན་བྱེད་བཞིན་པའི་ཆུ་མཛོད་དང་དགུ་ཆུའི་ཆུ་ལག་དུ་གྱུར་པའི་ཉག་ཕྲ་བའི་བཙན་ཆུ། གཏུབ་གཅོད་བྱེད་བཞིན་པའི་ནགས་ཚལ་དང་གང་སར་ཟགས་དོང་གིས་ཁེངས་པའི་དགུ་ཆུའི་འགྲམ་རྒྱུད་སོགས་གློག་བརྙན་བཞིན་ཤར། ངས་ཤེལ་སྒོའི་ངོས་ཀྱི་སྐད་ཅིག་སྐད་ཅིག་ལ་འཆར་བའི་གཟུགས་བརྙན་གྱི་ཕུང་བོ་སྣ་ཚོགས་ཉམས་སུ་མྱངས།
       དེ་ནི་ཕྱི་ཚུལ་ནས་ཉི་ཧོང་གི་གྲགས་རྩོམ«ཁ་བའི་རྒྱལ་ཁམས»ནང་གི་མི་སྣ་གཙོ་བོ་དེས་མེ་འཁོར་གྱི་ཤེལ་སྒོའི་ངོས་སུ་འཆར་བའི་ཁ་བའི་རྒྱལ་ཁམས་ཀྱི་ཡུལ་ལྗོངས་ལ་བལྟ་བའི་རྣམ་པ་དག་དང་ཅི་འདྲའི་མཚུངས་ཨང་། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།