ཆོས་དབྱིངས་རྒྱ་མཚོའི་སྒྲུང་ཐུང་།
རྩོམ་པ་པོ།:ཆོས་དབྱིངས་རྒྱ་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-09-07 09:20:21
ཀློག་གྲངས།:
སྐོར་ལམ།
ཆོས་དབྱིངས་རྒྱ་མཚོ།
ཨ་ཡས་སྒྲོལ་མ་ནི་སྐྱ་རེངས་དང་པོའི་སྣང་བ་བཀྱགས་ཙམ་ནས་མལ་ལས་ལངས་ཏེ་གཟིམ་ཁང་རྙིང་བའི་ཕྱོགས་སུ་ཕྱིན། ཁོ་མོ་གཟིམ་ཁང་རྙིང་བའི་སྐོར་ལམ་དུ་འབྱོར་དུས། སྐོར་བ་བྱེད་མཁན་གཞན་པ་གཅིག་ཀྱང་སླེབས་མེད་པས། ཉེ་འཁོར་ཐམས་ཅད་ཧ་ཅང་ལྷིང་འཇགས་གེར་གནས།
ཨ་ཡས་སྒྲོལ་མ་གཟིམ་ཁང་རྙིང་བའི་སྐོར་ལམ་དུ་ཞུགས་ནས་ག་ལེར་མདུན་དུ་བསྐྱོད་པ་ན། ཐོག་མར་དེ་རིང་ནི་རང་ཉིད་ཆེས་སྔ་ཤོས་རེད་འདུག་སྙམ་སྟེ་ཡིད་ཚིམ་པའི་སྣང་བ་ཞིག་སྐྱེས་མོད། འོན་ཀྱང་། ཁུ་སིམ་སིམ་གྱི་སྐོར་ལམ་དུ་རང་ཉིད་གཅིག་པུར་མདུན་དུ་བསྐྱོད་པ་དང་བསྟུན་ནས་ཁེར་རྐྱང་གི་སྣང་བ་ཞིག་ཀྱང་འགོག་མེད་དུ་བྱུང་། ཁེར་རྐྱང་གི་སྣང་བ་དེས་ནང་སེམས་ཀྱི་ཟབ་སར་སྦས་པའི་ན་ཟུག་ཅིག་ལ་གཡོ་སྐྱོམ་ཐེབས་པ་ཇི་བཞིན་རང་དབང་མེད་པར་དབུགས་རིང་ཞིག་འབྱིན་པ་དང་། གཉེར་མས་ཁེངས་པའི་མིག་མཐའ་ནས་མཆི་མ་རྡོག་པོ་འགའ་ཡང་ཐོལ་ཐོལ་དུ་བརྡོལ་བྱུང་།
ཨ་ཡས་སྒྲོལ་མ་ལའང་ཁག་མེད་དེ། ཁོ་མོའི་ཁྱོ་ག་འཇིག་རྟེན་མི་ཡུལ་དང་གྱེས་པ་ནས་བཟུང་། ཁོ་མོ་སེམས་སྡུག་གིས་ཆེས་ཆེར་མནར་བར་མ་ཟད། དེ་ལས་ཀྱང་ཁེར་རྐྱང་དུ་ལུས་འགྲོ་བར་སེམས་ཁྲལ་དང་དངངས་འཚབ་ཆེན་པོ་ལངས་བས། ཉིན་འདི་དག་ལ་མི་ཚོགས་ཀྱི་འདུ་འཛི་རྒོད་ས་དང་འུར་ཟིང་ཆེ་བའི་ཁོར་ཡུག་དག་ཏུ་ཕྱིན་ཏེ་ཁེར་རྐྱང་གི་ཚོར་བ་འགོག་ཐབས་ལ་འབད་བཞིན་འདུག ཡིན་ནའང་། དངོས་ཡོད་ཀྱི་འཚོ་བོ་ནི་དེ་འདྲའི་སྙིང་རྗེ་ཅན་ཞིག་གམ་ཡང་ན་ཁྱོད་ཀྱི་འདོད་པ་ལྟར་ཡོང་བ་ཞིག་གཏན་ནས་མིན་སྟབས། ཨ་ཡས་སྒྲོལ་མའི་འགྲོ་འདུག་ཉལ་འཆག་གི་དུས་གང་དུ་ཡང་། ཁེར་རྐྱང་ཞེས་པའི་གདུག་རྩུབ་ཅན་གྱི་ཚོར་སྣང་ཞིག་གིས་ཁོ་མོའི་སེམས་ཁམས་ཀྱི་སྒོ་མོ་བར་མེད་དུ་བརྡུང་།
གཟིམ་ཁང་རྙིང་བའི་སྐོར་ལམ་དུ་སྔར་བཞིན་མི་གཞན་པ་གཅིག་ཀྱང་མ་བྱུང་། ཨ་ཡས་སྒྲོལ་མ་ལག་གི་འཁར་བ་ལ་བརྟེན་ནས་གོམ་པ་འཁྱར་འཁྱོར་ངང་མདུན་དུ་སྐྱོད་བཞིན་འདུག ཁོ་མོའི་བསམ་པར་མི་ཚེ་འདིའི་སྡུག་བསྔལ་ཆེ་ཤོས་ནི་ཁེར་རྐྱང་གི་མནར་གཅོད་འདི་རེད་ཨང་སྙམ་པ་དང་། སླར་ཡང་དབུགས་རིང་ཞིག་འབྱིན་ཅིང་མགོ་བོ་ཕྱིར་འཁོར་ཏེ་ལྟག་རྒྱབ་ཏུ་ལྟ་ཙམ་བྱས་ཀྱང་། མི་ཞིག་གི་གྲིབ་མ་ཙམ་ཡང་མཐོང་དུ་མེད་པས། མུ་མཐུད་དུ་རང་ཉིད་གཅིག་པུར་མདུན་ཕྱོགས་སུ་མི་བསྐྱོད་ཐབས་མེད་བྱུང་།
ཨ་ཡས་སྒྲོལ་མ་སྐོར་ལམ་དུ་ཞུགས་ནས་གཟིམ་ཁང་རྙིང་བའི་རྒྱབ་ཕྱོགས་སུ་སླེབས་དུས། ཁོ་མོས་གློ་བུར་དུ་གོམ་མཚམས་བཞག་སྟེ་འཇིག་རྟེན་དཀར་ངོགས་ནས་བྲལ་ཟིན་པའི་རང་གི་ཁྱོ་ག་དྲིན་ཆེན་པོ་ཡིད་ལ་དྲན་བཞིན་དེའི་ཆེད་དུ་སྐད་གསེང་མཐོན་པོས་མ་ཎི་བཟླས་ཤིང་གསོལ་བ་སྨོན་ལམ་བཏབ། ཡང་ན་ཁེར་རྐྱང་གི་གདུང་བ་སེལ་བའི་ཆེད་དུ་དེ་ལྟར་བྱས་ཀྱང་། ཨ་ཡས་སྒྲོལ་མའི་ཁེར་རྐྱང་གི་སྣང་བ་བཟློག་ཐབས་རྩ་བ་ནས་མ་བྱུང་།
ད་ལྟ། ཨ་ཡས་སྒྲོལ་མའི་ཁེར་རྐྱང་གི་གདུང་བ་ཇེ་ཆེར་འགྱུར་བཞིན་འདུག ཁྱད་པར་དུ་འདས་མཆོད་ཀྱི་ཆོ་ག་ཐམས་ཅད་ལེགས་པར་རྫོགས་ཏེ་སྒོ་ཁྱིམ་ཕྱི་ནང་གི་མི་ཇེ་ཉུང་དུ་སོང་བ་དང་ལུས་སེམས་གཉིས་ལ་ཁོམ་ལོང་གི་དུས་ཚོད་ཅུང་ཙམ་བྱུང་བ་དང་བསྟུན་ནས། ཁོ་མོར་དུས་ངེས་མེད་དུ་ཁེར་རྐྱང་གི་གདུང་བ་ཞིག་སྐྱེ་མགོ་བརྩམས།
ཁྱོ་ག་དྲིན་ཆེན་པོ་འདས་གྲོངས་སུ་གྱུར་རྗེས། ཐོག་མར་ཨ་ཡས་སྒྲོལ་མར་བརྗོད་མི་ཤེས་པའི་སེམས་སྡུག་ཅིག་སྐྱེས་ཀྱང་། བུ་བུ་མོ་རྣམས་ཀྱིས་རང་ནུས་གང་ཡོད་བཏོན་ཏེ་ཡུལ་ལུང་འདིའི་བླ་གྲྭ་མང་པོ་གདན་འདྲེན་ཞུས་ཤིང་འདས་པོའི་ཆེད་དུ་ཆོས་དགེ་བ་བསམ་གྱིས་མི་ཁྱབ་པ་བསྒྲུབས་པས། ཨ་ཡས་སྒྲོལ་མའི་སེམས་སྡུག་དེའང་ཇེ་ཆུང་དུ་གྱུར་མོད། འོན་ཀྱང་། གཤིན་ཆོས་ལེགས་པར་རྫོགས་པ་ནས་བཟུང་། བླ་མ་གྲྭ་བ་རྣམས་ཕྱིར་ལོག་པ་དང་། གཉེན་ཉེ་བ་དང་ཁྱིམ་མཚེས་གྲོང་མི་རྣམས་ཀྱང་སོ་སོའི་ལས་ཀར་བྲེལ། བུ་བུ་མོ་རྣམས་ཀྱང་ཁྱིམ་ནས་འདུག་ཡུན་ཇེ་ཐུང་དུ་སོང་བས། ཨ་ཡས་སྒྲོལ་མའི་ནང་སེམས་སུ་ཁེར་རྐྱང་གི་གདུང་བ་དྲག་པོ་སྐྱེས་ཏེ། ཡུལ་དུས་གང་དུ་ཡིན་ཡང་རང་ཉིད་ཁེར་རྐྱང་དུ་ལུས་འགྲོ་བར་སེམས་ཁྲལ་བྱུང་།
ཨ་ཡས་སྒྲོལ་མ་ཁེར་རྐྱང་གི་གདུང་བས་མནར་དྲགས་པས། སྐབས་སྐབས་སུ་ཁྱོ་ག་དྲིན་ཆེན་པོས་རང་ཉིད་གཅིག་པུར་བསྐྱུར་ཏེ་འཇིག་རྟེན་གཞན་དུ་ཆས་སོང་བར་འཁང་ར་བྱེད་ཀྱིན་ཡོད་ལ། ཡང་ལན་རེར་རང་ཉིད་ཀྱང་ཅི་མགྱོགས་ངང་ཁོའི་རྗེས་སུ་འགྲོ་ཐུབ་ན་དགའ་ཨང་སྙམ་སྟེ་འཆི་བར་རེ་སྒུག་བྱས་ཀྱང་། འཇིག་རྟེན་འདིའི་བྱ་བ་མང་པོ་ཞིག་ནི་བསམ་གཟས་ཏེ་ཁྱོད་ཀྱི་ཁ་གཏད་དུ་ལངས་བཞིན་ཡོད་པ་དང་འདྲ་བས། ཁྱོད་ཀྱིས་དུས་ངེས་མེད་དུ་མི་འདོད་པ་ཐོག་ཏུ་ལྷུང་བའི་སྡུག་བསྔལ་དང་འདོད་པ་ཐོག་ཏུ་མི་འཁེལ་བའི་སྡུག་བསྔལ་མྱོང་དགོས།
སྐོར་ལམ་སྔར་བཞིན་ལྷིང་འཇགས་གེར་གནས། ཨ་ཡས་སྒྲོལ་མ་སྔར་བཞིན་ཁེར་རྐྱང་གིས་མདུན་དུ་བསྐྱོད།
ཨ་ཡས་སྒྲོལ་མས་གཟིམ་ཁང་རྙིང་བར་སྐོར་བ་ལན་གཅིག་བརྒྱབ་སྟེ་མདུན་སྒོའི་མཚམས་སུ་སླེབས་དུས། ནམ་ཇེ་གསལ་ནས་ཇེ་གསལ་དུ་འགྲོ་བཞིན་ཡོད་དེ། ཁོ་མོས་སྐོར་ལམ་གཡས་གཡོན་གྱི་བྱ་དངོས་དག་ཀྱང་སྔར་ལས་གསལ་པོར་མཐོང་ཐུབ་ཀྱིན་འདུག འོན་ཀྱང་། ད་རུང་ཡང་སྐོར་བ་བྱེད་མཁན་གཅིག་ཀྱང་མ་བྱུང་བས། སླར་ཡང་ཁོ་མོ་གཅིག་པུར་སྐོར་ལམ་དུ་ཞུགས།
དངོས་འབྲེལ་མི་ཚེ་ཞེས་པ་ནི་རང་ཉིད་ནས་མགོ་བརྩམས་ཏེ་རང་ཉིད་ནས་མཇུག་བསྡུ་དགོས་པ་ཞིག་རེད་ཨང་། དེའི་བརྒྱུད་རིམ་ཁྲོད་དུ་ཁྱོད་རང་སྙིང་ཉེ་བའི་མི་མང་པོར་འཕྲད་སྲིད་ཅིང་། དོན་སྙིང་ལྡན་པའི་བྱ་བ་མང་པོར་འཇུག་སྲིད་མོད། འོན་ཀྱང་། ཁྱོད་རང་འཇིག་རྟེན་འདི་དང་ཁ་བྲལ་ནས་འགྲོ་རན་དུས་སུའང་འཁྲིད་ཐབས་མེད་ལ་གང་ཡང་འཛིན་ཐབས་མེད་པས། ལེགས་ཉེས་གང་བྱུང་ཡང་ཡོད་ཚད་རང་ཉིད་གཅིག་པུས་གདོང་གཏད་དགོས་པ་ཞིག་མ་ཡིན་ནམ།
ཨ་ཡས་སྒྲོལ་མས་སྐོར་བ་བྱེད་ཞོར་དེ་ལྟ་བུའི་ངེས་ཤེས་ཕྲན་བུ་ཞིག་རྙེད་ཀྱང་། རང་ཉིད་ཁེར་རྐྱང་ངང་མདུན་དུ་བསྐྱོད་པ་དང་བསྟུན་ནས་ཁེར་རྐྱང་གི་གདུང་བ་ཇེ་ཆེར་འགྱུར་བ་ལས་འཇགས་ཐབས་མ་བྱུང་བས། སླར་ཡང་དབུགས་རིང་འབྱིན་ཞོར་དང་མ་ཎི་བཟློ་ཞོར་མདུན་དུ་བསྐྱོད།
ཨ་ཡས་སྒྲོལ་མས་གཟིམ་ཁང་རྙིང་བར་སྐོར་བ་གསུམ་བྱས་ཏེ་མདུན་སྒོའི་མཚམས་སུ་སླེབས་དུས། ད་གཟོད་སྐོར་བ་བྱེད་མཁན་འགའ་ཞིག་ཐར་ཐོར་དུ་བྱུང་། ཡིན་ནའང་། ཁོ་ཚོའི་གྲས་སུ་ཨ་ཡས་སྒྲོལ་མའི་ངོ་ཤེས་གཅིག་ཀྱང་མི་འདུག ཨ་ཡས་སྒྲོལ་མས་གསར་དུ་ཐོན་པའི་སྐོར་བ་བྱེད་མཁན་རེ་རེར་མཉམ་འཇོག་བྱས་ཤིང་། ངོ་ཤེས་སུ་ཞིག་སླེབས་ཏེ་རང་ཉིད་དང་ཁ་བརྡ་བཤད་པར་རེ་སྒུག་ཆེན་པོ་བྱས་ཀྱང་། སུས་ཀྱང་ཁོ་མོའི་སེམས་འདུན་རྟོགས་མེད་པ་འདྲ་སྟེ། རང་རང་གིས་ལག་ཕྲེང་བ་དང་ཁ་མ་ཎི་བྱས་ཏེ་སུ་ལའང་ཁ་ཡ་མི་བྱེད་པར་སུ་མགྱོགས་གང་མགྱོགས་ཀྱིས་སྐོར་བ་བྱས།
རིམ་བཞིན་གཟིམ་ཁང་རྙིང་བའི་སྐོར་ལམ་དུ་མི་ཇེ་མང་དུ་སོང་བ་དང་། ནམ་ཡང་ཡོངས་སུ་གསལ་ཏེ་འཇིག་རྟེན་མ་ལུས་དཀར་ལམ་ལམ་དུ་གྱུར།
ཨ་ཡས་སྒྲོལ་མའི་གཡས་གཡོན་ནས་སྐོར་བ་བྱེད་མཁན་རྣམས་བྲེལ་འཚུབ་དང་བཅས་ཏེ་ཤུགས་ཀྱིས་མདུན་དུ་བསྐྱོད་ཅིང་། སུས་ཀྱང་ཨ་ཡས་སྒྲོལ་མ་དང་མཉམ་དུ་དལ་བྲེལ་མེད་པར་ཁ་བརྡ་ལྷོད་མོ་ཞིག་མ་བྱས་པས། ཨ་ཡས་སྒྲོལ་མའི་སེམས་ལ་ཆུ་འཁྱག་ཕོར་པ་གང་བླུགས་པ་ལྟར་ཧ་ཅང་འཁྱག་སྣང་བྱུང་ཡང་། ནང་སེམས་ཀྱི་ཁེར་རྐྱང་གི་གདུང་ཡུས་དེ་སུ་ལའང་བརྗོད་མ་ཐུབ།
བར་སྐབས་ཤིག་ལ། ཨ་ཡས་སྒྲོལ་མར་དཀའ་སྣང་ཅུང་ཙམ་སྐྱེས་པས་སྐོར་ལམ་འགྲམ་ཟུར་གྱི་འདུག་སྟེགས་ནས་ངལ་གསོ་བརྒྱབ། ཁོ་མོས་ངལ་གསོ་རྒྱག་ཞོར་སྐོར་ལམ་དུ་ཤུགས་ཀྱིས་སྐྱོད་བཞིན་པའི་མི་ཚོགས་ལ་བལྟས་ཏེ། ངོ་ཤེས་རྙིང་བ་སུ་ཞིག་མཐོང་བར་རེ་སྒུག་བྱས་ཀྱང་། སྐོར་བ་བྱེད་མཁན་རྣམས་ནི་སུ་མགྱོགས་གང་མགྱོགས་ཀྱི་འགྲན་སྡུར་བྱེད་བཞིན་པ་ལྟར་རང་རང་གི་མདུན་ལ་དམིགས་ཏེ་ཕྱིན་པས། སུས་ཀྱང་ཨ་ཡས་སྒྲོལ་མར་དོ་སྣང་མ་བྱས་ལ། སུའང་ཨ་ཡས་སྒྲོལ་མའི་གམ་དུ་བསྡད་དེ་ཁ་བརྡ་མ་གནང་བས། ཨ་ཡས་སྒྲོལ་མ་ནི་རང་ལ་ཁོང་ཁྲོ་ལངས་དགོས་སམ་གཞན་ལ་ཚིག་པ་ཟ་དགོས་མ་ཤེས་ཏེ་དངོས་འབྲེལ་སྨྱོ་ལ་ཁད་ཅིག་ཏུ་གྱུར་སོང་།
སྐོར་ལམ་འདིར། སྐོར་བ་བྱེད་མཁན་ནི་ཇེ་མང་ནས་ཇེ་མང་དུ་ཕྱིན་ཡང་། ཨ་ཡས་སྒྲོལ་མའི་ཁེར་རྐྱང་གི་སྣང་བ་ལ་བཟློག་ཐབས་མ་བྱུང་བས། ཁོ་མོ་ཁེར་རྐྱང་ངང་སྐོར་ལམ་དུ་སླེབས་པ་ལྟར། སླར་ཡང་ཁེར་རྐྱང་ངང་སྐོར་ལམ་ནས་བྲལ་སོང་།
རྩོམ་པ་པོ་ངོ་སྤྲོད།
ཆོས་དབྱིངས་རྒྱ་མཚོ། དགུ་བཅུའི་དཀྱིལ་དུ་ཁམས་བྲག་འགོའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། «གངས་དཀར་རི་བོ»དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ་སོགས་ཡིན། སྔ་གཞུག་ཏུ་སྒྲུང་ཐུང«ལོ་མང་པོ་ཞིག་གི་རྗེས་སུ»ཞེས་པ་སོགས་བརྩམས་ཆོས་ཁག་ཅིག«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དང«ཟླ་ཟེར» «མི་རིགས» «གངས་དཀར་རི་བོ» «ཤྭ་སྐྱ» «རི་བོ་ཉི་ཟླ» «སྤང་ལྗོངས» «ཁམས་པའི་ཚགས་པར» «བོད་ལྗོངས་ཉིན་རེའི་ཚགས་པར» «མཚོ་སྔོན་བོད་ཡིག་གསར་འགྱུར» «མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ»སོགས་དུས་དེབ་དང་ཚགས་པར། དྲ་བ་ཁ་ཤས་སུ་བཀོད་མྱོང་།
རྩོམ་ཁུངས། ༢༠༢༣ལོའི«སྤང་ལྗོངས»དེབ་གཉིས་པར་བཀོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།