ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཀྱི་སྙན་ངག

རྩོམ་པ་པོ།:ཨ་སྨྱོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-24 14:41:45 ཀློག་གྲངས།:
རིག་སྨོན་ཆུ་བོ།
ཨ་སྨྱོན།
 
དྲུག་ཟུང་བཅུ་གཉིས་བགྲང་བྱའི་དུས་སུ་ཁོ་བོ་གཅེས་པའི་ཡུལ་དང་བྲལ།།
བྲལ་པའི་ལམ་བར་རིག་སྨོན་ཆུ་བོ་སྣང་བའི་གཞི་རུ་ཕྲ་ཞིང་ཉམ།།
ཉམ་ཐག་མཚོ་མོར་ཕྱིས་སུ་མཇལ་སྐབས་སྙིང་གི་རི་བོ་སྨུག་གིས་བཏུམས།།
བཏུམས་པའི་ཚེ་ན་གང་གི་སྣང་བརྙན་ཆུ་ཆེན་ཀུན་ལས་ལྡབ་བརྒྱར་འཕེལ།།
འཕེལ་འགྲིབ་མི་རྟག་རྨ་འབྲི་ཟུང་ནི་ཡབ་གཅིག་གངས་ལས་རྒྱང་བྱོལ་ཞིང་།།
ཞིང་མཆོག་མ་ཧཱ་ཙི་ན་བརྒྱུད་དེ་མཐའ་ཀླས་རྒྱ་མཚོའི་ཀློང་དུ་འབབ།།
འབབ་ཆུ་གང་ཁྱོད་དེ་དང་མཚུངས་མིན་གངས་ཀྱི་རི་ལས་འཁྲུངས་མཚམས་སུ།།
སུ་དང་གང་གིས་ཁོགས་པ་མེད་པར་མ་ཡུམ་མཚོ་མོ་སྐྱོབ་ལ་བྲེལ།།
བྲེལ་བའི་སྟངས་སྟབས་སྤང་ལ་སྒྱུར་བས་སྤང་ལ་ཡུར་བའི་རི་མོ་མཛེས།།
མཛེས་པའི་འདབ་བརྒྱ་ལྷུགས་པོར་གྲོལ་བའི་མེ་ཏོག་ཕྲེང་བས་མགོ་ལྕོག་ལྡེམ།།
ལྡེམ་ལྡེམ་སྐྱོད་མཁས་རྐང་དྲུག་བུང་བས་མགྲིན་པའི་རྒྱུད་མངས་རྡུང་བ་ལ།།
ལ་ལུང་ཉུལ་བའི་འབའ་འབའ་ལུ་གུས་རམ་འདེགས་བྲོ་གར་ཅི་ཡང་སྒྱུར།།
སྒྱུར་དུ་མེད་པའི་བྲག་རྡོ་ཆེན་པོས་ཕྲག་དོག་རྐང་བ་རིང་བསྐྱང་བར།།
བར་མེད་བཞུར་བའི་ཆུ་བོ་གང་གིས་ཐབས་ཤེས་མེ་ལོང་ལ་བསྟེན་ཏེ།།
ཏེ་བོར་གཡས་སྐོར་གཡོན་འགྱུའི་ངང་དུ་ཐར་བའི་ལམ་སྣ་བཟུང་དང་ལྷན།།
ལྷན་སྐྱེས་རང་སྒྲ་ལྷུང་ལྷུང་སྒྲོག་བཞིན་རྒྱང་བཞུད་གོམ་སྟབས་མྱུར་བར་བྱས།།
བྱས་པའི་ལས་ལ་ཁ་བའི་འདབ་མ་དགུན་གྱི་སྲིན་མོས་གཏོར་བ་གང་།།
གང་གིས་མཛེས་པའི་རྒྱན་དུ་བླངས་པར་ནོར་འཛིན་དགའ་མ་ཁྱད་མཚར་བས།།
བས་མཐའི་ཡུལ་འདིར་དཔྱིད་ཀྱི་དཔལ་མོ་ཉེ་བར་བསུ་བའི་བརྡ་རྟགས་སུ།།
སུ་དང་གང་གིས་བསྒྲུན་དུ་མེད་པའི་སྒྲ་བརྒྱའི་ངག་སྒོ་གྲོལ་བར་མཛད།།
མཛད་བཟང་ཆུ་བོ་ལྡོག་ཏུ་འབབ་པའི་འཕྲིན་བཟང་ནམ་མཁའི་འཇའ་རིས་མ།།
མ་ཡུམ་མཚོ་མོའི་ཐོང་གར་ཤར་བས་རྒུད་ལམ་སྙེག་པའི་མཚོ་མོ་ཆེའི།།
ཆེ་ཆུང་མི་ཉམས་རླབས་ཀྱི་ལག་པ་མཐའ་ནས་མཐའ་རུ་བརྐྱངས་དང་འབྲེལ།།
འབྲེལ་ཡོད་སྦྲང་ཆར་ཟིམ་ཟིམ་འཇོ་བས་ཁྱེད་ཀྱི་ལང་ཚོ་རིམ་བཞིན་རྒྱས།།
རྒྱས་པའི་ཆ་དང་གང་གི་སྦྱོར་མཆོག་འདབ་ལྡན་བྱ་ཡིས་མཐོང་བ་ན།།
ན་མཉམ་ཚོགས་དང་གཤོག་རྡང་ཉེར་སྦྲེལ་གར་གྱི་རི་མོ་འབྲི་བཞིན་དུ།།
དུ་མ་མ་ལགས་ཁྲག་ཁྲིག་གྲངས་ལྡན་ཉ་ཚོགས་སྙན་དུ་བསྒྲོན་དང་ལྷན།།
ལྷན་ཅིག་དེ་ཚོས་རིགས་རྒྱུད་སྐྱེད་གནས་ཆུ་ལག་བརྒྱ་ལ་ཤུབ་བུར་སྨྲས།།
སྨྲས་པའི་གཏམ་གྱིས་བག་ཉལ་ཆུ་བོ་གང་མང་གཉིད་སྟུག་ལས་བསླང་བར།།
བར་མཚམས་མེད་པར་ངག་གི་སྒོ་ལས་ང་ཡི་བྱ་འདི་བྱ་འདི་ཞེས།།
ཞེ་ལས་ཐོན་པའི་ཚིག་ཕྲེང་ཟློ་ཞོར་མཆོང་སྐྱོད་གོམ་སྟབས་མྱུར་སྒྱུར་ནས།།
ནས་སྲན་ཀེ་ཚེས་མཐའ་བཞི་བརྒྱན་པའི་མཚོ་ཆེན་མ་མའི་པང་དུ་སྐྱོད།།
སྐྱོད་པའི་གོམ་ཁར་ལྷོད་པ་ཡོངས་བྲལ་ཀུན་ཀྱང་དབང་བོའི་ཕྱོགས་སུ་འཐེན།།
འཐེན་པའི་བཤུལ་ལམ་དགུ་ཚིགས་རྗེས་འགྲོ་མཚོ་ཆེན་ཕོ་བར་འགྱིག་རིས་བྲིས།།
བྲིས་པའི་རི་མོ་རིག་སྨོན་ཆུ་བོ་མཚོ་ཆུར་འདྲེས་སའི་ངོགས་དེ་རུ།།
རུ་ཕྲེང་བསྒྲིགས་ནས་བསུ་མའི་ལྦུ་ཚོགས་ཁྱོད་ཀྱི་ཕྱོགས་སུ་ཡུན་རིང་མཆོད།།
མཆོད་པ་འདི་ཡང་ཁྱོད་ཀྱི་ལྷག་བསམ་ལ་གུས་དམ་ཚིག་འགྱུར་མེད་པ།།
པ་སངས་སྐར་མའི་རྗེས་འགྲོ་བརྟན་ཞིང་ཕུགས་བསམ་མཁའ་ལས་ཡངས་པ་ལ།།
ལ་རྒྱ་ཆེ་བའི་མི་རབས་གསར་བའི་སྣང་བརྙན་ཡོངས་སུ་གསལ་ལགས་ན།།
ན་རྒས་ང་ཚོས་ཅི་བགྱི་གང་མཛོད་མི་སྦ་གསུང་ཞེས་དབུགས་དབྱུང་ངོ་།།
ངོ་མཚར་ལང་ཚོ་ཆེས་དར་ཆུ་བོ་ཁྱོད་ཀྱིས་སེམས་འཕང་མངོན་བསྟད་དེ།།
དེའི་མུར་ཀུན་ལ་མཛའ་བའི་ཕྱག་བཏང་ངག་ལས་མཐུན་སྒྲིལ་གཙོ་བའི་ཐོག།
ཐོག་མར་ཀུན་པོས་སྤྱི་སེམས་ལེགས་བཅིངས་མཐུད་ནས་གསར་གཏོད་བགྱི་བའི་ཐད།།
ཐད་ཀར་བརྩོན་པ་བརྒྱ་འགྱུར་བསྐྱེད་ཚེ་མི་འགྲུབ་བྱ་བ་ཡེ་མེད་གསུང་།།
གསུང་ཚིག་ཡིད་ལ་རི་མོར་ཕབ་པའི་ཆུ་ལག་བརྒྱ་ཡིས་བཀའ་བླང་བར།།
བར་བར་དག་ཏུ་ལེགས་སོ་ཞེས་ཕུལ་འཕྲལ་མར་རང་གནས་ཆེ་དེ་རུ།།
རུ་ཕྲེང་བསྒྲིགས་ནས་ཁྱོད་དང་འགྲོགས་ཕྱིན་ལག་འོག་ཆུ་ཕྲན་ཡོད་ཚད་ལ།།
ལ་ལུང་མ་ཉུག་འདི་ཕྱོགས་ཆས་ཞེས་མཐུན་སྒྲིལ་ཕྱག་ཡངས་རིང་དུ་བསྐྱངས།།
བསྐྱངས་པའི་ཕན་འབྲས་བླ་ན་མཐོ་བས་བས་མཐའི་ཆུ་ཕྲན་མ་ལུས་ཀུན།།
ཀུན་ཀྱང་མ་ཡུམ་མཚོ་མོར་ཞེན་ན་གཞན་ཕྱོགས་རྒྱུ་བར་མི་འདོད་དེ།།
དེ་འཕྲལ་ལྡོག་ལམ་འཕྲེད་ཀྱི་བཅད་ཅིང་ཁྱོད་ཀྱི་བརྟུལ་ཞུགས་འཆིང་དང་ལྷན།།
ལྷན་ཅིག་སྤྱི་སེམས་ཞེ་ལ་བཅགས་པས་རིགས་ཀྱི་དཔུང་བ་དམ་པོར་སྦྲེལ།།
སྦྲེལ་ཐག་གང་དེར་མཉམ་གཅིག་རུབ་པའི་ཆུ་ལག་བརྒྱ་ཚོ་མཆིས་པ་ཀུན།།
ཀུན་ཀྱང་སོ་སོའི་གནས་སུ་གསར་གཏོད་ལམ་བུར་སྤོབས་པས་ཞུགས་ཙ་ན།།
ན་མཉམ་ཚང་མས་རང་འཁྲིའི་ལས་རྣམས་འཐུས་ཤོར་ཉག་ཙམ་མེད་པའི་ངང་།།
ངང་རྒྱུད་རིང་བོས་གང་འགབ་སྒྲུབ་ལ་ལྷ་མི་ཚང་མས་བསྟོད་ཅིང་མཆོད།།
མཆོད་པའི་དང་པོར་ཕྱོགས་དང་མཚམས་བྲལ་རིན་ཐང་བྲལ་པའི་ནོར་གྱི་གཙོ།།
གཙོ་མཆོག་གསེར་གྱི་བྱེ་མ་དང་ནི་གཡུ་ཡི་རྡོ་འམ་རྡེའུ་ཆུང་།།
ཆུང་ཆུང་དངུལ་གྱི་ཟེགས་མ་ལས་གཞན་ཟངས་དང་ལྕགས་ཀྱི་རྡོག་པོ་ཀུན།།
ཀུན་རྣམས་མཚོ་ཆེན་ཀློང་དུ་དྲངས་ནས་མ་ཡུམ་དགྱེས་པའི་ཡོན་དུ་མཆོད།།
མཆོད་པའི་གཉིས་པར་གདོད་ནས་འཚོ་བའི་ཉ་མོའི་གྲངས་ནི་བགྲང་མཐའ་ཡས།།
ཡས་མས་ཀུན་ཏུ་བཅུད་ལྡན་ཟས་བཙལ་ལུས་རྩལ་ཡོངས་སུ་སྦྱངས་དང་ལྷན།།
ལྷན་ཅིག་ཆུ་ལག་ཨ་མའི་རུམ་དུ་ཁམས་ཀྱི་དྲ་རྒྱ་ཕྱོགས་གཏོར་བར།།
བར་གསེབ་དག་ལས་ཐོན་པའི་ཉེའུས་གཡུ་མཚོ་དར་བའི་རླབས་ཚོགས་མཆོད།།
མཆོད་པའི་གསུམ་པར་ཁྱོད་ཚོས་སྐུལ་ངོར་མཚོ་ངོས་རླངས་པ་གྱེན་དུ་ལངས།།
ལངས་ཤིང་གཡོས་ཏེ་ལྷ་ལམ་ཡངས་པོར་བཀྲམས་ལ་བདལ་བའི་འབྲས་རྟགས་སུ།།
སུ་དང་ཀུན་པོར་སྨན་དུ་འགྱུར་ངེས་སྦྲང་ཆར་རྒྱུན་བཟང་འཇོ་བ་ལ།།
ལ་ལུང་ཡོངས་ཀྱི་ཆུ་ཕྲན་ཆེར་འཕེལ་མཚོ་ཆེན་མ་མའི་ལང་ཚོ་རྒྱས།།
རྒྱས་པའི་རྟགས་ལ་སྔོ་སྐྱའི་མདོག་ཅན་ལུས་པོ་གཡུ་ཡི་མདངས་སུ་གྱུར།།
གྱུར་པའི་དཔལ་དུ་འདབ་ཆགས་བྱེ་བ་རྒྱང་རིང་ཡུལ་ནས་འདི་རུ་ཕྱོགས།།
ཕྱོགས་ཤིང་བབས་ཏེ་ཆུ་རྩེད་བགྱིས་ཤིང་སྙན་པའི་མགྲིན་སྒྲ་སྒྲོག་ཚུལ་ལ།།
ལ་ལུང་ཀུན་འདུས་ཕྱོགས་མགྲོན་དག་གི་ཡིད་སེམས་སྐད་ཅིག་གནས་འདིར་དྲངས།།
དྲངས་པ་དེ་རྣམས་ཕུ་འདེད་བྱས་པར་རིག་སྨོན་ཆུ་བོར་རག་ལས་ཕྱིར།།
ཕྱི་ཕྱིར་འབྲངས་པའི་ཆུ་ལག་བརྒྱ་བོས་ཁྱོད་ནི་མི་རབས་གསར་བའི་ཚོགས།།
ཚོགས་པ་ཆེན་པོའི་སྣང་བརྙན་ལགས་ཞེས་གདེང་འཇོག་མཐོན་པོ་གནང་བ་གང་།།
གང་དེར་གླིང་འདིའི་འགྲོ་རྣམས་འཐད་ན་ཁོ་བོས་མི་བསྔགས་རང་དབང་ཅི།།
ཅི་དང་གང་གི་ཐད་ལ་འཇོན་པའི་རིགས་ཀྱི་ཆབ་རྒྱུན་རིང་མོ་ཁྱོད།།
ཁྱོད་ཀྱི་སྤོབས་པར་བསྐལ་པའི་མཐར་ཡང་ཉམས་མེད་ལྡོག་པར་མྱུར་བཞུད་ནས།།
ནས་སྲན་འབྲུ་སྣས་ཡོངས་སུ་བསྐོར་བའི་ཁ་བ་སྒང་པའི་མཚོ་ཆེན་འདི།།
འདི་དང་ཕྱིས་སུ་དར་བར་འབད་ན་སྐྱབས་གནས་ཚོགས་ཀྱིས་ཁྱོད་སྲུངས་ཤིག།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།