བྲག་དཀར་ཆུ་ཚན་དང་རྒད་པོ་ཚེ་དབང་།

རྩོམ་པ་པོ།:ཞོགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-23 08:56:37 ཀློག་གྲངས།:
       “བརྒྱ་ཅུ་གྱ་ལྔ་ལོར”སྤྱི་ཟླ་དགུ་པའི་མཇུག་ནས་ངའི་གྲོགས་པོ་ཉི་མ་ལགས་དང་ངེད་གཉིས་གསེར་ལུང་སྡེ་བའི་བྲག་དཀར་ཆུ་ཚན་དུ་ཕྱིན་པ་ཡིན། ཆུ་ཚན་འདི་ནི་གསེར་ལུང་སྡེ་བའི་ཕུ་རུ་ཡོད་ཅིང་བྲག་དཀར་པོ་ཞིག་གི་འོག་ནས་འབབ་པས་ན་མིང་དེ་ལྟར་ཐོགས། ཆུ་ཚན་འདིའི་ནང་དུ་གཟུགས་པོ་བཀྲུས་ན་པགས་ནད་སེལ་ཞིང་དེ་བཞིན་ཞ་ནད་ཀྱི་རིགས་ལའང་ཤིན་ཏུ་ཕན་པར་གྲགས། སྤྱི་ཟླ་བརྒྱད་པ་དང་དགུ་པའི་ནང་གནས་འདིར་ཡོང་མཁན་གྱི་མི་ཚོགས་ཤིན་ཏུ་མང་། ངག་རྒྱུན་ལ་གནའ་སྔ་མོའི་དུས་སུ“བདུད་ཁ་ལ་མེ་འབར”ཟེར་བའི་བདུད་ནག་འཇིགས་སུ་རུང་བ་ཞིག་ལུང་པ་འདིར་གནས་ཡོད་ཅིང་། བདུད་དེའི་ཁ་ནས་མེ་འབར་ལ་སྣ་ནས་དུ་བ་འཐུལ་བས་ལུང་པ་འདིའི་ནང་གི་སེམས་ཅན་རྣམས་ལ་ཧ་ཅང་འཚེ་བར་བྱས། དུས་རེ་ཞིག་གི་ཚེ་ན་སྟེང་ནམ་མཁའ་ལྷ་ཡི་ཕོ་བྲང་ནས་ལྷ་ཆེན་ཚངས་པ་དཀར་པོ་ཁོང་སྡུག་བསྔལ་གྱིས་མནར་བས་ཡུལ་འདིའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ་འུར་ཆ་ཆུ་མིག་དགུ་སྒྲིལ་ཞིག་གི་ནང་དུ་ལྷ་རྡོ་དཀར་པོ་གུར་འདྲ་བ་ཞིག་བཞག་སྟེ། ཀླད་ལ་ལན་གསུམ་བསྐོར་ནས་འཕངས་པས་བདུད་ཁ་ལ་མེ་འབར་ལྷ་རྡོ་དཀར་པོ་དེའི་འོག་ཏུ་མནན། ཡིན་ཡང་བདུད་ནག་དེ་ལ་སྲོག་ཆེན་དགུ་ཡོད་པའི་ནང་ནས་སྲོག་གི་མཐའ་མ་དེ་ཆད་མེད་པས་ད་ལྟའི་ཆུ་ཚན་འདི་བདུད་དེའི་ཁ་ནས་འབར་བའི་མེ་ལྕེས་ཁོལ་བཞིན་ཡོད་ཟེར། དུས་དེ་ནས་བཟུང་གསེར་ལུང་སྡེ་བ་ནི་དགེ་བཅུ་གཡང་དུ་འཁྱིལ་བའི་ལུང་པ་ཞིག་ལ་གྱུར་སོང་བར་གྲགས། ལྷ་སྒྲུང་དང་འབྲེལ་བའི་ངག་རྒྱུན་ལ་ཆ་འཇོག་མེད་ཀྱང་། གང་ལྟར་གསེར་ལུང་སྡེ་བ་ནི་དགེ་བཅུ་གཡང་དུ་འཁྱིལ་བའི་འབྲོག་སྡེ་ཕྱུག་མོ་ཞིག་ཡིན་ཟེར་ན་དོན་དངོས་ལ་གནས་པར་སེམས། གསེར་ལུང་སྡེ་བ་ནི་གསེར་ལུང་རིང་མོའི་མདའ་རུ་ཡོད་པའི་གསེར་གཞུང་རྩྭ་ཐང་ཕྱུག་མོར་ཆགས་ཡོད་ཅིང་། གསེར་གཞུང་རྩྭ་ཐང་གི་ལྷོ་ཕྱོགས་སུ་ལུང་པ་ཆེན་པོ་ཞིག་ཡོད་པའི་མིང་ལ་སེང་ལུང་ཟེར། ནུབ་ཕྱོགས་སུ་ཡོད་པའི་ལུང་པ་ལ་གསེར་ལུང་རིང་མོ་ཟེར། ལུང་པ་གཉིས་ཀྱི་མདོ་རུ་ཆགས་པའི་རྩྭ་ཐང་འདིའི་མིང་ལ“སེང་གཞུང”ཞེས་མི་འབོད་པར་གསེར་གཞུང་ཞེས་འབོད་པའི་རྒྱུ་མཚན་ཅི་ཡིན་མི་ཤེས། གཅིག་བྱས་ན་བྲག་དཀར་ཆུ་ཚན་གསེར་ལུང་ཕུ་རུ་ཡོད་པས་མིང་དེ་ལྟར་ཐོགས་ཡོད་ནའང་ཐང་། ལྷོ་ཕྱོགས་ཀྱི་ལུང་པ་ནས་འབབ་པའི་གཡུ་འབྲུག་དགུང་ལ་འཁྱུག་འདྲའི་སེང་ཆུ་སྔོན་མོའི་རྩྭ་ཐང་འདི་འཕྲད་དུ་བཅད་དེ་བྱང་ཕྱོགས་སུ་འབབ་བཞིན་འདུག ཆུ་འདི་ཆེན་པོ་ཞིག་མིན་ཀྱང་དབྱར་དུས་ཆར་ཆུ་རྒྱས་པའི་སྐབས་འགར་ཆུ་བོ་བྲུབ་སྟེ་རྫི་བོ་ཚོས་རྟ་ལ་མ་ཞོན་ན་ཆུ་འདི་བརྒལ་དཀའ་བའི་ཚད་ལའང་ཐོན་གྱི་ཡོད་ཟེར།
       “གཅིག་དགུ་གྱ་ལྔ་ལོར”སྤྱི་ཟླ་དགུ་པའི་ཟླ་མཇུག་ནས་གྲོགས་པོ་ཉི་མ་ལགས་དང་ངེད་གཉིས་གཟའ་འཁོར་གཅིག་གི་རིང་ལ་ལས་ཁུངས་ནས་དགོངས་ཞུས་བྱས་ཏེ་བྲག་དཀར་ཆུ་ཚན་དུ་ཆུ་ཉལ་བྱེད་པར་ཕྱིན། ངེད་གཉིས་ཞོགས་པ་སྔ་ཙམ་ལངས་ཏེ་མི་རེས་རྟ་རེ་ཞོན་ཏེ་དུང་རི་རྫོང་ནས་ལམ་ལ་ཆས་པས་ཉི་མ་ཕྱེད་ཙམ་ཡོལ་རྗེས་གསེར་གཞུང་རྩྭ་ཐང་ལ་འབྱོར། དེ་དུས་སྟོན་མཇུག་གི་དུས་སྐབས་ཡིན་པས་གསེར་གཞུང་རྩྭ་ཐང་ནི་དངོས་གནས་གསེར་གཞུང་མར་ཁུས་གང་བ་ལྟར་སེར་ལྟེམ་ལྟེམ་དུ་གྱུར་འདུག ཐང་གི་སྟོད་སྨད་ཀུན་ཏུ་འབྲོག་པའི་སྦྲ་གུར་དང་རྟ་ནོར་ལུག་གསུམ་གྱིས་གང་འདུག་པས་གསེར་ལུང་སྡེ་བ་ནི་ངོ་མ་བཅུད་མཛེས་གཡང་གསུམ་གྱིས་བལྟམས་པའི་འབྲོག་སྡེ་ཕྱུག་མོ་ཞིག་རེད། གྲོགས་པོ་ངེད་གཉིས་གསེར་གཞུང་རྩྭ་ཐང་དུ་བསླེབས་པ་དང་འབྲོག་སྡེ་ཞིག་ནས་ཚ་འབོག་འཐུངས་ཤིང་མུ་མཐུད་དེ་ལམ་ལ་ཞུགས། དུས་ཚོད་གཅིག་ལྷག་རིང་ལུང་འགག་གི་ལམ་ཕྲན་ཀྱག་ཀྱོག་བརྒྱུད་དེ་སོང་མཐར་གསེར་ལུང་རིང་མོའི་ཕུ་རུ་ཡོད་པའི་བྲག་དཀར་ཆུ་ཚན་དུ་ཐོན། ཆུ་ཚན་འདི་བྲག་དཀར་པོ་ཚོགས་ཕུད་བཤམས་འདྲ་ཞིག་གི་འོག་ནས་འབབ་བཞིན་འདུག་ལ། ཆུ་ཚན་གྱི་མཐའ་འཁོར་དུ་རྡོ་ཕ་བོང་དཀར་པོ་ཆེ་ཆུང་མི་འདྲ་བ་མང་པོས་བསྐོར་ནས་འདུག ཕ་བོང་གི་གསེང་དུ་གཏིང་ཅུང་ཟད་ཟབ་ཅིང་ཞེང་ལ་རྨི་ལྔ་དྲུག་ཙམ་ཡོད་པའི་ཆུ་འཁྱིལ་འགའ་ཡོད་པའི་ནང་དུ་ཆུ་ཚན་རྣམས་འབབ་ཀྱིན་གདའ། ཆུ་འདི་དྭངས་ཤིང་གསལ་བས་ཆུ་ཁ་ནས་བལྟས་ན་ཆུ་གཏིང་གི་རྡེའུ་རྣམས་ཀྱང་གསལ་ལམ་ལམ་དུ་མཐོང་ཐུབ་ཅིང་། བྲག་རྩ་རུ་སོང་སྟེ་ཆུ་འགོའི་ཕུག་ལ་བལྟས་ན་ཟླ་གམ་གྱི་དབྱིབས་ལྟ་བུའི་བྲག་སྐྱིབས་ཤིག་གི་འོག་ནས་ཆུ་ཚན་འདི་གྱེན་དུ་ཕྱུར་བཞིན་གདའ། ལུང་པའི་ཉིན་སྲིབ་ཀུན་ཏུ་སུ་རུ་དང་གླང་མ་ཐར་ཐོར་སྐྱེས་འདུག་ཅིང་ཆུ་འགྲམ་གཡས་གཡོན་གྱི་སྤང་ལྗོངས་སུའང་སྤང་རྒྱན་མེ་ཏོག་མང་པོ་སྔོ་ཐར་ཐར་དུ་འཁྲུངས་ཡོད་པས་ཤིན་ཏུ་མཛེས་པར་སྣང་། ནམ་ཟླ་ཅུང་ཕྱི་བས་ཡིན་ནམ་ཉིན་དེར་ཆུ་ཚན་གྱི་ཁ་རུ་ངེད་གཉིས་མ་གཏོགས་ཆུ་ཉལ་བྱེད་མཁན་མི་གཞན་པ་མེད་པས། ངེད་གཉིས་ཀྱིས་རྟ་སྒ་བླངས་ཏེ་རྟ་གཉིས་པོ་རྩྭ་ཁར་བརྟོད་པ་དང་གུར་ཕུབ་ཅིང་འདུག་རྩིས་བྱས། ཕྱི་ཉིན་ཞོགས་ཇ་འཐུངས་ཚར་བའི་རྗེས་སུ་དུས་ཡུན་རིང་ཙམ་བར་ཆུ་ཉལ་བྱས་ཤིང་། ཉིན་གུང་ལ་ཐོན་པ་དང་ངས་ཇ་བསྐོལ་ཞིང་གྲོགས་པོས་རྟ་གཉིས་རྟོད་ཁ་སྤོ་བཞིན་པའི་སྐབས་སུ། རྒད་པོ་ལོ་ལྔ་བཅུ་ལྷག་ལ་ཐོན་པ་ཞིག་གིས་ལོ་བཅུ་བཞི་བཅོ་ལྔ་ཙམ་ལ་བསླེབས་པའི་བུ་མོ་ཆུང་ཆུང་ཞིག་འཁྲིད་དེ་ཐོན་སོང་། རྒད་པོའི་མགོ་ལ་ཞྭ་མོ་ཚེ་རིང་སྐྱིན་ཁེབས་ཤིག་གྱོན་ཡོད་ཅིང་རས་སྐྱ་བོས་བཟོས་པའི་བོད་གོས་རྙིང་ཧྲུལ་ཞིག་སྐེད་པར་དཀྲིས་འདུག གཟུགས་པོ་རིང་ཞིང་རྐང་པ་ཅུང་འཐེང་བཞིན་ཡོད་པ་དང་ཤ་ཁ་སྨུག་ལ་ངོ་གདོང་རིད་ཅིང་། དཔྲལ་བའི་ཐོག་ཏུ་ལོ་ཟླའི་རྗེས་ཤུལ་གྱི་གཉེར་རིས་ཟབ་མོ་འགའ་བབས་འདུག གདོང་གི་དབྱིབས་དང་ཁྲ་སྒོར་སྒོར་དུ་ཡོད་པའི་མིག་ཟུང་ལ་བལྟས་ན་ཁོ་ནི་ཆུང་དུས་གསར་བུ་གསར་ཡག་ཅིག་ཡིན་པ་ཐེ་ཚོམ་ཅི། བུ་མོའི་ངོ་དབྱིབས་ཨ་ཕ་དང་ཅུང་མི་འདྲ་ནའང་ངང་སྒོར་སྒོར་དུ་ཡོད་པའི་སྐར་ཆེན་ལྟ་བུའི་མིག་གཉིས་ནི་ཨ་ཕའི་མིག་དང་ཨ་ན་མ་ན་ཡིན། གང་ལྟར་བུ་མོ་དེ་ནི་མཛེས་མ་མེ་ཏོག་འདྲ་བ་ཞིག་ཡིན་ལ། ཁོང་ཕ་བུ་གཉིས་ཀས་རྡོག་ཁྲེས་རེ་འཁུར་འདུག ངས་ཇ་ཁོལ་བ་དང་གྲོགས་པོས་རྟ་གཉིས་རྟོད་ཁ་སྤོས་ཚར་བས། ངེད་གཉིས་ཀྱིས་རྒད་པོ་ཕ་བུ་གཉིས་མགྲོན་བསུ་བྱས་ཏེ་ང་ཚོ་བཞི་པོས་ཇ་འཐུང་ཞོར་དུ་ཁ་བརྡ་བྱས། རྒད་པོའི་མིང་ལ“ཚེ་དབང་བསྟན་འཛིན”ཟེར་ཞིང་ཁོའི་བུ་མོའི་མིང་ལ་སྒྲོལ་མ་མཚོ་མོ་ཟེར། ངེད་ཚོས་ཁ་བརྡ་བྱེད་སྐབས་རྒད་པོ་ཚེ་དབང་གིས་ཁོ་རང་གི་མི་ཚེའི་ལོ་རྒྱུས་དང་འབྲེལ་བའི་སྐད་ཆ་ཞིག་བཤད་སོང་། རྒད་པོ་ཚེ་དབང་གི་ཕ་ཡུལ་ངོ་མ་ནི་གསེར་ལུང་སྡེ་བ་ནས་མིན་པར་འབྲོང་ཚ་སྡེ་བ་ཟེར་བའི་ས་ཆ་གཞན་ཞིག་ནས་ཡིན་པ་དང་། དམངས་གཙོ་བཅོས་བསྒྱུར་མ་བྱས་པའི་ཡར་སྔོན་ཙམ་ལ་ཁོས་འབྲོང་ཚ་སྡེ་བའི་བུ་མོ་ཞིག་ཁྲིད་དེ་སྟོད་ཉི་མ་ལྷ་སར་བྲོས་བྱོལ་དུ་སོང་ཞིང་རྗེས་ནས་ཁོ་ཕ་ཡུལ་དུ་མ་ལོག་པར་གསེར་ལུང་སྡེ་བར་གཞིས་ཆགས་ཏེ་བསྡད་པ་ཡིན་ཟེར། ངའི་གྲོགས་པོ་ཉི་མ་ལགས་ནི་དེ་ལྟ་བུའི་གཏམ་རྒྱུད་ཉན་རྒྱུར་ཤིན་ཏུ་དགའ་བས་རྒད་པོ་ཚེ་དབང་གི་དཀར་ཡོལ་ནང་དུ་ཇ་གང་དྲངས་ཏེ། ཁྱེད་ཀྱིས་དང་ཐོག་འབྲོང་ཚ་སྡེ་བ་ནས་ཉི་མ་ལྷ་སར་བྲོས་བྱོལ་དུ་སོང་བའི་སྐོར་དང་དེ་ནས་གསེར་ལུང་སྡེ་བར་གཞིས་ཇི་ལྟར་ཆགས་ཚུལ་སོགས་ཞིབ་ཕྲ་ཞིག་གསུངས་ན་ཆོག་གམ་ཞེས་དྲིས་སོང་། ང་ཡང་རྒད་པོ་ཚེ་དབང་གི་མི་ཚེའི་ལོ་རྒྱུས་ལ་ཉན་འདོད་ཡོང་གི་འདུག ངའི་གྲོགས་པོས་དེ་ལྟར་དྲིས་པས། རྒད་པོ་ཚེ་དབང་གིས་རུམ་ནས་གླང་རྭ་དཀར་པོའི་སྣ་རྭ་ཞིག་བླངས་ཏེ་སྤུས་མོ་གཡས་པའི་མགོ་རུ་བརྡབས་ཙམ་བྱས་ཤིང་ལག་གཡོན་པའི་མཐེ་བོང་གི་སེན་མོའི་ཐོག་ཏུ་སྣ་ཐ་ཏོག་ཙམ་བླུགས་ཏེ་དལ་བུར་འཐེན་རྗེས་ཤུགས་རིང་ཞིག་དང་ལྷན་དུ་ཁོ་རང་གི་མི་ཚེའི་ལོ་རྒྱུས་བཤད་འགོ་བརྩམས། ལོ་ཞིག་གི་སྟོན་ཀ་ཟླ་འོད་མེད་པའི་མཚན་མོ་ཞིག་ལ་ངའི་མཛའ་མོ་དང་ངེད་གཉིས་འབྲོང་ཚ་སྡེ་བ་ནས་ཁ་བྲལ་ཏེ་དབུས་ཉི་མ་ལྷ་སར་བྲོས་བྱོལ་དུ་སོང་། ལོ་དེར་ང་ལོ་བཅུ་དགུ་ཡིན་ཞིང་མོ་རང་ལོ་ཉི་ཤུ་ལ་བསླེབས་ཡོད། སྤྱིར་ང་ཚོའི་སྡེ་བའི་མི་རྣམས་ཉི་མ་ལྷ་སར་སོང་ན་ནུབ་ལམ་བརྒྱུད་དེ་འགྲོ་བ་ཡིན་ཡང་ངེད་གཉིས་ལྷོ་ལམ་བརྒྱུད་དེ་སོང་བ་ཡིན། ཉིན་འགའ་ཙམ་ལ་ཉིན་མོ་གབ་སྟེ་མཚན་མོ་སོང་བས་ལམ་ཐག་རིང་པོ་མ་ཆོད་ཅིང་དེའི་ཐོག་མོ་རང་རྐང་པ་ན་སྟེ་ལམ་ལ་འགྲོ་མི་ཐུབ་པས་ཨ་ཁུ་རྣམ་རྒྱལ་ཚང་ཟེར་བའི་འབྲོག་སྡེ་ཞིག་ལ་གནས་ཚང་གཡར་ཏེ་མི་འདུག་ཐབས་མེད་བྱུང་། ངའི་སེམས་ལ་ཕ་ཡུལ་ནས་ར་མདའ་ཐོན་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་སྐྱེས་ཀྱང་སྟབས་ལེགས་པ་ཞིག་ལ་ངེད་གཉིས་ཀྱི་སར་ར་མདའ་བསླེབས་མ་སོང་། ཉིན་འགའ་འགོར་བའི་རྗེས་སུ་ངེད་གཉིས་དབུས་ལམ་རིང་མོར་ཞུགས་པ་དང་ཨ་ཁུ་རྣམ་རྒྱལ་ཚང་གིས་མར་ཕྱུར་སོགས་ལམ་རྒྱགས་ཡང་མང་ཙམ་གནང་བས་བཀའ་དྲིན་ཆེ་ཞེས་ཞུས་པ་ཡིན། ལམ་ནས་མོས་རྒྱུན་དུ་མོ་རང་གི་ནང་མི་རྣམས་གླེང་གིན་འདུག་པས་ངའི་སེམས་ལ་མོ་བློ་ཁ་འགྱུར་ཏེ་ཕ་ཡུལ་ལ་ལོག་མི་ཡོང་ངམ་སྙམ་ཡང་ཁོ་མོས་ཕ་ཡུལ་དུ་ལོག་དགོས་ཟེར་གྱི་མི་འདུག ཉིན་ཞིག་གི་དགོང་མོ་ངེད་གཉིས་བྲག་སྐྱིབས་ཤིག་གི་འོག་ལ་བསྡད། ཉིན་མོ་དེར་ཆར་པ་སིམ་སིམ་འབབ་བཞིན་འདུག་པས་མེ་ཁ་ཡང་གསོ་ཐབས་མ་བྱུང་། ས་ཆ་དེ་མི་མེད་ལུང་སྟོང་ཡིན་པས་ཧ་ཅང་ཡིད་སྐྱོ་བའི་སྣང་བ་ཞིག་སྟེར་གྱིན་གདའ། རིམ་བཞིན་རྒྱང་མིག་ཆད་དེ་མུན་པ་རུབ་གྲབས་བྱུང་བས་ངས་སྟབས་བདེའི་མལ་ས་ཞིག་བཅས་ཏེ་ངེད་གཉིས་མལ་དུ་ཉལ་བས། མོས་ཤུགས་རིང་སྦྱིན་ཞོར་ད་ལྟ་ངེད་ཚང་གི་གཡོག་མོ་ཚོས་བཞོན་མ་བཞོས་ཚར་ཙམ་ཡིན་ཟེར་བ་དང་། ཡང་དེ་ལས་འཕྲོས་ཏེ་ཨ་ཕ་ལགས་ད་ལྟ་སྦྲ་ཡི་ཡ་ཁྱིམ་སུ་བཞུགས་ཏེ་སྒྲོན་མེའི་འོད་མདངས་ལ་བརྟེན་ནས་ཞལ་འདོན་གསུང་བཞིན་ཡོད་ཅིང་། གཡོག་མོ་བདེ་སྐྱིད་ཀྱིས་སྦྲ་ཡི་མ་ཁྱིམ་ནས་ནུབ་ཇ་བསྐོལ་བཞིན་ཡོད་ལ། ཨ་མས་ནུ་བོ་དང་ནུ་མོ་གཉིས་ལ་ཅི་ཞིག་བཤད་ཀྱིན་བསྡད་ཡོད་ཨང་ཟེར། མོས་དེ་ལྟར་བཤད་པས་ང་མོ་ལ་སེམས་ཀྱི་གཏིང་ནས་ཤ་ཚ་ཞིང་ངས་མོ་རང་འདི་ལྟར་འཁྲིད་ཡོང་བ་དེ་འགྲིག་མི་འདུག་སྙམ་གྱིན་སྙིང་ལ་ན་ཟུག་སྐྱེས་པ་དང་སྣ་ཁུང་ལས་ཧ་ཅང་ཁ་བའི་སྐྱུར་ཞིག་ཀྱང་ལངས་སོང་། ཁྱོས་ཕ་མ་གཉིས་ཤིན་ཏུ་དྲན་གྱི་འདུག་གམ་“ངས་མོ་ལ་དེ་ལྟར་དྲིས། མོས་དྲན་གྱི་འདུག་ཟེར། འོ་ན་ངས་སང་ཉིན་ཁྱོད་ཕ་ཡུལ་དུ་བསྐྱལ་ན་ཆོག ངའི་ངག་ལས་དབང་མེད་དུ་དེ་ལྟར་ཤོར། མོས་ངུ་ངག་དང་ལྷན་དུ་ཁྱོས་ང་ལ་འདི་ལྟར་བཤད་དོན་ཅི་ཡིན་ནམ་ཟེར། ཁྱོད་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ནས་ངས་འདི་ལྟར་སྡུག་བསྔལ་གྱི་གནས་ལ་ཁྲིད་སོང་། ངས་ཁྱོད་ལ་བདེ་སྐྱིད་སྟེར་མི་ཐུབ་པའི་ཁར་འདི་ལྟ་བུའི་སྡུག་བསྔལ་གྱི་གནས་ལ་འཁྲིད་ན་འགྲིག་གི་མི་འདུག་སྙམ་ཞིང་སེམས་ལ་བཟོད་པར་དཀའ་བའི་ན་ཟུག་ཡོང་གི་འདུག དེ་བས་འདི་ལྟར་བཤད་པ་ཡིན་ཞེས་བཤད། མོ་ཁ་རོག་གེར་ངུ་བཞིན་འདུག་པ་ལས་ཅི་ཡང་མི་བཤད་པས། ངས་མོ་ལ་བསྐྱར་དུ་སྐད་ཆ་ཅི་ཞིག་བཤད་དགོས་མིན་མི་ཤེས་པར་གྱུར། གང་ལྟར་ངེད་གཉིས་ཀ་བྱིས་པ་བཞིན་ཡུད་ཙམ་རིང་ངུས་ནས་བསྡད། དེ་ནས་མོས་ངག་སྒོ་ཕྱེས་ཏེ་ད་ནི་ང་རང་གཉིས་ཕ་ཡུལ་ལ་ལོག་སྲོལ་ཞིག་གང་ན་ཡོད། གལ་ཏེ་ཕ་ཡུལ་ལ་ལོག་པའི་དབང་དུ་བཏང་ཡང་ངའི་ཡབ་ཡུམ་གཉིས་ཀྱིས་དོན་དག་འདི་དང་ལེན་བྱེད་མི་སྲིད་པས་དེ་ལས་ང་རང་གཉིས་ཀྱི་མ་འོངས་པའི་ཁྱིམ་ཚང་དང་བརྩེ་དུང་གི་ཆེད་དུ་དབུས་ཀྱི་ཉི་མ་ལྷ་སར་འགྲོ”ཞེས་བློ་ཐག་བཅད་སོང་། མོ་ནི་འབྲོང་ཚ་དཔོན་གྱི་སྲས་མོ་ཡིན་ཞིང་། ང་ནི་དཔོན་ཚང་གི་གཡོག་མོ་ཞིག་གི་བུ་ཡིན། ང་ལ་ཆུང་དུས་ནས“ཨ་ཕ”ཞེས་འབོད་ས་མེད་ལ་ཨ་མས་ཀྱང་ངའི་ཨ་ཕ་འདི་རེད་ཅེས་བཤད་མྱོང་མེད། སྡེ་བའི་ནང་གི་མི་འགའ་རེ་ངའི་ཨ་ཕ་རེད་ཟེར་སྲོལ་འདུག་ཀྱང་། ངས་དེ་དག་ཨ་ཕ་ཡིན་བསམ་མྱོང་མེད་ལ། ང་ནི་ཆུང་དུས་ཨ་མས་གཉོར་སྐྱོང་འོག་ནས་ནར་སོན་པ་ཡིན། ལས་མ་དག་པའི་ང་ལ་མཚོན་ན་ལོ་བཅུ་ལ་ཐོན་སྐབས་ཀྱི་སྟོན་དུས་ཞིག་ལ་དཔོན་ཚང་གི་འབྲི་འཁོར་མ་འདོགས་པའི་དུས་སུ་ཨ་མ་གཡག་གིས་བརྡུངས་ཏེ་ཟླ་བ་གཅིག་ཙམ་མལ་སར་ལུས་ཤིང་། མཐར་ཚེ་མ་ཟིན་པས་ངས་དྭ་ཕྲུག་གི་འཚོ་བ་རོལ་དགོས་བྱུང་། རྗེས་ནས་ངས་དཔོན་ཚང་གི་ལུག་འཚོས་ཤིང་བསྡད་པ་དང་། དཔོན་པོ་ཡབ་ཡུམ་གཉིས་ཀྱིས་ཀྱང་ང་ལ་ལྟ་སྐྱོང་གང་ལེགས་གནང་གི་ཡོད། དཔོན་ཚང་གི་སྲས་མོ་མེ་ཏོག་སྒྲོལ་དཀར་ངེད་གཉིས་ནི་ཆུང་དུས་མཉམ་གཅིག་དུ་འཚར་ལོངས་བྱུང་ཞིང་རིམ་བཞིན་ལང་ཚོ་དར་ལ་བབས་པས་ཕན་ཚུན་བརྩེ་བ་ཟབ་མོ་ཆགས་ཏེ་ཁ་བྲལ་ཐབས་མེད་པར་གྱུར། མོ་རང་ཁ་འབྲས་ཤིན་ཏུ་མཚར་བས་དུས་སྐབས་དེར་འབྲོང་ཚ་སྡེ་བ་ཙམ་མ་ཟད་ཚོ་བ་གཞན་ལའང་འབྲོང་ཚ་དཔོན་གྱི་སྲས་མོ་ཞེས་སྐད་གྲགས་ཆོད་ཡོད་སྐད། སྲས་མོ་དང་ངེད་གཉིས་ཀྱི་དོན་དག་དེ་གཞན་གྱིས་མི་ཤེས་ཀྱང་གཡོག་མོ་བདེ་སྐྱིད་ཀྱིས་གསལ་པོར་ཤེས་པ་ཡིན། བདེ་སྐྱིད་ཀྱིས་གཞན་ལ་དོན་འདི་མི་འཆད་པའི་ཁར་ལྐོག་ནས་ངེད་གཉིས་ཀྱི་བརྩེ་དུང་ལའང་མཐུན་རྐྱེན་གང་མང་བསྒྲུབས་མྱོང་ཞིང་། འདི་ནི་སྲས་མོས་རྒྱུན་དུ་མོ་ལ་བྱམས་སྐྱོང་གནང་གི་ཡོད་པས་ཡིན། ལོ་ཞིག་གི་སྟོན་ཁར་སྟག་ལུང་སྡེ་བའི་དཔོན་པོ་འཆི་མེད་རབ་བརྟན་ཚང་གི་འབྲོང་ཚ་དཔོན་ལ་གཉེན་སློང་དུ་བྱུང་བས། འབྲོང་ཚ་དཔོན“མགོན་སྟོབས་ཚེ་རིང”གིས་ཀྱང་ཁོང་ཚང་གི་སྲས་མོ“མེ་ཏོག་སྒྲོལ་དཀར”སྟག་ལུང་དཔོན་ཚང་ལ་བག་མར་སྟེར་རྒྱུ་བྱས་འདུག ངས་གཏམ་དེ་ཐོས་སྐབས་སེམས་ལ་སྡུག་གི་མུན་པ་ཐེབས་ཀྱང་གཞན་གྱིས་མི་ཚོར་བར་མིག་ཆུ་འདོན་པ་ཙམ་ལས་ཐབས་བཀོད་གཞན་ཅི་ཡང་མ་རྙེད། ནུབ་ཅིག་གི་དགོང་མོ་སྲས་མོ་ངེད་གཉིས་ནོར་ལྷས་ཀྱི་འགྲམ་དུ་མཉམ་འཛོམས་བྱུང་བས་མོས་ངུ་ངག་དང་ལྷན་དུ་མོ་རང་གནས་ལ་འགྲོ་མིན་གྱི་སྐོར་ནས་གླེང་བས། ངས་ཁོ་མོར་ཇི་ལྟར་སེམས་གསོ་བྱེད་དགོས་མིན་མི་ཤེས་ཤིང་། ང་རང་ཉིད་ལའང་ཇི་ལྟར་སེམས་གསོ་བྱེད་དགོས་མིན་མི་ཤེས་པར་གྱུར། ངེད་གཉིས་ཀ་ཕྲུ་གུ་བཞིན་ངུས་ཏེ་ཅུང་ཙམ་བསྡད་པ་དང་། མཇུག་མཐར་མོས་ད་ནི་ང་རང་གཉིས་ངུ་བཞིན་བསྡད་ན་ཕན་ཐོགས་མེད་པས་དེ་ལས་ཕ་ཡུལ་དང་ཁ་བྲལ་ཏེ་ཐག་རིང་གི་ས་ཆ་ཞིག་ལ་བྲོས་འགྲོ་ཞེས་བཤད་སོང་། ཁོ་མོས་དེ་ལྟར་བཤད་པས་ངའི་སེམས་ལ་དགའ་བ་དང་འཇིགས་སྣང་ལྷན་དུ་སྐྱེས་ཤིང་ད་དུང་རང་ཉིད་ཀྱི་རྣ་དབང་ལའང་ཡིད་མི་ཆེས་པ་ལྟ་བུར་གྱུར། ངས་མོ་ལ་དངོས་གནས་ཁྱོས་བློ་ཐག་ཆོད་ཀྱི་འདུག་གམ་ཞེས་དྲིས་པས། མོས་ད་ནི་གདམ་ག་མེད་པའི་ཚད་ལ་ཐོན་ཚར་བས་བློ་ཐག་མི་ཆོད་པ་ཅི་ཡོད་ཟེར། ནུབ་མོ་དེར་ངེད་གཉིས་གྲོས་བྱས་ཤིང་དབུས་ཉི་མ་ལྷ་སར་འགྲོ་རྒྱུ་བྱས། དེ་ནས་ཉིན་ཤས་རྗེས་ཀྱི་དགོང་མོ་ཞིག་ལ་ངེད་གཉིས་ལྷ་སར་བྲོས་བྱོལ་དུ་སོང་བ་ཡིན།” ཁྱེད་གཉིས་ལྷ་སར་ཇི་ལྟར་སླེབས་པའི་སྐོར་དང་རྗེས་ཕྱོགས་ཀྱི་ལོ་རྒྱུས་རྣམས་གསུངས་གནང་རོགས། འདི་ནི་ངའི་གྲོགས་པོ་ཉི་མ་ལགས་ཀྱི་སྐད་ཆ་རེད། རྒད་པོས་ཅུང་ཙམ་ལ་ཁ་མ་གྲགས་པར་བསྡད་རྗེས་མུ་མཐུད་དེ་ཁོ་རང་གི་ལོ་རྒྱུས་བཤད་སོང་། ནུབ་མོ་དེར་ངེད་གཉིས་བྲག་སྐྱིབས་དེའི་འོག་ལ་བསྡད་ཅིང་ཕྱི་ཉིན་སྔ་ཙམ་ལངས་ཏེ་ལམ་ལ་ཞུགས་པ་དང་། ཉིན་ཕྱེད་ཡོལ་རྗེས“སྒོ་ལ”ཟེར་བའི་ལ་མཐོན་པོ་ཞིག་གི་འདབས་ལ་ཐོན། ལ་འདབས་ཏུ་འགྲུལ་པ་ཁག་ཅིག་ཚ་འབོག་བསྐོལ་ནས་བསྡད་འདུག་པས་ངེད་གཉིས་ཀྱིས་འགྲུལ་པ་ཚོར་ལམ་རྒྱགས་ཅུང་ཙམ་སློང་མོ་བྱས། འགྲུལ་པ་ཚོས་ངེད་གཉིས་ལ་ལམ་རྒྱགས་དང་ཚ་འབོག་སྟེར་ཞིང་ཁོ་ཚོ་ཡང་ལྷ་སར་འགྲོ་མཁན་ཡིན་ཟེར། འགྲུལ་པ་རྣམས་ཀྱི་ཕ་ཡུལ་འབའ་ཐང་ནས་ཡིན་ཞིང་ལྷ་སར་ཚོང་གི་ཆེད་དུ་འགྲོ་མཁན་རེད་འདུག ཚོང་དཔོན་གྱི་མིང་ལ“འབུམ་སྐྱབས་ཚེ་རིང”ཟེར་ཞིང་གཞན་མི་དྲུག་ཡོད་པ་ནི་ཚོང་དཔོན་གྱི་ངོ་གཡོག་རེད། ངེད་གཉིས་སེམས་བཟང་ཅན་གྱི་འགྲུལ་པ་དེ་དག་དང་འགྲོགས་ཏེ་ལྷ་སར་ཕྱིན་པ་ཡིན། ཁོ་ཚོས་རྟ་དྲེལ་མང་པོ་བཀལ་འདུག་པས་ངེད་གཉིས་ཀྱི་ཁུར་པོ་ཡང་རྟ་དྲེལ་ལ་འགེལ་རོགས་བྱས། དེ་ནས་བཟུང་ལམ་ནས་དཀའ་ངལ་ཆེན་པོ་མ་བྱུང་། ཁོ་ཚོས་ལམ་ནས་ངེད་གཉིས་ཀྱི་ཕ་ཡུལ་གང་ནས་ཡིན་མིན་དང་ལྷ་སར་ཡོང་དོན་སོགས་འདྲི་བཞིན་འདུག་པས། ངས་ཁོ་ཚོར་སྐད་ཆ་དྲང་མོར་བཤད་པ་ཡིན། ལམ་ནས་ཚོང་པ་དཔོན་གཡོག་ཚོས“ང་ལ་འབྲོང་ཚ་དཔོན་ཚང་གི་མག་པ”ཞེས་ཀུ་རེ་རྩེ་བཞིན་ཡོད། ཟླ་བ་གཉིས་མ་ཟིན་ཙམ་ལམ་ལ་ཞུགས་པ་དང་ང་ཚོ་གཞི་ནས་དབུས་ཀྱི་ཉི་མ་ལྷ་སར་འབྱོར།
       ལྷ་སར་ཐོན་སྐབས་ང་ལ་སེམས་ཀྱི་གཏིང་ནས་དགའ་སྣང་དཔག་མེད་སྐྱེས་ཤིང་། ངའི་ཆུང་མའི་སེམས་ལའང་དགའ་སྣང་ཆེན་པོ་སྐྱེས་འདུག དེ་ཡང་ལོས་ཡིན་ཏེ་ང་ཚོ་བོད་མི་སུ་ཡིན་ཡང་ཉི་མ་ལྷ་ས་ནི་སེམས་ནང་གི་དག་པའི་ཞིང་མཆོག་གཅིག་པུ་དེ་ཡིན་པས་སོ། །
       ང་ཚོ་ལྷ་སར་འབྱོར་སྐབས་ཐོག་མར་མཇལ་བ་ནི་མཐོ་ཞིང་བརྗིད་ལ་གསེར་གྱི་རྒྱ་ཕིབས་ཀྱིས་མཛེས་པར་རྒྱན་པའི་ཕོ་བྲང་པོ་ཏ་ལ་རེད། པོ་ཏ་ལ་མཇལ་བས་ངའི་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་མིག་ལས་མཆི་མ་ལྷུང་བ་དང་། ངའི་ཆུང་མའི་མིག་ལས་ཀྱང་མཆི་མ་ལྷུང་བཞིན་གདའ། ངས་ཕོ་བྲང་པོ་ཏ་ལར་ཕྱག་དང་གསོལ་བ་བྱས་ཤིང་རང་གི་ཨ་མ་མཐོ་རིས་མ་གཙོས་པའི་སེམས་ཅན་རྣམས་དག་པའི་ཞིང་དུ་སྐྱེ་བའི་སྨོན་ལམ་བཏབ་པ་དང་གཞན་མ་འོངས་པར་ངེད་གཉིས་ཀྱི་མི་ཚེ་ལ་བདེ་སྐྱིད་ལྡན་པའི་སྨོན་ལམ་ཡང་བཏབས་པ་ཡིན། ངའི་ཆུང་མས་ཀྱང་ང་དང་འདྲ་བར་གསོལ་འདེབས་སྨོན་ལམ་བྱེད་ཀྱིན་འདུག་པས་མ་འོངས་པར་ངེད་གཉིས་ཀྱི་མི་ཚེར་བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས་བཞིན་ཡོད་དམ་སྙམ། ལྷ་སར་བསླེབས་སྐབས་ངའི་ཆུང་མའི་མགུལ་དུ་ཡོད་པའི་གཟི་ཆུ་མིག་གསུམ་པ་དེ་ཚོང་དཔོན་འབུམ་སྐྱབས་ལ་བཙོང་བས་རིན་པ་དངུལ་རྡོ་ཚད་བདུན་སྟེར་སོང་། ངེད་གཉིས་ཀྱིས་གཟི་ཡི་རིན་གོང་ག་ཚད་ཡིན་མིན་མི་ཤེས་ཀྱང་། གང་ལྟར་དངུལ་རྡོ་ཚད་བདུན་ལག་ཏུ་འབྱོར་བས་སེམས་ལ་ཧ་ཅང་དགའ་པོ་བྱུང་། ལྷ་སར་ཐོན་པའི་ཕྱི་ཉིན་གཙུག་ལག་ཁང་དུ་སོང་ཞིང་ཇོ་བོ་ཡིད་བཞིན་ནོར་བུ་མཇལ་བ་དང་། རིམ་བཞིན་རྩེ་ཕོ་བྲང་དང་སེ་འབྲས་དགེ་གསུམ་སོགས་མཇལ་བས་ཕལ་ཆེར་ཉིན་ཉི་ཤུ་ཡར་མར་འགོར། ལྷ་སའི་ཉེ་འཁོར་གྱི་གནས་སྐོར་གྲུབ་རྗེས་ངེད་གཉིས་ལྷོ་ཁར་ཕྱིན་ཏེ་བསམ་ཡས་དགོན་པ་དང་ཡར་ཀླུང་རྟེན་གསུམ་གནས་གསུམ་སོགས་ཀྱང་མཇལ། དེ་ནས་གཙང་ལ་ཕྱིན་ཞིང་བཀྲ་ཤིས་ལྷུན་པོའི་དགོན་པ་དང་ས་སྐྱ་དགོན་པ་སོགས་མཇལ་སྐོར་ལ་ཕྱིན་པས་དུས་ཡུན་ཟླ་བ་གཉིས་ཙམ་འགོར། ལམ་ནས་དཀོན་མཆོག་གི་ཐུགས་རྗེས་དཀའ་ངལ་ཆེན་པོ་མ་བྱུང་བར་སླར་ཡང་ཚུར་ལྷ་སར་ཡོང་བ་ཡིན། ངེད་གཉིས་ཚུར་ལྷ་སར་ཐོན་སྐབས་བར་སྐོར་གྱི་ལམ་དུ་ཡོད་པའི་ཨ་ཅག་དཔལ་འཛོམས་ཟེར་བ་ཞིག་གི་ས་ནས་ཁང་པ་ཆུང་ཆུང་ཞིག་གླས་ཏེ་བསྡད་པ་དང་། དཔྱིད་ཀ་ཤར་རྗེས་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་བྱས། “ང་ཕ་ཡུལ་ལ་ལོག་འདོད་མེད་ཀྱང་ངའི་ཆུང་མས་ཕ་ཡུལ་དུ་ལོག་དགོས”ཞེས་བཤད་ཀྱིན་འདུག་པས། ངས་ཁོ་མོར་མི་བསྟུན་ཐབས་མེད་བྱུང་། དེ་དུས་ངའི་སེམས་ལ་དགའ་སྣང་དང་སྤོབས་པ་སྐྱེ་བཞིན་ཡོད་ལ། སེམས་ཁྲལ་དང་འཇིགས་སྐྲག་ཀྱང་སྐྱེ་བཞིན་ཡོད། རྒྱུ་མཚན་ང་ལྟ་བུའི་དྭ་ཕྲུག་ཅིག་གིས་རྣམ་པ་མཛེས་ཤིང་གཤིས་ཀ་འཇམ་པའི་འབྲོང་ཚ་དཔོན་ཚང་གི་སྲས་མོ་མེ་ཏོག་འདྲ་བ་འདི་ཚེ་གཅིག་གི་སྐྱ་ཡར་ལོན་ཡོད་ཅིང་། ད་དུང་རྨི་ལམ་ལའང་འཁོར་མ་མྱོང་བའི་དབུས་ཀྱི་ཉི་མ་ལྷ་སར་འབྱོར་ཏེ་ཇོ་བོ་ཡིད་བཞིན་ནོར་བུ་གཙོས་པའི་རྟེན་འགངས་ཆེན་རྣམས་མཇལ་ཞིང་། གཞན་དབུས་གཙང་གི་དགོན་སྡེ་གྲགས་ཅན་རྣམས་ཀྱང་མཇལ་རྒྱུ་བྱུང་བས། འདི་ནི་ང་ལ་མཚོན་ན་དགའ་སྣང་དང་སྤོབས་པ་སྐྱེ་འོས་པ་ཞིག་ཅི་ལ་མིན། ཕྱོགས་གཅིག་ནས་བསམས་ན་ཕ་ཡུལ་དུ་ལོག་སྐབས་འབྲོང་ཚ་དཔོན་གྱིས་ཆུང་མ་ངེད་གཉིས་ཁ་བྲལ་དུ་གཏོང་མི་ཡོང་ངམ་སྙམ་ཞིང་། ད་དུང་སྟབས་ཉེས་ན་ང་ལ་ཉེས་ཆད་ཀྱང་གཅོད་སྲིད་པ་སོགས་དྲན་པས་འཇིགས་སྣང་དང་སེམས་ཁྲལ་ཡང་རྒྱུན་པར་ཡོང་གི་འདུག ཉིན་ཞིག་ཆུང་མ་ངེད་གཉིས་བར་སྐོར་གྱི་ལམ་ནས་འགྲོ་སྐབས་བློ་བུར་དུ་མི་ཞིག་གིས་ངའི་དཔུང་པ་ནས་འཐེན་ཏེ་ཟུར་ཞིག་ཏུ་ཁྲིད་སོང་། ངས་ཁ་སློག་སྟེ་ལྟ་སྐབས་མི་དེ་“འབྲོང་ཚ་དཔོན་ཚང་གི་གཡོག་པོ་ཚེ་ལོ”ཟེར་བ་ཞིག་ཡོད་པ་དེ་རེད། ཚེ་ལོ་ངེད་གཉིས་ཕན་ཚུན་ཧ་ཅང་འདྲིས་པོ་ཡོད་ཅིང་ཁོ་ནི་སེམས་བཟང་ཅན་གྱི་མི་ཞིག་ཡིན་ལ་ད་དུང་བྱ་བ་གང་ཞིག་བསྒྲུབས་ཀྱང་ཁ་གསོ་འཕེལ་བས། དཔོན་ཚང་གིས་ཁོ་ལ་གཞན་དང་མི་འདྲ་བའི་མཐོང་ཆེན་བྱེད་ཀྱི་ཡོད། ཁོས་ངེད་གཉིས་ཁུག་ཀྱོག་ཅིག་ལ་ཁྲིད་དེ་བཤད་དོན། དཔོན་ཚང་གི་གཉེར་པ་བློ་བཟང་དང་། གཞན་ཀླུ་སྐྱབས་ཟེར་བའི་མི་ཞིག་ཡོད་པ་ཁོང་གསུམ་འབྲོང་ཚ་དཔོན་གྱི་བཀའ་ལྟར་ལྷ་སར་སྲས་མོ་བཙལ་དུ་ཡོང་བ་ཡིན་ཟེར། ཚེ་ལོས་བཤད་པ་ལྟར་ན། སྲས་མོ་ངེད་གཉིས་ལྷ་སར་བྲོས་བྱོལ་དུ་སོང་བའི་ཕྱི་ཉིན་དཔོན་ཚང་གིས་ངེད་གཉིས་འཚོལ་མཁན་མི་མང་པོ་ཞིག་ཕྱོགས་བཞིར་བཏང་འདུག་ཀྱང་། དཀོན་མཆོག་གི་ཐུགས་རྗེས་ར་མདའ་ཚོ་ངེད་གཉིས་ལ་འཕྲད་མ་བྱུང་། རྗེས་ནས་ངེད་གཉིས་ལྷ་སར་སོང་ཡོད་པའི་སྐོར་ཐོས་པས། དཔོན་ཚང་གིས་གཉེར་པ་བློ་བཟང་དང་ཀླུ་སྐྱབས་ཁོང་གསུམ་ལྷ་སར་སྲས་མོ་བཙལ་དུ་བཏང་སོང་ཟེར་བ་དང་། ཁོས་མུ་མཐུད་དེ་བཤད་རྒྱུར། ངེད་གསུམ་ལྷ་སར་འབྱོར་ཏེ་ཟླ་བ་གཅིག་ལྷག་གི་རིང་གང་སར་བཙལ་ཡང་ཁྱེད་གཉིས་ཀྱི་གྲིབ་མ་ཙམ་ཡང་མ་མཐོང་། དེ་རིང་འདི་ལྟར་འཕྲད་ཡོང་བསམ་བསམ་མ་བྱུང་ཟེར་ཞིང་དགའ་དགའ་ལྟར་བྱེད་ཀྱིན་འདུག ཚེ་ལོ་འཕྲད་པས་ངའི་སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་སྐད་ཆ་ཅི་ཞིག་བཤད་དགོས་མིན་ཡང་མི་ཤེས་པར་གྱུར།
       ངའི་ཆུང་མས་མོ་རང་གི་ནང་མི་ཚོའི་གནས་སྟངས་སྐོར་ནས་དྲིས་སོང་། ཚེ་ལོས་མགོ་བོ་ཅུང་དུད་དེ་སྲས་མོ་ལགས་ཁྱེད་ཀྱི་ནང་མི་རྣམས་བདེ་ཐང་ཡིན། འོན་ཀྱང་ཡབ་ཡུམ་གཉིས་ཀྱིས་རྒྱུན་དུ་ཁྱེད་ལ་ཐུགས་ཁྲལ་གནང་གི་འདུག་ཟེར་བ་དང་། དེ་ནས་ཁོས་ང་ལ་ལྟ་བཞིན“ཚེ་དབང”ད་ནི་སྲས་མོ་ཁྱེད་གཉིས་ཕྱིར་ཕ་ཡུལ་དུ་ལོག་ན་དྲག་ཟེར། ངས་ཁོ་ལ་དཔྱིད་ཀ་ཤར་རྗེས་ངེད་གཉིས་ཕྱིར་ཕ་ཡུལ་ལ་ཡོང་རྩིས་ཡོད་“ཅེས་སྨྲས་པས། ཁོས་དེས་ན་སྟབས་ཡག རེད་དེ“ཁྱོད་ཁྱོད”ཕ་ཡུལ་དུ་ལོག་ན་ཞེས་མགོ་བོ་སྒུར་ཏེ་ཚིག་མཇུག་ཤོད་ཀྱི་མི་འདུག ཁོའི་རྣམ་འགྱུར་དེས་ངའི་སེམས་ལ་བྲེལ་འཚུབ་ལངས་སུ་བཅུག ངས་ཁོ་ལ་སྐུ་ཆེ་ང་རང་གཉིས་གྲོགས་པོ་ཡིན་པའི་ངོ་རུ་བལྟས་ཏེ་དོན་དག་གང་ཡིན་ཡང་ཁྱོད་ཀྱིས་གསལ་པོར་བཤད་རོགས་ཞེས་ཞུ་བ་འཐེན་པ་ཡིན། ཁོས་བསམ་བློ་ཅུང་བཏང་སྟེ་“ཚེ་དབང་”ཁྱོད་ངའི་གྲོགས་པོ་ཡིན་པའི་ཁར་སྲས་མོ་ཡང་བཀའ་དྲིན་ཆེན་པོ་ཡིན་པས་ངས་རང་ཉིད་ཀྱི་ཉེན་ཁར་མི་འཛེམས་པར་སྐད་ཆ་དྲང་མོར་བཤད་ཆོག སྲས་མོ་ཁྱེད་གཉིས་བྲོས་བྱོལ་དུ་སོང་བའི་ཕྱི་ཉིན་སྲས་མོའི་ཡབ་མགོན་སྟོབས་སྐུ་རླུང་དྲགས་པོ་གནང་འདུག་ཅིང་། ཁོང་གིས་ར་མདར་འགྲོ་མཁན་ཚོར་ཁྱེད་གཉིས་བསྡམས་ཏེ་འཁྲིད་ཡོང་དགོས་གསུངས་བ་དང་། ད་དུང་ཁྱོད་ཀྱི་མིང་ནས་བོས་ཏེ་ལྟས་ཕྲུག་ཁོ་ལ་ངས་ཉེས་ཆད་ནན་མོ་ཞིག་མ་བཅད་ན་དཀོན་མཆོག་གསུམ་ཞེས་དབུ་མནའ་ཡང་བོར་སོང་། སྟབས་ལེགས་པ་ཞིག་ལ་དེ་དུས་ཁྱེད་གཉིས་ར་མདའ་ཚོའི་ལག་ཏུ་ཐེབས་མི་འདུག དཔོན་པོས་ར་མདའ་ཚོར་བཀའ་བཀྱོན་མང་པོ་གནང་བ་དང་རྗེས་ནས་ཁྱེད་གཉིས་ལྷ་སར་ཕྱིན་པའི་སྐོར་ཐོས་པས། སླར་ཡང་བློ་བཟང་དང་ཀླུ་སྐྱབས་ངེད་གསུམ་ལྷ་སར་བཏང་ཞིང་། འགྲོ་ཁར་དཔོན་པོས་གཉེར་པ་བློ་བཟང་ལ་ད་ཐེངས་སྲས་མོ་ངེས་པར་དུ་བཙལ་ཐུབ་པ་བྱེད་དགོས་གསུངས་ཤིང་། ད་དུང་མི་ངན་དེ་ཐག་གཅོད་ཇི་ལྟར་དགོས་མིན་ཁྱོད་ཀྱིས་ལྟོས་ཤིག་ཅེས་མངག་ཆ་ནན་མོ་བྱས་འདུག དེར་བརྟེན་ཁྱོད་ཕ་ཡུལ་ལ་ལོག་ན་དཔོན་པོས་དེ་ལམ་དུ་འཇོག་མི་སྲིད་ཅིང་། གཞན་བློ་བཟང་དང་འཕྲད་ནའང་ཅི་ཡོང་མི་ཤེས་ཟེར། གཉེར་པ་བློ་བཟང་ནི་དགེ་སྡིག་མེད་པའི་མི་སྡུག་རྩུབ་ཅན་ཞིག་ཡིན་པ་ཀུན་ལ་གྲགས་ཡོད་པས་ཚེ་ལོའི་སྐད་ཆ་དེར་ང་ལ་འཇིགས་སྣང་ཆེན་པོ་སྐྱེས་པ་དང་། ངའི་ཆུང་མའི་མིག་ནས་ཀྱང་མཆི་མ་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་འཆོར་བཞིན་གདའ། ངས་ཚེ་ལོའི་ལག་པ་ནས་འཇུས་ཏེ་ཁྱོད་ཀྱིས་ང་ཉེན་ཁའི་གནས་ལས་སྐྱབས་པར་བཀའ་དྲིན་ཆེ་ཞེས་ཞུས་པ་ཡིན། ངའི་ཆུང་མས་ཚེ་ལོར་ཁྱོད་ཚོ་ཕ་ཡུལ་ལ་མར་ག་དུས་ལོག་རྩིས་ཡོད་”ཅེས་དྲི་བ་བྱས་སོང་། ཚེ་ལོས་གཉེར་པ་བློ་བཟང་གིས་ད་དུང་ཟླ་བ་གཅིག་ཡར་མར་ལྷ་སར་བསྡད་དེ་ཁྱེད་གཉིས་བཙལ་དགོས་ཟེར་གྱི་འདུག ཁྱེད་གཉིས་ཕ་ཡུལ་དུ་ལོག་རྩིས་ཡོད་ན་ནི་དེར་ཟད་ཅི། གལ་ཏེ་ཕ་ཡུལ་ལ་ལོག་རྩིས་མེད་ན་གནས་སྐབས་ལྷ་ས་ནས་གཡོལ་ཙམ་བྱས་ན་བཟང་ཟེར། ངེད་གསུམ་ཁ་བྲལ་སྐབས་ཚེ་ལོའི་མིག་མཐར་མཆི་ཞགས་འཁོར་བཞིན་ཚེ་དབང་ཁྱོད་སྐྱེས་པ་ཕོ་ཞིག་ཡིན་ན་མི་ཚེ་གཅིག་ལ་སྲས་མོར་ལྟ་སྐྱོང་གང་ལེགས་བྱེད་དགོས་ཟེར་བས། ངའི་མིག་ལས་ཀྱང་རང་དབང་མེད་པར་མཆི་མ་ཧྲུག་ཧྲུག་ཏུ་བཞུར་ཡོང་། ངེད་གཉིས་ནང་དུ་ཐོན་སྐབས་ངའི་ཆུང་མས་ད་ནི་ང་རང་གཉིས་ཕ་ཡུལ་ལ་ལོག་ཐབས་མི་འདུག ། དེ་ལས་སང་ཉིན་སྔ་ཙམ་ལངས་ཏེ་གནས་སྐབས་ས་ཆ་གཞན་ཞིག་ལ་གཡོལ་ཙམ་བྱེད་པར་འགྲོ་ཟེར། ནུབ་མོ་དེར་ཨ་ཅག་དཔལ་འཛོམས་ལ་ཉིན་ཤས་རིང་བསྡད་པའི་ཁང་གླ་རྩིས་བརྒྱབ་པ་དང་། ཕྱི་ཉིན་སྔ་ཙམ་ལངས་ཏེ་སླར་ཡང་ལྷོ་ཁའི་ཕྱོགས་སུ་གནས་སྐོར་ལ་སོང་བ་ཡིན། འདི་ནི་ང་ལ་མཚོན་ན་“བསམ་ཐོག་ལ་རྟ་རྒྱུག་པའི་”དཔེ་ལྟར་དུ་གྱུར་ཡང་། ནུབ་མོ་དེར་ངའི་ཆུང་མ་ངུ་བཞིན་འདུག་པས་ཕྱི་ཉིན་མིག་གཉིས་ཀྱང་དམར་པོར་གྱུར་འདུག དུས་དེ་ནས་བཟུང་ཆུང་མས་ཕ་ཡུལ་ལ་ལོག་དགོས་ཞེས་རྩ་བ་ནས་བཤད་མྱོང་མེད། ངེད་གཉིས་སླར་ཡང་ལྷོ་ཁར་ཕྱིན་ཞིང་དྭགས་ལ་སྒམ་པོའི་དགོན་པ་དང་། སྲས་མཁར་དགུ་ཐོག གྲོ་བོ་ལུང་སོགས་བཀའ་བརྒྱུད་གོང་མའི་གདན་ས་རྣམས་གཙོས་པའི་ལྷོ་གནས་རྒྱས་པ་ཞིག་མཇལ་བས་དུས་ཡུན་རིང་ཙམ་འགོར། ལམ་ནས་བྱ་བ་གང་ཡིན་ཡང་ངས་ཆུང་མའི་འདོད་པར་བསྟུན་གྱི་ཡོད་ལ། གཞན་ཆུ་ལེན་པ་དང་། ཇ་བསྐོལ་བ། རྡོག་ཁྲེས་འཁུར་བ། སློང་མོ་བྱེད་པ་སོགས་གང་ཅིའི་ཐད་ངས་ཁོ་མོར་ལྟ་སྐྱོང་གང་ཐུབ་བྱེད་ཀྱི་ཡོད་པས། “མཚམས་རེ་ངའི་ཆུང་མའི་གདོང་ལ་འཛུམ་ལངས་ཏེ་ཚེ་དབང་ཁྱོད་ཀྱིས་མི་ཚེ་གཅིག་ང་ལ་འདི་ལྟར་བྱམས་པོ་མ་བྱས་ན་མི་ཆོག”ཅེས་ཀུ་རེ་ཡང་བཤད་ཀྱི་ཡོད། ངེད་གཉིས་དེ་ལྟར་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་གནས་སྐོར་ལ་ཕྱིན་ཞིང་། དེ་ནས་ཚུར་ལྷ་སར་ཡོང་བ་ཡིན་ཟེར།
       སྲས་མོ་ཁྱེད་གཉིས་ལྷ་སར་མ་བསྡད་པར་ཕྱིས་ནས་གསེར་ལུང་སྡེ་བར་ཇི་ལྟར་ཕྱིན་པ་ཡིན་ནམ། ངའི་གྲོགས་པོ་ཉི་མས་ཡང་བསྐྱར་དེ་ལྟར་དྲི་བ་བྱས། ངེད་གཉིས་གནས་སྐོར་ལ་འགྲོ་སྐབས་ལྷོ་བྲག་ནསགནས་སྐོར་བ་གསུམ་དང་འཕྲད་ཅིང་ཁོང་གསུམ་ནི་གསེར་ལུང་སྡེ་བ་ནི་རེད། གནས་སྐོར་བ་གསུམ་གྱི་ནང་དུ་ལོ་ན་སུམ་ཅུ་སོ་གྲངས་ལ་ཐོན་པའི་བཟའ་མི་གཉིས་ཡོད་པ་ནི། ཁྱོ་གའི་མིང་ལ་དོན་ཡོད་ཟེར་ཞིང་ཆུང་མའི་མིང་ལ་ཚེ་སྐྱིད་འབོད་ཀྱི་འདུག གཞན་ལོ་ན་ཉི་ཤུ་ལྷག་ལ་ཐོན་པའི་གསར་བུ་ཞིག་ཡོད་པ་དེའི་མིང་ལ་རྣམ་རྒྱལ་ཚེ་རིང་ཟེར། ང་ཚོ་ཟླ་བ་གཅིག་མ་ཟིན་ཙམ་གྱི་རིང་གནས་སྐོར་ལ་མཉམ་དུ་ཕྱིན། གནས་སྐོར་ལ་འགྲོ་རིང་དོན་ཡོད་བཟའ་མི་གཉིས་དང་ངེད་བཞི་ཕན་ཚུན་སེམས་ཐག་ཤིན་ཏུ་ཉེ་བོ་བྱུང་བས། ངེད་གཉིས་ཀྱི་གནས་སྟངས་ཚང་མ་དོན་ཡོད་བཟའ་མི་གཉིས་ཀྱིས་ཤེས་པར་གྱུར། དོན་ཡོད་དང་ཁོའི་ཆུང་མ་གཉིས་ཀས་ངེད་གཉིས་ལ་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་འདུག་ལ། ད་དུང་དོན་ཡོད་ཀྱིས་རྗེས་མ་ཁྱེད་གཉིས་ཁོང་གསུམ་དང་ལྷན་དུ་གསེར་ལུང་སྡེ་བར་སོང་ན། ཁོས་གང་ཡོང་ཅི་ཡོང་གིས་རོགས་སྐྱོར་བྱེད་ཆོག་ཟེར་གྱི་འདུག ང་ཚོ་ལྷ་སར་ཐོན་སྐབས་སྦྲ་ནག་ཞོལ་ནས་གནས་ཚང་ཞིག་གཡར་བ་དང་། ཁོང་གསུམ་ཉིན་བཞིན་བར་སྐོར་གྱི་ཁྲོམ་ལ་འགྲོ་བཞིན་ཡོད་ཅིང་ངེད་གཉིས་རྟག་པར་ནང་ལ་བསྡད་ཀྱི་ཡོད། ངེད་གཉིས་ནང་དུ་འདུག་དོན་ནི་གཉེར་པ་བློ་བཟང་ད་དུང་ཕ་ཡུལ་ལ་ལོག་ཡོད་མེད་ཐག་མ་ཆོད་པས་ཡིན། ལྷ་སར་ཉིན་འགའ་ལ་བསྡད་རྗེས་ཁོང་གསུམ་ཕ་ཡུལ་དུ་ལོག་པས་ངེད་གཉིས་ཀྱང་ཁོང་གསུམ་དང་འགྲོགས་ཏེ་གསེར་ལུང་སྡེ་བར་ཕྱིན། ངའི་གྲོགས་པོ་དོན་ཡོད་ནི་རྣམ་སྲས་ཚང་ཟེར་བའི་གསེར་ལུང་སྡེ་བར་མིང་དུ་གྲགས་པའི་དུད་ཚང་ཆེན་པོ་ཞིག་གི་བུ་རེད་འདུག་ཅིང་། རྣམ་རྒྱལ་ཚེ་རིང་ནི་ཁོང་ཚང་གི་འདབས་དུད་ཞིག་གི་བུ་རེད་འདུག
       ལོ་གཉིས་ཀྱི་གོང་ནས་དོན་ཡོད་ཀྱི་ཕ་དང་རྣམ་རྒྱལ་ཚེ་རིང་གི་ཕ་གཉིས་ས་ཆ་གཞན་ཞིག་ལ་ཚོང་གི་ཆེད་དུ་འགྲོ་སྐབས་ལམ་ནས་སུ་ཡིན་མི་ཤེས་པའི་ཇག་པ་འགས་ཕ་རྒན་གཉིས་བཀྲོངས་པ་དང་རྟ་དྲེལ་གསུམ་ཡོད་པ་འཕྲོག་ཅིང་། ད་དུང་རྣམ་སྲས་ཚང་གི་མེ་མདའ་ཞེས་སྐད་གྲགས་ཆོད་པའི་མེ་མདའ་དབྱིན་ཇིའི་ཁ་རིང་དེ་ཡང་ཇག་པ་དེ་དག་ལ་ཤོར་འདུག དོན་ཡོད་ཀྱིས་ལོ་གཉིས་ཀྱི་རིང་ལ་ཇག་པ་རྣམས་གང་སར་བཙལ་ཡང་ད་བར་བརྩད་མ་ཆོད་པར་ལུས། ན་ནིང་སྟོན་ཁར་དོན་ཡོད་ཀྱིས་རང་གི་བཟའ་ཟླ་ཚེ་སྐྱིད་ཁྲིད་དེ་ཕ་འདས་པོའི་དོན་དུ་ཉི་མ་ལྷ་སར་ཇོ་བོ་ཡིད་བཞིན་ནོར་བུ་མཇལ་དུ་ཡོང་། དོན་ཡོད་བཟའ་མི་གཉིས་ལྷ་སར་འགྲོ་སྐབས་ཁྱིམ་མཚེས་འདས་པོའི་བུ་རྣམ་རྒྱལ་ཚེ་རིང་ཡང་ལྷ་སར་ཁྲིད་དེ་ལམ་གྱི་འགྲོ་གྲོན་ཆ་ཚང་དོན་ཡོད་ཀྱིས་བཏང་འདུག ང་ཚོ་གསེར་ལུང་སྡེ་བར་བསླེབས་རྗེས་ངེད་གཉིས་སྟོན་ཁ་མ་ཤར་བར་དོན་ཡོད་ཚང་ལ་བསྡད། དོན་ཡོད་ཚང་གི་ནང་དུ་ལོ་ན་ལྔ་བཅུ་ང་སྟོད་ལ་བསླེབས་པའི་དོན་ཡོད་ཀྱི་ཨ་མ་རྒན་མོ་དང་ནུ་བོ་བསོད་བཀྲ། གཞན་དོན་ཡོད་བཟའ་མི་གསུམ་ལ་ཕྲུ་གུ་བུ་གཉིས་དང་བུ་མོ་གཉིས་འདུག་ཅིང་། རྣམ་སྲས་ཚང་ནི་བཟའ་མི་བརྒྱད་ཀྱིས་གྲུབ་པའི་ཁྱིམ་ཚང་ཞིག་རེད། སྟོན་ཁའི་དུས་སུ་ཐོན་སྐབས་ངའི་ཆུང་མའི་མགུལ་དུ་གཟི་ཚེ་བུམ་ཁ་སྤྲོད་སྤུས་ལེགས་ཤིག་ཡོད་པ་དེ་དོན་ཡོད་ལ་བཙོང་ཞིང་། དོན་ཡོད་ཀྱིས་གཟི་ཡི་རིན་ལ་རྟ་རྒོད་མ་མ་བུ་གཉིས། ནོར་ཆེ་ཆུང་སུམ་ཅུ། ལུག་ཉི་ཤུ་རྩ་ལྔ་བཅས་སྟེར་སོང་། དོན་ཡོད་ཀྱིས་ང་ལ་ཚེ་དབང་ཁྱེད་གཉིས་ཀྱི་གཟི་ལ་ངས་རིན་གོང་ལྡབ་འགྱུར་གྱིས་སྟེར་ཡོད་ཟེར་བ་དང་། ངའི་སེམས་ལའང་དངོས་གནས་རིན་གོང་མཐོན་པོ་སྟེར་སོང་སྙམ་པ་བྱུང་། ཆུང་མ་ངེད་གཉིས་དེ་ལྟར་གསེར་ལུང་སྡེ་བར་གཞིས་ཆགས་པ་ཡིན་ཟེར།
       ཁྱེད་ཀྱིས་རྗེས་ཕྱོགས་ཀྱི་ལོ་རྒྱུས་རྣམས་གསུངས་གནང་རོགས། ངའི་གྲོགས་པོ་ཉི་མས་རྒད་པོ“ཚེ་དབང”ལ་ཡང་བསྐྱར་དེ་ལྟར་ཞུ་བ་བྱས། ཆུང་མ་ངེད་གཉིས་གསེར་ལུང་སྡེ་བར་གཞིས་ཆགས་རྗེས་ང་དང་དོན་ཡོད་བུ་སྤུན་གཉིས་ཤིན་ཏུ་བཟང་བའི་གྲོགས་པོར་གྱུར། དོན་ཡོད་བུ་སྤུན་གཉིས་ནི་“ཕྱི་དགྲ་བོའི་ཐོག་ལ་སྟག་ལས་ངར་ཞིང་། ནང་ཕུ་ནུ་ཐོག་ཏུ་བལ་ལས་འཇམ་པའི་”སྐྱེས་ཕོ་རབ་གཉིས་ཡིན་པས། གསེར་ལུང་སྡེ་བའི་མི་རྣམས་ཀྱིས་གོང་བཀུར་དང་ཆ་འཇོག་བྱེད་ས་རེད་འདུག གཞན་རྣམ་རྒྱལ་ཚེ་རིང་ངེད་གཉིས་ཀྱང་གྲོགས་པོ་བཟང་པོར་གྱུར། རྣམ་རྒྱལ་ཚེ་རིང་ཚང་ལ་ཁོའི་ཨ་མ་དང་། སྲིང་མོ། ཁོ་རང་བཅས་བཟའ་མི་གསུམ་ཡོད་ཅིང་། ཁོ་ནི་མིང་སྲིང་གཉིས་ཀྱི་ནང་ནས་ཆེ་འགོ་ཡིན། ཁོང་ཚང་ནི་ནོར་ལུག་འགའ་ཙམ་ལས་མེད་པའི་ཁྱིམ་ཚང་དབུལ་པོ་ཞིག་ཡིན་པས་རྒྱུན་དུ་འཚོ་གོས་རྣམ་སྲས་ཚང་ལ་བརྟེན་གྱིན་ཡོད། ཁོང་མ་བུ་གསུམ་གྱིས་ཀྱང་རྣམ་སྲས་ཚང་གི་བཞོན་མ་བཞོ་བ་དང་། ནོར་ལུག་གི་རྫི་བོར་འགྲོ་བ། རུ་བ་བསྐྱེལ་བ། ཁལ་འགེལ་བ། བལ་འབྲེག་པ་སོགས་ལས་ཀ་ཆེ་ཕྲ་གང་ཡིན་ཡང་རང་ཁྱིམ་གྱི་ལས་ཀ་ལྟར་བྱེད་ཀྱི་འདུག རྗེས་ནས་དོན་ཡོད་བུ་སྤུན་གཉིས་ཀྱིས་རྣམ་རྒྱལ་ཚེ་རིང་ལ་ཆུང་མ་ཞིག་བསུས་པ་དང་། ཁོའི་སྲིང་མོ་གཡང་སྐྱིད་ཀྱང་དུད་ཚང་གཞན་ཞིག་ལ་བག་མར་བྱིན་ཞིང་ནོར་བཅུ་དང་ལུག་བཅོ་ལྔ་ཙམ་གྱི་རྫོངས་པ་ཡང་སྟེར་སོང་།
       རྣམ་རྒྱལ་ཚེ་རིང་མ་བུ་གསུམ་གྱིས་དོན་ཡོད་བུ་སྤུན་གཉིས་ནི་ཡ་ཐོད་ཀྱི་མིག་འབྲས་བཞིན་བཀུར་གྱི་འདུག་ལ། དོན་ཡོད་བུ་སྤུན་གཉིས་ཀྱིས་ཀྱང་ཁོང་མ་བུ་གསུམ་ལ་ཁྱིམ་ཚང་གཅིག་ལས་ཆད་པ་ལྟར་ལྟ་སྐྱོང་གང་ལེགས་བྱེད་ཀྱི་འདུག ། གསེར་ལུང་སྡེ་བ་ནས་ངའི་ཆུང་མ་ངེད་གཉིས་ལ“དུད་སར་ཚང”ཞེས་པའི་མིང་ཞིག་ཐོགས་ཡོད་ཅིང་། རྒྱུན་དུ་སྡེ་བའི་མི་ཚོས་ང་ལའང“དུད་སར་ཚེ་དབང”ཞེས་འབོད་ཀྱིན་ཡོད། དེ་ལྟར་ལོ་འགའ་ཡི་རིང་ལ་ངེད་བཟའ་མི་གཉིས་ཀྱིས་གསེར་ལུང་སྡེ་བར་སྐྱིད་པའི་འཚོ་བ་ཞིག་རོལ་བ་ཡིན། དེ་དུས་ང་ལ་སེམས་ཁྲལ་ཕྲན་བུ་ཡོད་པ་ནི་ངའི་བཟའ་མོར་མངལ་ཐེངས་མ་གཉིས་ལ་འཁོར་ཡང་གཉིས་ཀ་ཤོར་སོང་བ་དེ་རེད། འོན་ཀྱང་ངས་ཁོ་མོ་སེམས་ཁྲལ་ལངས་བར་དོགས་ཏེ་དེའི་སྐོར་ནས་གླེང་གི་མེད་ལ། ཆུང་མས་དེའི་སྐོར་ནས་གླེང་ནའང་ངས་ཁོ་མོར་སེམས་ཁྲལ་མ་བྱེད་ད་དུང་ཕྲུ་གུ་ཡོང་ངེས་ཡིན་ཞིང་། གལ་ཏེ་མ་བྱུང་ཡང་ང་རང་གཉིས་མི་ཚེ་གཅིག་མཉམ་དུ་འཚོ་བ་རོལ་རྒྱུ་བྱུང་ན་དེ་ལས་སྐྱིད་པ་ཞིག་ཅི་དགོས་ཞེས་སེམས་གསོ་གཏོང་གི་ཡོད། དེ་ལྟར་ལོ་འགའ་སོང་བའི་རྗེས་སུ་དུས་ཟིང་གི་འགྱུར་བ་བྱུང་ཞིང་གསེར་ལུང་སྡེ་བའི་དཔོན་པོ་རྡོ་རྗེ་ཕ་བུ་གཉིས་དང་དོན་ཡོད་བུ་སྤུན་གཉིས། ད་དུང་ལོ་བཅུ་དགུར་སླེབས་པའི་དོན་ཡོད་ཀྱི་བུ་ཆེ་བ་རིན་ཆེན་སོགས་སྡེ་བའི་མི་འགའ་ཞིག་བཙོན་དུ་ཚུད། དོན་ཡོད་ཕ་བུ་གསུམ་བཙོན་དུ་ཚུད་པས་རྣམ་སྲས་ཚང་གི་ཨ་མ་ལྷ་མོ་དང་མནའ་མ་ཚེ་སྐྱིད་གཞན་མིང་སྲིང་ཆུང་བ་གསུམ་བཅས་ཤུལ་དུ་ལུས་པའི་བཟའ་མི་གང་བོ་སྡུག་གི་མུན་པའི་ནང་ལ་ལྷུང་། རྣམ་སྲས་ཚང་ལ་དེ་ལྟ་བུའི་ཆག་སྒོ་ངན་པ་བྱུང་བས། རྣམ་རྒྱལ་ཚེ་རིང་ཚང་དང་ངེད་ཚང་གཉིས་ལའང་སྡུག་བསྔལ་ཤིན་ཏུ་ཆེན་པོ་བྱུང་ཞིང་ངའི་ཆུང་མ་སྒྲོལ་དཀར་གྱིས་མིག་ཆུ་ཡང་ཉིན་འགའ་ལ་བཏང་སོང་། དོན་ཡོད་ཕ་བུ་གསུམ་བཙོན་དུ་ཚུད་པའི་དགོང་མོ་རྣམ་རྒྱལ་ཚེ་རིང་ངེད་ཚང་ལ་ཐོན་ཞིང་མིག་ནས་མཆི་མ་གཏོང་བཞིན་ཚེ་དབང་ད་ནི་ང་རང་གཉིས་ཀྱིས་རྣམ་སྲས་ཚང་གི་ཤུལ་དུ་ལུས་པའི་ཆུང་མ་དང་བུ་ཕྲུག་འདི་ཚོར་ལྟ་སྐྱོང་ཡག་པོ་ཞིག་བྱེད་མ་ཐུབ་ན། ང་རང་གཉིས་མི་གྲལ་ནས་བུད་པ་རེད་ཟེར། རྣམ་རྒྱལ་ཚེ་རིང་གིས་དེ་ལྟར་བཤད་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོ་ནི་སྐྱེས་ཕོ་རབ་ཅིག་རེད་འདུག་ཨང་སྙམ་པ་དང་། དོན་ཡོད་བུ་སྤུན་གཉིས་ཀྱིས་ཁོ་དྲིན་གྱིས་བསྐྱངས་པ་དེའང་ནོར་མི་འདུག་སྙམ་པ་བྱུང་། ཕྱིས་སུ་རྣམ་སྲས་ཚང་གི་དོན་ཡོད་ཕ་བུ་གསུམ་བཙོན་གྲོལ་ཐོབ་ཀྱང་། ཨ་མ་ལྷ་མོ་དང་། བུ་ཆུང་བ་མགོན་ཚེ། བུ་མོ་ཆུང་བ་པད་མཚོ་གསུམ་སྔོན་ཞིག་ནས་ཚེ་མ་ཟིན་པས། ཤུལ་དུ་མནའ་མ་ཚེ་སྐྱིད་དང་བུ་མོ་ཆེ་བ་ལྷ་འཛོམས་གཉིས་ལས་ལྷག་མེད། ད་ལྟ་རྣམ་རྒྱལ་ཚེ་རིང་ཡང་སྔོན་མ་དང་མི་འདྲ་བར་ང་ཚོའི་རུ་ཆེན་གྱི་ཚུན་ཀྲང་གཞོན་པ་ཡིན་ཞིང་ད་དུང་འབྱོར་མེད་གྲལ་རིམ་གྱི་སྔོན་ཐོན་མི་སྣའི་དཔེ་བཟང་ཡང་ཐོབ་ཡོད། སྤྲིན་ཁ་འཚུབ་པ་ལྟ་བུའི་དུས་ཀྱི་འཕོ་འགྱུར་ལ་འདི་མི་ཡོང་ཟེར་བ་ཞིག་མེད་པས་རིམ་བཞིན་རིག་གནས་གསར་བརྗེ་ཆེན་མོའི་དུས་སུ་ཐོན། རིག་གསར་གྱི་སྐབས་སུ་སླར་ཡང་རྣམ་སྲས་ཚང་གི་དོན་ཡོད་ཕ་བུ་གསུམ་དང་མནའ་མ་ཚེ་སྐྱིད་བཅས་ལ་ཕྱུག་བདག་གྲལ་རིམ་གྱི་ཞྭ་མོ་གཡོགས་སོང་།
       དེ་ཡང་དགོང་མོ་ཞིག་ལ་དོན་ཡོད་སྟེགས་བུ་ཞིག་གི་ཐོག་ཏུ་ལངས་སུ་བཅུག་པ་དང་མཐའ་ནས་མི་མང་གིས་བསྐོར་ཏེ་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ཕྱུག་བདག་གྲལ་རིམ་གྱི་ནག་ཉེས་རྣམས་ངོས་ལེན་ཞུ་རུ་བཅུག དོན་ཡོད་ཀྱིས་ནག་ཉེས་ངོས་ལེན་ཞུས་ཚར་རྗེས་བསམ་ཡུལ་ལས་འདས་པ་ཞིག་ལ་རྣམ་རྒྱལ་ཚེ་རིང་གདོང་དུ་ལངས་ཤིང་། སྐད་གསང་མཐོན་པོས་དོན་ཡོད་ཁྱོད་ཀྱིས་ནག་ཉེས་ཡང་དག་པ་ཞིག་ངོས་ལེན་བྱས་མ་སོང་། དེར་བརྟེན། ངས་ཁྱོད་ལ་ནག་ཉེས་ཐེར་འདོན་གྱི་རོགས་སྐྱོར་བྱེད་ཆོག“ཅེས་དོན་ཡོད་ཀྱི་ཕ་འདས་པོའི་མིང་ནས་བོས་ཏེ། སྔོན་མ་ཁྱོད་ཕ་བུ་གཉིས་ཀྱིས་ངེད་ཚང་གི་བཟའ་མི་གང་བོ་ཇི་ལྟར་གཡོག་ལ་བཀོལ་བ་དྲན་གྱི་འདུག་གམ་ཟེར་བ་དང་། ད་དུང་ཁྱེད་ཚང་གི་དོན་དུ་ངའི་ཕ་དྲིན་ཆེན་ཇག་པའི་ལག་ཏུ་ཤི་བ་མ་ཟད། རྗེས་སུ་ཁྱོས་ང་ལ་རྨོངས་དད་དྲིལ་བསྒྲགས་བྱས་ཤིང་ཕ་འདས་པོ་བདེ་འགྲོ་མཐོ་རིས་སུ་སྐྱེ་བའི་ཆེད་དུ་ཇོ་བོ་ཡིན་བཞིན་ནོར་བུ་མཇལ་ཐུབ་ན་བུ་སྐྱེས་པའི་གོ་ཆོད་པ་དང་མི་ཚེ་དོན་ལྡན་ཡིན་རབས་སོགས་བཤད་དེ། ཁྱེད་བཟའ་མི་གཉིས་ཀྱི་གཡོག་པོ་ང་མགོ་སྐོར་བཏང་སྟེ་སྟོད་ཉི་མ་ལྷ་སར་ཁྲིད་སོང་བ་མ་ཡིན་ནམ་ཟེར་བ་སོགས། བློ་ཡུལ་ལ་ཤོང་དཀའ་བའི་ཞྭ་མོ་མང་པོ་ཞིག་གཡོགས་པ་དང་། “གསར་བརྗེའི་དགྲ་བོ་དོན་ཡོད་ཕམ་པར་བརྒྱག་དགོས”ཞེས་འབོད་སྐུལ་བཏང་སོང་། རྣམ་རྒྱལ་ཚེ་རིང་གིས་དེ་ལྟར་འབོད་སྐུལ་བཏང་བས་སྔོན་ཐོན་མི་སྣ་འགའ་མདུན་དུ་མཆོངས་ཤིང་། ཆབས་ཅིག་ཏུ་སྐད་གསང་མཐོན་པོས། ང་ཚོས”འབྱོར་མེད་གྲལ་རིམ་གྱི་དགྲ་བོ། སྲིད་དབང་སྒེར་འཛིན་པ། ཕྱུག་བདག་གྲལ་རིམ་མི་ངན་དོན་ཡོད་མགོ་གཏིང་སློག་དགོས”ཞེས་འབོད་སྐད་སྒྲོགས་པ་དང་། སྤྱང་ཀི་ཤ་ལ་རྔམ་པ་ལྟར་དོན་ཡོད་ལ་རྡུང་རྡེག་དྲག་པོ་བཏང་། རྡུང་རྡེག་བཏང་ན་མི་མང་རྣམས་གཅིག་ལས་གཅིག་དཔའ་བ་དང་གཅིག་ལས་གཅིག་ངར་བས། དངོས་གནས་དོན་ཡོད་ཀྱི་ཐོག་ཏུ་ལག་པ་ཡང་ཤོང་དཀའ་བའི་ཚད་ལ་འདུག ། དེ་དུས་ང་དོན་ཡོད་ལ་སེམས་ཁྲལ་ཆེན་པོ་སྐྱེས་པ་མ་ཟད། ད་དུང་མི་གཤིས་ཀྱི་འགྱུར་བ་ལ་ཡང་ཧ་ལས་པར་གྱུར།
       སྔོན་མ་དོན་ཡོད་ཀྱིས་རྣམ་རྒྱལ་ཚེ་རིང་རང་གི་ནུ་བོ་བཞིན་དྲིན་གྱིས་བསྐྱངས་པ་དེ་ད་ལྟ་འདི་ལྟར་གྱུར་འགྲོ་བ་སུ་ཞིག་གི་ཡིད་ལ་འཁོར་ཐུབ། དངོས་སུ་མ་མཐོང་ན་མི་ཞིག་འདི་ལྟར་གྱུར་འགྲོ་བ་རེད་ཟེར་ན་ངོ་མ་ཡིད་མི་ཆེས་པ་ལྟ་བུར་སྣང་། ལོ་འགའ་ཡི་གོང་ནས་དོན་ཡོད་ཕ་བུ་གསུམ་བཙོན་དུ་ཚུད་པའི་དུས་སུ་མི་ཞིག་གིས་མིག་ཆུ་གཏོང་བཞིན་ཚེ་དབང་ད་ནི་ང་རང་གཉིས་ཀྱིས་རྣམ་སྲས་ཚང་གི་ཤུལ་དུ་ལུས་པའི་ཆུང་མ་དང་བུ་ཕྲུག་འདི་ཚོར་ལྟ་སྐྱོང་ཡག་པོ་ཞིག་བྱེད་མ་ཐུབ་ན་མི་གྲལ་ནས་བུད་པ་རེད་ཟེར་མཁན་དེ་རྣམ་རྒྱལ་ཚེ་རིང་ཡིན་ལ། སྔོན་མ་དོན་ཡོད་བུ་སྤུན་གཉིས་དང་རྣམ་སྲས་ཚང་གི་དོན་དུ་དགོས་ངེས་བྱུང་ན་ཚེ་སྲོག་ཀྱང་གཏོང་ངེས་ཡིན་ཞེས་རྒྱུན་དུ་གླེང་མཁན་དེ་ཡང་རྣམ་རྒྱལ་ཚེ་རིང་ཡིན། འོ་ན། ད་ལྟ་ཁོ་འདི་ལྟར་གྱུར་དོན་ཅི་ཡིན་ནམ། ཁ་དཔེ་རུ་“མི་ཁོག་མི་ཡིས་མི་ལོན། ཁྱི་ཁོག་དབྱུག་པས་མི་ལོན། ”ཞེས་པ་དེ་ཅི་འདྲ་དོན་ལ་གནས་པ་ཞིག་རེད་ཨང་། གཅིག་བྱས་ན་ཁོའི་སེམས་ལ་གདོན་ཞུགས་ཡོད་ཀྱང་སྲིད། ནུབ་མོ་དེར་ང་ནང་དུ་ཐོན་རྗེས་དེ་ལྟ་བུའི་བསམ་བློ་མང་པོ་འཁོར་ཞིང་། ད་དུང་ངའི་ཆུང་མའི་གནས་བབ་ལའང་སེམས་ཁྲལ་ལངས་ཤིང་གཉིད་ཡག་པོ་མི་ཁུག་པར་གྱུར།
       ངའི་ཚོད་དཔག་ལྟར་དུས་ཡུན་རིང་པོ་མ་འགོར་བར་སྒྲོལ་དཀར་ལ་དཔོན་ངན་མ་རྩ་རིང་ལུགས་ཀྱི་རྒྱུད་པ་ཞེས་ཞྭ་མོ་གཡོགས། འདི་ནི་ངས་རྒྱུན་དུ་སེམས་ཁྲལ་བྱེད་ས་གཙོ་བོ་ཡིན། སྒྲོལ་དཀར་ལ་ཞྭ་མོ་གཡོགས་མཁན་ཡང་རྣམ་རྒྱལ་ཚེ་རིང་ཡིན་ཏེ། ཉིན་ཞིག་ལ་ཡིག་ཆེན་ཚགས་པར་ཞིག་གི་ཐོག་ཏུ་མི་འགའ་ཡི་མིང་བཀོད་འདུག་ཅིང་། མིང་ཐོ་དེ་དག་གི་ནང་དུ་སྒྲོལ་དཀར་གྱི་མིང་ཡང་བཀོད་འདུག དགོང་མོ་དེར་སེ་ཚང་གི་ཨ་ཁུ་བློ་བཟང་བཟོད་པ་དང་། ནགས་པ་ཚང་གི་ཕ་ཡོན་ཏན། ངེད་ཚང་གི་སྒྲོལ་དཀར་གསུམ་མི་མང་འཚོགས་པའི་དབུས་སུ་ལངས་སུ་བཅུག་པ་དང་། རྣམ་རྒྱལ་ཚེ་རིང་གི་ལག་ཏུ་མིང་ཐོ་བཀོད་པའི་ཤོག་ལྷེ་ཞིག་ཐོགས་ཏེ་གསར་བརྗེར་ངོ་རྒོལ་བྱེད་མཁན་དང་ལྷ་འདྲེ་གདོན་བགེགས་ཀྱི་རྨོངས་དད་སླར་གསོ་བྱེད་མཁན། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་ལམ་ལུགས་ལ་མི་མོས་པའི་རྣམ་འགྱུར་གཏོན་མཁན་རྣམས་མགོ་གཏིང་སློག་དགོས“ཞེས་འབོད་སྐུལ་བཏང་། ལྷག་ཏུ་སྒྲོལ་དཀར་གྱི་མིང་ནས་བོས་ཏེ་མོ་ནི་དཔོན་ངན་མ་རྩ་རིང་ལུགས་ཀྱི་རྒྱུད་པ། འབྱོར་མེད་གྲལ་རིམ་དང་གསར་བརྗེའི་ཡང་དག་པའི་ལངས་ཕྱོགས་ལ་མི་དགའ་མཁན། ད་དུང”ཞེས་བསམ་ཡུལ་ལས་འདས་པའི་མ་ཉེས་ཁ་གཡོག་མང་པོ་བྱས་ཤིང་། མཇུག་མཐར་དཔོན་ངན་མ་རྩ་རིང་ལུགས་ཀྱི་རྒྱུད་པ་སྒྲོལ་དཀར་ལ་འཐབ་རྩོད་བྱེད་དགོས་ཞེས་ངར་སྐད་བསྒྲགས་སོང་། ང་ནི་རྒྱུན་དུ་ཉམ་ཆུང་ནུས་མེད་ཀྱི་མི་ཞིག་ཡིན་པའི་ཁར་གསར་བརྗེའི་སྔོན་ཐོན་མི་སྣའི་གྲལ་ལའང་ཚུད་མེད་པས། དུས་སྐབས་དེ་འདྲ་ཞིག་ལ་ཆུང་མ་སྐྱོབས་ཐུབ་པའི་ནུས་པ་ཞིག་གང་ན་ཡོད། ཕྱིས་ནས་མི་འགའ་ཞིག་གིས་བཤད་པ་ལྟར་ན་དེ་དུས་ང་ནི་“བོང་བུ་མགོ་ལ་དབྱུག་པས་ཞུས་པ་ལྟར”ངག་ནས་ཚིག་གཅིག་ཀྱང་མི་ཐོན་པར་ཁ་གདང་ཞིང་མིག་ཅེར་ནས་བསྡད་འདུག་ཟེར།
       འོན་ཀྱང་། སྟབས་ལེགས་པ་ཞིག་ལ་དེ་ནུབ་མང་ཚོགས་ཀྱིས་སྔོན་མ་ལྟར་ཤུགས་དྲག་ཆེ་བའི་འཐབ་རྩོད་བྱས་མ་སོང་། ནུབ་མོ་དེར་སྒྲོལ་དཀར་ལ་རྣམ་རྒྱལ་ཚེ་རིང་གིས་རྡོག་ཐོ་འགའ་ཞུས་ཡོད་པ་ཕུད་མི་གཞན་གྱིས་རྡུང་རྡེག་ཆེན་པོ་བཏང་མི་འདུག ངེད་གཉིས་ནང་དུ་ཐོན་སྐབས་སྒྲོལ་དཀར་གྱིས་ང་ལ་ཚེ་དབང་དོན་དག་འདི་“གནམ་ཆར་ས་བབས་”ཡིན་པ་ལས་ང་རང་གཉིས་གཅིག་པུར་བྱུང་བ་མིན་པས། ཁྱོད་སེམས་ཁྲལ་བྱེད་དགོས་དོན་མེད་ཅེས་སེམས་གསོ་གཏོང་གི་འདུག ཆུང་མས་དེ་ལྟར་སེམས་གསོ་བཏང་ཡང་ང་ལ་སེམས་ཁྲལ་མེད་པ་ཡོང་ག་ལ་སྲིད། ཕྱི་ཉིན་ང་རུ་ཆེན་གྱི་ཀྲི་པུའུ་ཧྲུའུ་ཅི་དོན་གྲུབ་ཀྱི་སར་ཕྱིན་ཞིང་། ངའི་ཆུང་མ་སྒྲོལ་དཀར་ནི་འབྲོང་ཚ་དཔོན་གྱི་སྲས་མོ་ཡིན་ཡང་ཆུང་དུས་ནས་ང་དང་མཉམ་དུ་བྲོས་བྱོལ་ལ་སོང་བས། མོ་ལ་དཔོན་ངན་མ་རྩ་རིང་ལུགས་ཀྱི་ནག་ཉེས་མེད་ཚུལ་གླེང་བ་དང་། གཞན་ང་རང་གི་ལོ་རྒྱུས་གཙང་མ་ཡིན་ཚུལ་སོགས་བཤད་དེ་ཁྱེད་ཀྱིས་མགོ་འདྲེན་མཛད་རོགས་ཞེས་ཞུ་བ་ཕུལ། དོན་གྲུབ་ངེད་གཉིས་སྔོན་མ་ཅུང་འདྲིས་པོ་ཡོད་པས་ཁོ་ནི་རྣམ་རྒྱལ་ཚེ་རིང་དང་མི་འདྲ་བར། ཚེ་དབང་ཁྱོད་སེམས་ཁྲལ་མ་བྱེད་ངས་གང་ཡོང་ཅི་ཡོང་གིས་རོགས་སྐྱོར་བྱེད་ཆོག་ཟེར། དོན་གྲུབ་ཀྱི་བཀའ་དྲིན་ལས་སྒྲོལ་དཀར་ལ་ཞྭ་མོ་ལག་གཟུང་ཙམ་ལས་དངོས་སུ་མི་ངན་གྱི་ཞྭ་མོ་གྱོན་དགོས་མ་བྱུང་བས། སྔོན་མ་ལྟར་རྡུང་རྡེག་མྱངས་དགོས་མ་བྱུང་། ཕྱིས་སུ་མི་གཞན་གྱིས་བཤད་པ་ལྟར་ན་རྣམ་རྒྱལ་ཚེ་རིང་གིས་སྒྲོལ་དཀར་ལ་དེ་ལྟར་སྡང་དོན་ནི། ཁོས་ཚུལ་མིན་གྱི་རེ་བ་བཅངས་པ་དེར་སྒྲོལ་དཀར་གྱིས་དང་ལེན་མ་བྱས་པས་རེད་ཟེར། འོན་ཀྱང་ངའི་ཆུང་མས་ང་ལ་དེའི་སྐོར་ནས་བཤད་མྱོང་མེད། གཅིག་བྱས་ན་སྒྲོལ་དཀར་གྱིས་དེའི་སྐོར་ནས་མ་གླེང་བ་དེ་ང་ལ་སེམས་སྡུག་མི་ཡོང་བའི་ཆེད་དུ་ཡིན་སྲིད་པ་རེད། རྒྱུན་དུ་ངའི་ཆུང་མར་གོམས་གཤིས་ཤིག་ཡོད་པ་ནི་ཕན་ཐོགས་མེད་ན་ངའི་སེམས་ལ་སྡུག་བསྔལ་སྐྱེད་པའི་སྐད་ཆ་བཤད་མི་སྲིད། གང་ལྟར་དེ་དུས་རྣམ་རྒྱལ་ཚེ་རིང་གིས་སྒྲོལ་དཀར་ལ་ཤིན་ཏུ་སྡང་པོ་བྱེད་ཀྱིན་འདུག་ཟེར།
       ཕྱིས་ནས་ཁྱེད་ཚང་དང་། དོན་ཡོད་ཚང་། རྣམ་རྒྱལ་ཚེ་རིང་བཅས་ཇི་ལྟར་བྱུང་བའི་སྐོར་ནས་གསུངས་གནང་རོགས། ངའི་གྲོགས་པོ་ཉི་མས་རྒད་པོ་ཚེ་དབང་ལ་ཡང་བསྐྱར་དེ་ལྟར་དྲིས་སོང་། དེར་རྒད་པོའི་མིག་མཐར་མཆི་མ་འཁོར་བཞིན་ནམ་མཁར་ལྟ་བ་ལས་ཡུད་ཙམ་ལ་ཅི་ཡང་མ་བཤད། ཁོས་མིག་གིས་ནམ་མཁར་ལྟ་བ་ནི་མིག་ཆུ་མི་ལྷུང་བའི་ཆེད་དུ་ཡིན་པ་འདྲ། ཅུང་འགོར་རྗེས་རྒད་པོས་འདི་ལྟར་སྨྲས། ངས་འུད་ཤོབ་བཤད་པ་མིན། ངའི་ཆུང་མ་ནི་སྔོན་མ་འབྲོང་ཚ་སྡེ་བ་ནས་ཡག་མོ་སྒོ་ཐད་ལ་སྐད་གྲགས་ཆོད་ཡོད་ཅིང་། རྗེས་མ་གསེར་ལུང་སྡེ་བའི་བུ་མོ་ཚོའི་ནང་ནས་ཀྱང་དངོས་གནས་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟ་བུ་ཡིན། མོ་རང་ཕྱི་ཚུལ་མཛེས་པ་གཅིག་པུ་མ་ཡིན་པར་ཤེས་རྒྱ་ཆེ་ལ་རང་ཚུགས་བརྟན་ཞིང་སེམས་པ་བཟང་བས། “དུད་སར་ཚང་གི་སྒྲོལ་དཀར”ཞེས་གསེར་ལུང་སྡེ་བར་སྐད་གྲགས་ཆོད་ཡོད་ལ། སྔོན་མ་འབྲོང་ཚ་སྡེ་བ་ནས་ཀྱང་དེ་ལྟར་སྐད་གྲགས་ཆོད་ཡོད་ཟེར། དེ་ནས་སྐད་གདངས་ཅུང་སྙོམ་པའི་སྒོ་ནས་ལོ་དེར་ངའི་ཆུང་མར་མངལ་འཁོར་ཡོད་ཅིང་རྗེས་སུ་བུ་མོ་ཞིག་བཙས་པ་ནི་འདི་ཡིན་ཞེས་ཁྲིས་སུ་ཡོད་པའི་བུ་མོ་དེའི་མགོ་རུ་ལག་པས་བྱིལ་བྱིལ་བྱས། མཚམས་འདིར་ཐོན་སྐབས་རྒད་པོ་ཚེ་དབང་གི་མིག་ལས་མཆི་མ་རྡོག་པོ་འགའ་ལྷུང་བ་མཁུར་མགོ་ནས་མར་གྲིལ་ཏེ་ཅི་ཡང་མི་སྨྲ་བར་གྱུར། ངའི་སེམས་ལ་རྗེས་ནས་རྒད་པོ་ཚེ་དབང་གི་བཟའ་ཟླ་སྒྲོལ་དཀར་ཇི་ལྟར་འགྱུར་བའི་སྐོར་དང་། གཞན་རྣམ་རྒྱལ་ཚེ་རིང་དང་དོན་ཡོད་བུ་སྤུན་གཉིས་ཇི་ལྟར་གྱུར་ཡོད་པ་སོགས་ཉན་འདོད་བྱུང་ཡང་། རྒད་པོའི་མིག་ལས་མཆི་མ་ལྷུང་ཞིང་མགྲིན་པ་བརྣངས་ཏེ་ངག་སྒོ་མི་ཁྲོལ་བ་མཐོང་བས་རྗེས་ཕྱོགས་ཀྱི་ལོ་རྒྱུས་རྣམས་འདྲི་མ་ཕོད། ངས་གྲོགས་པོ་ཉི་མས་དེའི་སྐོར་ནས་དྲི་བ་ཞིག་འདོན་པའི་རེ་བ་བྱས་ཀྱང་། ཁོ་ཡང་མགོ་བོ་དུད་དེ་འདུག་པ་ལས་ཅི་ཡང་མི་ཟེར་བར་བལྟས་ན་ཕལ་ཆེར་མུ་མཐུད་དེ་འདྲི་ཕོད་ཀྱི་མེད་པ་འདྲ།
       ཕྱི་ལོར་གྲོགས་པོ་ཉི་མ་དུང་རི་རྫོང་ནས་ཁོ་རང་གི་ཕ་ཡུལ་འབའ་རྫོང་ལ་ལས་བསྒྱུར་བྱས་ཤིང་། ང་ཡང་རྫོང་སློབ་གསོ་ཅུའུ་ཡིས་འབྲོག་ཕྱོགས་ཀྱི་ས་ཆ་ཞིག་ལ་སློབ་གྲྭའི་དགེ་རྒན་བྱེད་པར་བཏང་བས་ངེད་གཉིས་ལོ་གཉིས་ལྷག་རིང་ཕན་ཚུན་ངོ་མ་ཐུག་པར་ལུས། ཁར་རྩང་གཟའ་འཁོར་སྔོན་མའི་ནང་གྲོགས་པོས་ང་ལ་ཡི་གེ་ཞིག་བསྐུར་བ་དང་ཡིག་ཀོག་གི་ནང་དུ་ངའི་འཕྲིན་ཡིག་ཕུད་ད་དུང་ཤོག་ལྷེ་འགའ་ཙམ་བཅུག་འདུག་པས། ངས་དང་པོ་ང་རང་གི་འཕྲིན་ཡིག་བཀླགས་ཤིང་། དེ་ནས་རིམ་བཞིན་ཡི་གེ་གཞན་པ་རྣམས་བཀླགས་པ་ཡིན། གྲོགས་པོས་བསྐུར་བའི་ཡི་གེ་ནི་ལོ་གསུམ་གྱི་གོང་ནས་ངེད་གཉིས་བྲག་དཀར་ཆུ་ཚན་དུ་འགྲོ་སྐབས་རྒད་པོ་ཚེ་དབང་ལ་ཁ་བརྡ་བྱས་པའི་སྐོར་གྱི་ཟིན་བྲིས་རེད། ཁ་བྱང་ལ་“བྲག་དཀར་ཆུ་ཚན་དང་རྒད་པོ་ཚེ་དབང་གི་ལོ་རྒྱུས་ཐོར་བུ་”ཞེས་བྲིས་འདུག ངས་ཡི་གེ་དེ་ཀློག་སྐབས་ལོ་གསུམ་གྱི་གོང་ནས་རྒད་པོ་ཚེ་དབང་དང་ཁ་བརྡ་བྱས་པའི་སྐོར་ལ་ཕྱིར་དྲན་བྱུང་ཞིང་། ད་དུང་ཁོའི་བཟའ་ཟླ་སྒྲོལ་དཀར་ཇི་ལྟར་འགྱུར་ཡོད་མེད་ཀྱི་སྐོར་ལ་ཡང་བསམ་བློ་ཞིག་གཏོང་དགོས་བྱུང་སོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།