སྙན་ངག་པ་ན་རོའི་སྙན་ངག་ཅིག
རྩོམ་པ་པོ།:ན་རོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-22 09:56:21
ཀློག་གྲངས།:
ཨ་མའི་དཔལ་ཡོན།
ན་རོ།
༡
ཡུལ་བསེ་ཆང་དུ་སྐྱེས།
ད་ལྟ་དགུང་ལོ་དྲུག་ཅུ་ཡིན།
ཞིང་མུའུ་བཅུ་དྲུག་ལྷག་གི་བདག་མོ་ཡིན།
སྐྱབས་འགྲོ་དང་དམིགས་བརྩེ་མ་འདོན་ཤེས་ལ།
དམངས་གླུ་རེ་འགའ་ཡང་ལེན་ཤེས།
ཚ་གསུར་ཕུད་རྒྱུ་ལ་ཤིན་ཏུ་དགའ།
དེ་ལས་གཞན་དུ།
ཡར་ཀླུང་ཁོག་ན་གཉའ་ཁྲི་བཙན་པོའི་མཚན་ཞིག་ཡོད་པ་མི་ཤེས་ལ།
ཡུལ་ཨ་རབ་ན་རྡོ་སྣུམ་ཡོད་པའང་མི་ཤེས།
ད་དུང་། དམངས་གཙོ་དང་ཚན་རིག་ཅེས་པར་གོ་བ་སྤུ་ཙམ་ཡང་མེད་པས།
ཚུལ་འདི། ངས་མོ་ཉིད་མིའི་རིགས་རིག་པར་མཁས་པ་ཞིག་ཡིན་ཟེར་དོན་དང་།
སྙན་ངག་འདིའི་དགོས་པའི་ཉིང་དགོས་ཀྱང་ཡིན།
༢
མཚན་སྨག་གི་ཞལ་ཁ་སྐར་ཁུང་ནས་འོད་ལམ་ལམ་གྱིས་འབྱེད་དུས།ངེད་སྤུན་མཆེད་དྲུག་པོ་ཨ་མའི་གཡས་གཡོན་ནས་ཉལ་ཏེ།
གནའ་སྔ་མོ་སྔ་མོ་ཞེས་པའི་ངག་རྒྱུན་ལ་ཉན་ནས་ཡོད།
“དང་པོ་ཙ་ན། ས་ཆ་ཞིག་ཏུ་སྤུན་མཆེད་གཉིས་ཡོད།
ཐོག་མའི་དབུལ་ཕོངས་དང་བར་གྱི་བློ་བརྩོན་ལ་བརྟེན་ནས།
མཐའ་མར་བདེ་ཞིང་སྐྱིད་པར་གྱུར་ཏོ”ཞེས་མཇུག་བསྡུ་ཐེངས་རེར།
རྡོ་བའི་ཁེར་རྐྱང་དང་། རྩི་ཤིང་གི་ཁོག་འདར།
རི་རྒྱུད་ཀྱི་སྲུང་མ། ལྷ་ཡུལ་གྱི་ལ་མོ།
རྒྱུ་སྤུན་གྱི་བར་ཐག ཁྱིམ་མཚེས་ཀྱི་སྐྱོ་ཤས་མ་ལུས།
མཚན་མོ་མང་པོའི་གྲིབ་སོ་དང་འགྲོགས་ཏེ་རྒྱང་རིང་རྒྱང་རིང་ལ་བྱེར།
ནམ་གསལ་ཐེངས་རེར།
རྡོ་བའི་འཇམ་ཤ་དང་རྩི་ཤིང་གི་མཉེས་གཤིན།
རི་རྒྱུད་ཀྱི་དཔུང་གདང་། ལྷ་ཡུལ་གྱི་ཕྱེད་ཀ
རྒྱུ་སྤུན་གྱི་རྟེན་འབྲེལ། ཁྱིམ་མཚེས་ཀྱི་ཧ་ཧོ་བཅས་ཀྱིས་ང་རང་གཉིད་ལས་སློང་ཞིང་།
སྟོད་ན་དགོན་པ་ཡོད་པའི་བཀའ་དྲིན་དང་།
སྨད་ན་ཟ་ལར་ཆགས་པའི་རྒྱུ་མཚན་གྱིས།
བརྡ་རྙིང་གི་ངག་སྦྱོར་ལྷག་མ་ཞིག་ལ་ཐད་ཀྱི་འབྲས་རྡོག་མང་ཙམ་ཞིག་ཐོགས་ཡོད་དེ།
ཨ་མྱེས་མཐོན་པོ། བུ་མོ་ལྷ་རིས།
མ་ཎི་ཡིག་དྲུག གཤིན་རྗེ་ཆོས་རྒྱལ།
ཉི་མ་ལྷ་ས། ཤཱཀྱ་ཐུབ་པ། ལོ་ཏོག་གི་སྐྲག་དངངས།
ས་འཛིན་གྱི་དང་པོ། ཐོང་གཤོལ་ནས།
དུས་ད་ལྟ་ལ་བསམ་ན། གནའ་རྫས་དང་དུས་ཚོད།
ལོ་རྒྱུས་དང་རིང་ལུགས། རི་བོའི་ཕ་རོལ་དང་བསྟན་བཅོས་སོགས་སུ།
ཨ་མའི་གནའ་སྔ་མོ་ཞེས་པའི་དབྱངས་རྟ་ལས་སྙན་པ་ཅི་ཡང་མི་འདུག
ཐ་ན། ཏུན་ཧོང་ཡིག་རྙིང་གི་ནི་སྒྲའང་བག་ཙམ་ཞན་ཞན་དུ་སྣང་།
དེ་བས། ལྷ་སྒྲུང་གི་བཀྲག་མདངས་དང་། གཡུང་དྲུང་གི་སོ་ཁ།
སྤྱོད་འཇུག་གི་ས་བོན། འདུལ་བའི་འཐབ་ར་སོགས་ནི།
གནའ་སྔ་མོ་སྔ་མོ་ཞེས་པའི་ལྡེ་མིག་གི་གཟི་བྱིན་ཏེ།
ཕྱི་ནང་གསང་གསུམ་གྱི་ལྕགས་སྒོ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ཕྱི་མོར་གྲུབ།
འབྲུ་སྒམ་སྟོང་དུས་སྐྱོ་སྣང་ཕྲན་ཙམ་ཡང་མ་སྐྱེས་པར།
འབྲུ་སྒམ་ཁེངས་དུས་སྐྱོ་སྣང་ཅུང་ཟད་སྐྱེས་མཁན་དེ།
ཀུན་བཟང་སྒྲོལ་མ་རེད།
༣
དམར་ཆུང་བྱུ་རུ། ཟད་བཞིན་ཟད་བཞིན་ཡག་པར་མཐོང་ལུགས་དེ།མར་གྱུར་སེམས་ཅན་ཐམས་ཅད་སྒོམ་དུས་ཀྱི་སྣང་བ་འབའ་ཞིག་ཡིན།
པ་ཁི་སི་ཐན་གྱི་གཡུལ་འགྱེད། ཨིར་ལན་གྱི་མུ་གེ
རྩི་ཤིང་རྐང་གཅིག་གི་ཆག་རོ། ཁྱུ་བྲལ་ངང་མོ་ཞིག་གི་སྨྲེ་ངག
ཡོད་ཚད། བཅོ་ལྔ་གནང་གང་ཚེས་བརྒྱད་ཀྱི་གཟིངས་ལ་བཞག་སྟེ།
འཇིག་རྟེན་ལོ་ལེགས་ཀྱི་དཔལ་དུ་འཇུག་དུས།
ཁམས་གསུམ་གྱི་ཁམས་ཆེན་པོ་ན།
རྒྱ་ཁབ་རྐང་གཅིག་གི་སྡུག་ཡུས་གླན་སའི་ལྷན་པ་ཞིག་ཀྱང་མི་འདུག
སྡེ་བའི་སྲང་ལམ་ན་མངོན་པའི་རྡོ་ལོག་དེ་དག
དུས་ཚོད་ཀྱི་ཕག་ཏུ་སྤུངས་ཟིན་པས།
སུ། ཐང་ལ་འགྱེལ་ནའང་། རྨས་ལྕི་མོ་ཞིག་ཕོག་མི་སྲིད།
དེ་ནི། ཨ་ཧྥེ་རི་ཁའི་ཤིང་ལོ་དང་ཟིལ་བ་ལས་འཕྲོ་ཅན་གཉིས་ལ་ཕུལ་བའི་ལེགས་སྐྱེས་ཏེ།
ཚན་རིག་གི་རྒྱ་མཐོང་གིས་མི་ཟིན་ལ།
དམག་འཁྲུག་གི་གཡོ་དུས་ཀྱིས་མི་ལོན་པའི།
ཀུན་བཟང་སྒྲོལ་མའི་སེམས་པ་ཡིན། ནོར་བུ་ཡིན།
“མར་གྱུར་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ཨོཾ་མ་ཎི་པདྨེ་ཧཱོུཾ།”
ཡིད་ནས་རྒྱས་ཤིང་ངག་ནས་སྨིན་པའི་མཆོད་པ་འདི།
མཁའ་ཁྱབ་ཀྱི་རྩམ་ཆུ་ཕོར་པ་གང་གི་དོད་ཡིན།
“ང་ཚོ་གཅིག་ལ་སྒྲིལ་ཤོག
ང་ཚོ་གཉིས་ལ་སྒྲིལ་ཤོག
ང་ཚོ་སྣམ་བུ་དཀར་པོའི།
རྒྱུ་དང་སྤུན་ལ་སྒྲིལ་ཤོག”
ཐུབ་པའི་མདོ་སྔགས་དང་།
དཀོན་མཆོག་གི་ལུང་བསྟན།
ཡེ་ཤུའི་གསུང་རབ་སོགས་ནི།
ཀུན་ལ་བཀྲ་ཤིས་འཇོག་བྱེད་ཀྱི་ལམ་རིམ་ཡག་ཤོས་དག་རེད།
ཨ་མས། བཀྲ་ཤིས་ཀུན་གྱི་ཐོག་མ་གནམ་ལ་འཇོག་པ་ནི།
སྤྱི་ལོའི་སྔོན་གྱི་དུས་ཚོད་ཆེས་རྙིང་པ་དེ་ལ་འཛོམས་ཆིངས་ཡོད་པས་ཡིན།
དེ་ནི། མཐོ་ཚད་ཅིག
སྒྱུ་འཕྲུལ་ཞིག
ཆོ་ག་ཞིག
༤
ཐབ་ཀ་ལས་བྲག་མ་མཐོང་པས་དང་།གོ་ཁ་ལས་ཐང་མ་འགྲིམས་པའི་རྐྱེན་གྱིས།
མྱངས་ནས་མི་ཚར་བ་ནི་ཀུན་བཟང་སྒྲོལ་མ་རེད་ལ།
བྲིས་ནས་མི་ཚར་བའང་ཀུན་བཟང་སྒྲོལ་མ་རེད་ཨང་།
ཡོང་ཁུངས། ༢༠༢༡ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དུས་དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།