ཨ་ཁུ་ལོ་ལོན། འཇིག་རྟེན་སོ་རྙིང་མཚམས་ཀྱི་ཐོ་ཡོར།

རྩོམ་པ་པོ།:ཚྭ་རྡེའུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-03-16 09:39:31 ཀློག་གྲངས།:
       ཆུང་མའི་ཨ་ཕ་སྟེ། ངའི་གྱོས་པོ་ལགས་ཀྱིས་སྡེ་བའི་ནང་དུ་ཤིང་བཟང་གིས་གྲུབ་པའི་ཁང་པ་གྱན་བཅུ་བདུན་ཕུབ་ཅིང་། ཤིང་ཚོན་དམར་སེར་ལ་བཀྲག་རྩི་བཏང་སྟེ་འོད་ལམ་ལམ་དུ་བྱས་ལ། སུམ་བསྐོར་གྱིས་གྲུབ་པའི་ཁང་ཀླད་ཡོངས་སུ་ཤེལ་ཁྲའི་བླ་གབ་ཀྱང་ཞིབ་ལ་ཚགས་དམ་པ་དེ་འདྲ་བཟོས། ཁང་མིག་དང་ཁྱམས་འོག ལྷས་གཅལ་ཡོངས་སུ་དཔེ་གསར་གྱི་མཐིལ་ཤིང་རི་མོ་སྣ་ཚོགས་དང་ལྡན་པ་བཏིངས། དཀྱུས་མའི་དུད་ཚང་ཞིག་དང་ཡེ་མི་འདྲ་བར། རྒྱ་སྒོའི་གཡས་གཡོན་དང་ཡས་མཐའ་དག་ལ། རྫ་ཀྱོ་དམར་པོ་མིན་པའི་སྔོན་པོ། བར་རྒྱན་གྱི་རི་མོ་ལྟ་ན་སྡུག་པ་ཅན་དེ་འདྲ་བརྩིགས། གསོམ་ཤིང་རྐྱང་བས་གྲུབ་པའི་རྒྱ་སྒོ་ཆེན་པོར། སྟག་སེང་ཁྱུང་འབྲུག་དང་མིང་མི་ཐོགས་པའི་གཞའ་རིས་ཀྱི་རིགས་སྣ་ཚོགས་ཏེ། འབུར་རིས་དང་ཀོང་རིས་གྲངས་མེད་སྣོལ་མར་བསྡེབས་པ་དེ་འདྲ་བཟོས་འདུག་པས། སྡེ་མི་མང་པོ་སྐོར་ཚོ་དང་སྐོར་ཚོ་བྱས་ཏེ་བལྟ་རུ་ཡོང་བཞིན་འདུག་སྐད། བདེན་པ་འདྲ་སྟེ། ཁ་ཉིན་ཆུང་མ་དང་ལྷན་དུ་ཨ་ཁུ་ལོ་ལོན་ལ་བལྟ་རུ་སོང་དུས་ཀྱང་། སྡེ་བའི་རྒད་པོ་འགའ་ཁྱམས་འོག་ཏུ་བསྡད་དེ། མཚར་ཉམས་དང་བཅས་ཁང་པའི་བཞུན་ཆ་ལ་དཔྱད་པ་གཏོང་གིན་འདུག
       ངས་ཀྱང་དེའི་སྐོར་ཅུང་ཤེས་མདོག་ཁ་པོས། ཁང་མིག་རེ་རེའི་གཅོད་ཕྱོགས་ལ་མིག་ཉུལ་ཐེངས་འགར་བྱས་པ་ཡིན། ས་ཆ་འདི་རུ།ཁང་མིག་གཅོད་སྟངས་ལ་སྟེང་ཁང་དང་བར་ཁང་། གཞུང་ཁང་། འོག་ཁང་ལྟར་གྱི་འབོད་སྲོལ་དེ་འདྲ་མི་འདུག་པར། མཁོ་ཤག་ཤག་ཅིག་ལ། མཆོད་ཁང་དང་མགྲོན་ཁང་གཙོས་ཐབ་ཚང་སོགས་དཀྱུས་གཅིག་ཡིན་པ། ཉི་ལྡེབས་ལ་གཏད་དེ་ཡོད་པའི་མི་ཁང་ཞེས་པ་དེ་གལ་ཆེན་ཞིག་ཏུ་བརྩི། དེའི་ཕན་དུ། འབྲུ་ཁང་སོགས་ཁང་མིག་ཆེ་ཆུང་ལྟར་བཀར་བ། མིང་གི་རྣམ་གྲངས་ལ་ཡུལ་སྐད་འབྲིར་མི་བཏུབ་པ་མང་དག་ཅིག་འདུག་མོད། འདི་རུ་རྒྱ་ཆེར་བཤད་རྒྱུའི་དགོས་པ་ཆུང་། ངས་ཨ་ཁུ་ལོ་ལོན་ལ་སྲིབ་ཕྱོགས་སུ་བཅད་པའི་ཁང་མིག་ཆུང་ངུ་ཞིག་བསྟན་ནས། ཁང་པ་ཆུང་ངུ་ཀན་ཅི་བྱེད་ས་རེད་ལབ་པས། དགུང་ལོ་གྱ་ལྔ་བརྒལ་བའི་ཨ་ཁུ་ལོ་ལོན་གྱིས་ཅི་མི་སྙམ་པའི་གདེང་དང་བཅས་ང་ལ། ཁང་མིག་དེ་ནི་ཁོ་རང་འདས་དུས་བེམ་པོ་འཇོག་ས་རུ་བཅད་པ་ཡིན་ལ། སྲིབ་འཁྱག་ཏུ་འཁེལ་ཡོད་སྟབས། དབྱར་ལ་གཤིན་ལས་བྱེད་དགོས་བྱུང་ནའང་སྟབས་བདེ་ས་མང་པོ་འདུག་ཟེར། ངས་ཏབ་ཅིག་ལ་ཅི་ཞིག་བཤད་དགོས་པའང་ཤེས་མ་སོང་།
       ༢༠༢༢ལོའི་ཟླ༦པའི་ཚེས༡༨ཉིན་གྱི་ཕྱི་དྲོ་འདིར། ངས་ཨ་ཁུ་ལོ་ལོན་གཡུལ་ཁའི་ཟུར་དུ་ཡོད་པའི་སྒོ་ཞིང་གི་མཐའ་ལ་ཁྲིད་དེ། སོས་དལ་གྱིས་ཅི་འཕྲོས་མོལ་འཕྲོས་ལ་དབྱིངས་ཞུགས་ཏེ་བསྡད་པ་ཡིན། རིམས་ནད་ཀྱིས་རྐྱེན་བྱས་པས། ཟི་ལིང་དུ་ལུས་ནས་ཟླ་ངོ་གཉིས་ཙམ་ལ་ནང་དུ་འདུག་དགོས་བྱུང་། ནང་དུ་བསྡད་དྲགས་པས། ཞིང་གྲོང་གི་སོས་དལ་དང་བག་གཡེང་གི་འཚོ་བ་འདི་ལ་བླ་ལྷག་ཏུ་དུངས་པ་ཞིག་འདུག ཤིང་སྡོང་གི་གྲིབ་བསིལ་དང་ལྡན་པའི་སྒོ་ཞིང་ཆུང་ངུ་འདི། མཐོང་གཡེལ་ཆེ་ཞིང་བསིལ་དྲོད་སྙོམས། ཞིང་ལས་ཤས་ཆེར་གཉེར་བའི་ས་ཆ་རུ། སྒོ་ཞིང་གྲུ་བཞི་ཁྱིམ་གྱི་གཡང་དུ་འཛིན་ཁར། བོད་ཡུལ་བྱིངས་དང་འདྲ་བར། བགྲེས་པོ་དབུ་དཀར་ཡང་ཁྱིམ་གྱི་གཡང་དུ་བལྟ། ད་ལྟ། ངས་གཡང་ལ་གཡང་ཆགས་པའི་ཞིང་གྲོང་འདི་ནས། དུ་བ་རྐང་ཐུར་ཞིག་ཁ་རུ་བཙུགས། འདྲུད་ལྷམ་རྙིང་སོང་ཞིག་རྐང་མགོར་དྲུད། གོས་གསར་ལ་སྣང་དོགས་མེད་པར་ཞིང་ཚིགས་ནས་སྐྱིལ་གྲུང་དུ་བསྡད། སྒྲ་ལེན་འཕྲུལ་ཆས་ཀྱི་སྒོའང་ཁ་རོག་གེར་ཕྱེ་སྟེ། ཧ་ཅང་རྒྱུན་ལྡན་གྱི་གླེང་མོལ་ལྟར་དུ། འཇིག་རྟེན་སོ་རྙིང་གཉིས་ཀ་ཞྭ་གོན་གོན་དང་ལྷམ་འཕུད་འཕུད་བྱས་ཏེ་ཡོང་བའི་ཨ་ཁུ་ལོ་ལོན་གྱི་འགྲམ་པ་བསྒུལ་དགོས། ལས་རིགས་ཀྱི་དབང་གིས། མཐོ་དམན་བར་མའི་མི་བྱེ་བྲག་པ་རེ་རེར་སྐད་ཆ་ཇི་ལྟར་དྲི་དགོས་ཚུལ་དང་། ལབ་གླེང་ཇི་ལྟར་བྱེད་དགོས་ཚུལ། ལྷོད་ལ་ཇི་ལྟར་དབབ་ཏུ་འཇུག་ཚུལ། བཤད་མཚམས་དག་ཏུ་རམ་འདེགས་ཀྱི་སྐད་ཆ་ཇི་ལྟར་བསྣན་དགོས་ཚུལ་སོགས་ཏེ། ང་རང་མི་གཞན་ལ་ལབ་གླེང་ངང་རིང་དུ་བྱ་རྒྱུར་བྱང་གོམས་ཆེ། འགྲམ་པ་བསྒུལ་ཏེ་ཨ་ཁུ་ལོ་ལོན་གྱི་གཏམ་ཚོགས་ཁུངས་ནས་འབྲུ་བའི་ཐབས་རྩལ་གྱི་སྐོར་ནས། གྱོས་མོས་ཀྱང་ཧབ་ཆ་དང་བཅས་ང་ལ་ཁས་ལེན་ཐེངས་མང་བྱིན་མྱོང་། 
       ༡༩༣༧ལོར་སྐྱེས་པའི་ལོ་ལོན་གྱི་མིང་ལ་ཐུབ་བསྟན་ཞུ། ངས་ཨ་ཁུ་ཞེས་པའི་མིང་ཚིག་ཅིག་བླ་ཐབས་སུ་སྣོན་དོན་ནི། རུ་སྡེ་འདིའི་སྡེ་མི་ཚོར་ལད་མོ་བྱས་པས་ཡིན་ལ། སྡེ་མི་ཚོས་ཨ་ཁུ་ཟེར་དོན་ཡང་། ལོ་ན་ཆེ་བ་ཙམ་གྱིས་མིན་པར། ཁོང་ཡང་གོད་ཆག་སྐབས་སུ་སྐྱ་སར་ཕབ་པའི་རབ་བྱུང་བ་ཞིག་ཡིན་པས་རེད། སྡེ་བ་འདིར་ཁོང་ལས་བགྲེས་པའི་རྒན་པ་གཅིག་ཀྱང་མེད་ཁར། དབང་འདུད་ཆེ་ཞིང་ལབ་རྗེས་བཙན་པ་ལའང་ཁོང་འདྲ་བ་མེད་ལ། རླུང་ཁམས་ཆེན་པོ་ཅན་ལའང་ཁོང་འདྲ་བ་མེད། ཨ་ཁུ་ལོ་ལོན་གྱིས་ནམ་ཞར། ཁོ་ནི་གསེར་བཙོ་མ་ལྟ་བུའི་བཀའ་གདམས་གསར་མ་པ་ཡིན་ཞེས། ཅུང་ཁེངས་ཉམས་དང་བཅས་དགྱེ་དགྱེ་ཞིག་བཤད་ལ། ཁོ་པ་ཚོ་ཕུད་པའི་ཆོས་བརྒྱུད་གྲུབ་མཐའ་གཞན་དག་ནི་དེ་ཙམ་སྟེ། དེ་ཙམ་རེད་དོ་ཞེས། ཅུང་ཁྱད་གསོད་དམ་གུས་མེད་ཀྱི་ལབ་གླེང་ཡང་གང་འཚམ་བྱེད། དང་ཐོག ངས་ཨ་ཁུ་ལོ་ལོན་ནི་དགོན་པ་ཆུང་ཆུང་ཞིག་ཏུ་ཁ་ཏོན་ཙམ་དང་། ཆོས་སྤྱོད་འདོན་པ་རེ་ཟུང་ཉམས་སུ་བླངས་ཐོག གྲུབ་མཐའི་ཆགས་སྡང་ནི་རུས་པའི་གཏིང་ལ་ཟུག་སྟེ་ཡོད་མཁན་ཞིག་རེད་བསམས་མོད། ཕྱིས་སུ་ངེད་གཉིས་ཀྱིས་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་དམ་པ་དག་གི་རྣམ་ཐར་གླེང་དུས་ལ། ཁོས་ཀྱང་སྐྱོ་ཤས་ཆེན་པོ་དང་ཡིད་གདུང་དྲག་པོས། སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་དག་ལ་དད་པ་ཤུགས་ཆེར་བྱེད་ཅིང་། ཁ་མིན་དོན་གྱི་ཁས་ལེན་ཡང་རྩོད་མེད་དུ་བྱེད། སྒྲ་བསྒྱུར་མར་པ་དང་རྗེ་བཙུན་མི་ལ། ས་སྐྱ་པཎ་ཆེན། རྗེ་ཡབ་སྲས་སོགས་ཀྱི་རྣམ་ཐར་གནད་ཅན་མང་པོ་ནི། དད་པའི་འཁུན་བུ་དང་བཅས་ང་ལ་ཡང་ཡང་ལབ་རྒྱུ་འདུག
       ཆུང་མ་ཨ་ཁུ་ལོ་ལོན་གྱི་ཨ་མའི་རྣམ་ཤེས་ཡིན་པས། ལོ་ལོན་ནང་མི་མཐའ་དག་ལས་མོ་ལ་མདངས་རྩིས་ཤུགས་དྲག་ཏུ་ཆེ་ཁར། ང་ལའང་བརྩི་མཐོང་ཆེན་པོ་གནང་། ངེད་གཉིས་ཀྱིས་ཀྱང་། ཁོམ་སྐབས་སོགས་ལ་ཅ་ལག་སད་སུད་ཉོས་ནས་བལྟ་རུ་འགྲོ་རྒྱུ་ཆད་མེད་དུ་བྱས། ངས་དེ་དུས་ཤིག་ནས་མོའི་སར་ཨ་ཁུ་ལོ་ལོན་དང་འབྲེལ་བའི་གཏམ་ཉི་ཚེ་བ་མང་དུ་ཐོས་མྱོང་། གྱོས་པོས་ཁང་པ་གསར་བ་ཕུབ་སའི་དེང་སྐབས་ཀྱི་ཤུལ་འདིར། སྔོན་ཆད་ཨ་ཁུ་ལོ་ལོན་གྱིས་ཕུབ་པའི་ཁང་པ་ཡོད་ལ། སུམ་བསྐོར་དུ་བླངས་ཏེ་བཟོས་པའི་ཞིང་ལས་ས་ཁུལ་གྱི་ཁང་པ་འཁྲུལ་མེད་དེའི་ཐང་གཅལ་ནི། དེང་གི་ཡུག་གཅིག་ཏུ་བདེ་ཞིང་སྙོམས་པ་དེ་འདྲ་ཞིག་མིན་པར། ཁྱམས་ལྷས་དག་ཀྱང་སྟེང་དང་འགབ་གཉིས་སུ་ཕྱེ་སྟེ་བཟོས་ཡོད་ལ། ས་གྱང་རྐྱང་བས་གྲུབ་པའི་གཞི་མའི་ནང་དུ། ཁྱིམ་ཚང་གི་ཕྱུགས་ཁང་དང་ལོ་ལོན་གྱི་ཆབ་ཁང་གཉིས་ཀ་བྱས་ཆོག་པའི་ཁང་མིག་ཅིག་ཡོད་པ། ནམ་གུང་ངས་ཀྱང་ཁ་རོག་གེར་ལོངས་སུ་སྤྱད་མྱོང་། ན་ནིང་ཨ་ཁུ་ལོ་ལོན་ཁྲི་ཀའི་རྫོང་མཁར་དུ་རྒྱུན་སྡོད་བྱེད་སྒང་ལ། གྱོས་པོས་སྔོན་གྱི་ཁང་པ་རྙིང་བ་དག་ས་བཤིག་རྡོ་བཤིག་སྒོས། ས་ས་མལ་མལ་དང་རྡོ་རྡོ་མལ་མལ་བྱ་དགོས་བྱུང་བར། ཨ་ཁུ་ལོ་ལོན་གྱིས་ཕྱིས་སུ་ཁོ་ལ་ཁ་འཛིང་དྲག་པོ་བཏང་ཡོད་ཚོད་རེད། སྔོན་ཆད་དཀའ་སྡུག་གི་ཁྲོད་ནས་ཕུབ་ཅིང་། ས་རྡོར་ལག་པ་འཐབ་སྟེ་ཕུབ་པའི་ཤིང་ཁང་ཡག་པོ་ཐིགས་ཆུ་ཉག་ཅིག་མི་འཛར་བ། རྫ་དཀར་གྱིས་གྱང་ལྡེབས་གཡོག་པ། ས་བདག་སྙིང་གཏེར་གྱི་ཐིག་རྩ་འཕངས་ཏེ། ལྷ་ཀླུའི་ཁ་གནོན་ཚུན་ཆད་ཀྱི་ཆོ་ག་ལེགས་པོར་མཛད་ཡོད་པ་དེ་འདྲ་ཞིག་གང་དུའང་མེད། རང་འདོད་ཚ་པོས་དེ་ལྟར་བཤིག་པ་ལ་སྙིང་མི་ན་བ་མ་བྱུང་། ཨ་ཁུ་ལོ་ལོན་གྱིས་སྨན་བླའི་དཔེ་ཆའི་གླེགས་ཐག་སྡོམ་ཞོར་དུ། ང་ལ་དེ་ལྟར་ཡུས་འདོན་བཞིན་འདུག ངས་འཕྲལ་དུ་གཡུལ་ཁའི་ཁར་བཙུགས་པའི་ཨ་གར་གྱི་ལྗོན་ཤིང་དེ་བསྟན་ནས། འདི་དེ་དུས་ལྷས་གོང་མ་རུ་ཡོད་པའི་ཨ་གུར་གྱི་ཤིང་དེ་མ་རེད་དམ། ཨ་ཙི། ན་ནིང་བསྐམ་ལ་ཉེ་མོད། ཁྱོད་རྫོང་མཁར་ནས་ཡར་ལ་ཐོན་པའི་རྗེས་སུ། འདི་ལའང་གསོན་ཤུགས་རྒྱས་འདུག་ཅེས་ཁོང་གི་ཁ་གཅོལ་ཐབས་བྱས་པས། ཨ་ཁུ་ལོ་ལོན་གྱིས་ང་ལ་ཨ་གུར་གྱི་ལྗོན་ཤིང་དེའི་འབྱུང་ཁུངས་དང་རང་གི་བླ་ཤིང་ལྟ་བུ་ཡིན་རབས་སོགས། འཕྲོས་དོན་གྱི་ཁ་བརྡ་ཇ་ཡུན་ཙམ་དུ་བྱས་པས། གྱོས་པོར་གཤེ་གཤེ་གཏང་རྒྱུའི་སྐད་ཆ་མཐའ་དག་ལའང་རྦད་དེ་བར་ཆོད།
       ཨ་ཁུ་ལོ་ལོན་ལྭ་བ་དམར་སྨུག་གི་རིགས་ལ་ཤིན་ཏུ་དགའ་ལ། ཕུ་ཐུང་མེད་པའི་སྟོད་གོས་དམར་སྨུག་ལ་ལྷག་ཏུ་གཅེས་རྟིང་། གྲ་དག་ཡིན་པ་ལའང་ཚོད་ཅིག་མི་འདུག ངས་བསམས་ན། ཁོང་གིས་ཆུང་དུས་སྟོད་འགག་དང་བཅས་པའི་གྲྭ་ཆས་དམར་སྨུག་གི་རིགས་གོན་དྲགས་པས། སེམས་ཀྱི་ག་ཤེད་ཅིག་ཏུ། མདོག་དེར་ད་དུང་ཡང་དུངས་པ་ལྷག་མ་ཞིག་ཡོད་པ་འདྲ། སྒོ་ཕྱུགས་འཚོ་སྐྱོང་གི་འབྲོག་ལས་ཀྱང་ཡོད་ལ། རྨོན་འདེབས་ཕྲུ་སློག་གི་ཞིང་ལས་ཀྱང་གཉེར་བའི་འཇམ་པའི་ས་ཆར་འཚོ་བའི་ལོ་ལོན་དག་ནི། དགུན་མ་ཎི་ཁང་དང་ཉི་སྐྱིབས་སོགས་སུ་འཚོགས་ཏེ་ལབ་གླེང་བྱེད་ཅིང་། དབྱར་དང་སྟོན་གྱི་དུས་དག་ལ། ན་སོ་བགྲེས་ནས་ཁ་ས་རུ་ཐུག་སྟེ་བསྡད་ཡོད་ཀྱང་། ལོ་ལོན་ལ་སྡོད་དབང་དང་བྱིས་པ་ལ་གཉིད་དབང་མེད་པར། ཞིང་ཚིགས་སོགས་སུ་བྲོ་ཁ་སྐྱེལ་རྒྱུ་དང་། རང་ནུས་ཡོད་རྒུས་སྟོན་ལས་ལ་གཞོགས་འདེགས་ཤ་ཐང་བྱེད་མོད། ཨ་ཁུ་ལོ་ལོན་གྱིས་དེའི་སྐོར་ལ་སེམས་ཁྲལ་དེ་ཙམ་མི་བྱེད་པ་འདྲ་སྟེ། ཞོགས་པར་མལ་ལས་ལངས་མ་ཐག ཁོས་ཉིན་རྒྱུན་དུ་ལོ་གྱོན་མ་ཚར་སྟོང་ལ་ཉེ་བ་འདོན་ཞིང་། དེའི་འཕྲོར་སྐྱབས་འགྲོའང་སྟོང་ཚར་རེ་འདོན་ལ། རིམ་བཞིན། དགའ་ལྡན་ལྷ་བརྒྱ་མ་དང་དམིགས་རྩེ་མ་བརྒྱ་ཚར་རེ་དང་། ཚེ་ལྷ་རྣམ་གསུམ་གྱི་གཟུངས་སྔགས་ཀྱང་སྟོང་ཚར་རེ་འདོན་དགོས་པར་མ་ཟད། གསང་བདག་གི་སྔགས་ཁྲི་ཚར་རེ་དང་། སྨན་མཆོག་ཆེན་མོ་ཚར་གཅིག སྨན་བླ་ཐུང་བ་ཚར་བཞི་བཅས་འདོན་བཞིན་འདུག་པ། ལོ་ན་བཞི་བཅུ་ནས་ད་ལྟའི་བར་གྱི་ནངས་མོ་གཅིག་ལའང་ཆག་མྱོང་མི་འདུག་སྟེ། རྒྱ་ལ་སྡེ་བའི་དགྲ་ལྷའི་དཔང་བསྟོད་ཀྱི་ཆོས་ཚོགས་སྐབས་སུ་འདོན་ཆོས་མང་སྟེ། ཁ་ཏོན་ཚར་རེ་གཉིས་ཤིག་དུས་ལྟར་འདོན་ཁོམ་མ་བྱུང་ཚེ། ཁོས་ཉིན་འགའི་རྗེས་སུ་དེ་དག་ཆད་མེད་ཆག་མེད་དུ་ཁ་གསབ་བྱེད་ཀྱིན་འདུག ལེ་ལོ་དང་རྣམ་གཡེང་གིས་ཁྱེར་ཏེ། ལས་ཀ་ཅི་ལའང་མཐར་ཆགས་སུ་འཇུག་དཀའ་བའི་ང་ནི། ལོ་ངོ་བཞི་བཅུའི་རིང་ལ་ཁ་བཏོན་དེ་འདྲའི་མང་པོ་ནར་མར་འདོན་ཐུབ་པར་མཚར་སྣང་སྐྱེས། ཨ་ཁུ་ལོ་ལོན་གྱིས་བཤད་ན། ཁོང་ལ་ད་ལྟའི་དབར་ཆམ་པ་ལྕི་མོ་ཞིག་ཀྱང་ཕོག་མ་མྱོང་ལ། གཉིད་མི་ཡོང་བའི་སྡུག་བསྔལ་ཙམ་ཡང་མེད་པ་འདི་ཀོ མདོར་དེད་ན་ཁ་ཏོན་དེ་ཚོའི་དྲིན་ཡིན་ཟེར། བདེན་ཡང་སྲིད་དེ། ལོ་ངོ་བཞི་བཅུའི་རིང་ལ་ཁ་ཏོན་སྣ་ཚོགས་རྟག་འགྲུས་སུ་འདོན་མཁན་འདི་འདྲ་བ་ཞིག ད་ལྟའི་ཐ་གྲུ་ཐག་ཉེ་གང་དུའང་ཡོད་རེ་སྐན། གྱ་སྟོན་གྱི་ལོ་དེར། ཨ་ཁུ་ལོ་ལོན་གྱིས་སྨན་བླ་རིང་ཐུང་དང་བཅས་པའི་ལོ་ངོ་བཞི་བཅུའི་རིང་གི་ཁ་ཏོན་གྱི་གྲངས་ཀ་ཡོངས་རྫོགས་ཁྱེར་ནས། ས་གནས་ཀྱི་ཨ་ལགས་ཤིག་ལ་ཡར་མནོག་ཆོས་སུ་བསྔོ་བ་འབུལ་སྐབས་ལའང་། སྐུ་ཕྱོགས་ཀྱིས་དབུ་འཕྲེད་དུ་གཡུག་བཞིན། ཨ་ཙི། མཚར་རོ་མཚར་རོ་ཞེས་ཡང་ཡང་གསུང་གིན་འདུག་གོ།
       ཨ་ཁུ་ལོ་ལོན་ཁ་ཏོན་ལ་འཇོན་པ་ཇི་བཞིན་དུ། ཁ་འཐབ་ཀྱི་ཐད་དུའང་ཞིབ་མོ་རྣམ་འཐག་ཅིག་ཡིན། ཁོང་དང་ཁོའི་བཟའ་ཟླ་ཞིང་གཤེགས་མ་གཉིས་ཤུལ་ཆད་ཡིན་ལ། ངའི་གྱོས་མོ་ནི་ཁོས་རང་གི་གཅེན་པོའི་སར་བླངས་པའི་བུ་སྐལ་མ་དང་། གྱོས་པོ་ནི་སྡེ་བ་གཞན་ནས་ཚུར་མག་པར་བཞག་པ་དེ་འདྲ་ཡིན་འདུག རྨོངས་བློར། ཨ་ཁུ་ལོ་ལོན་ཆུང་དུས་དགོན་པ་ནས་ཁེར་འདུག་བྱས་པ་དང་། ཕྱིས་དགའ་འདུས་ཀྱི་བཟའ་ཚོ་དང་བུ་རྒྱུད་མ་བྱུང་བ། གམ་ན་ཡོད་མཁན་དག་རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་མིན་པ། གྱོས་པོ་གྱོས་མོ་གཉིས་ཀ་འཇམ་པོ་བལ་འདྲ་བ་ཞིག་ཡིན་པ་སོགས་ནི། ཁོའི་ད་ལྟའི་ཕང་མེད་སྣང་མེད་ཀྱི་རླུང་ཤེད་ཚ་པོའི་གཤིས་སྤྱོད་འདིའི་ཉེར་ལེན་ཡིན་པ་འདྲ། ཁོང་གིས་སྐད་འགྲགས་དང་བཅས་ཤི་ལྐུགས་གསོན་ལྐུགས་ལ་ལེན་ཐེངས་རེ་རེར། གྱོས་པོ་དང་གྱོས་མོས་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་འཛིན་ལ། ཉེ་ཚན་དག་ཀྱང་ཞེད་སྣང་ཚ་པོས་རྒྱང་ལ་བཀྱེད་ནས་འགྲོ། མེ་ཁ་འཛིན་སྟངས་དང་ཨོང་རིལ་ལེན་སྟངས། ཕྱེ་རྫི་སྟངས། མཐེབ་ཐུག་གི་སྲབ་མཐུག གཏུབ་ཤ་ཡི་ཆེ་ཆུང་སོགས་ཐབ་ཚང་གི་ལས་ཀའི་ཚུན་ཆད་ཀྱང་། ཡ་ཡོ་ཕྲན་ཙམ་མེད་པར་ཁོའི་ཚད་ཐིག་ཏུ་ལོངས་དགོས་ཏེ། ཨ་ཀྱོག་པ་ཀྱོག་དང་མགོ་བདེ་དྲན་འཁྲུལ་ཞིག་བྱས་ན་ནི། ཁོང་གིས་ཉིན་དཀར་ཉི་མ་འདར་བ། མཚན་མོ་ཟླ་བ་འདར་བ། ཉིན་མཚན་བར་ནས་སྐར་མ་འདར་བ་ཞིག་གཤེ་སྲིད། ལར་ཨ་ཁུ་ལོ་ལོན་གྱིས་ཉེ་ཚན་བྱིས་པ་དག་ལ། སྐད་ཅིག་དང་པོར་བྱམས་བརྩེའི་བྱིལ་བྱིལ་གནང་ཞིང་། སྐད་ཅིག་གཉིས་པར་གཅར་རྡུང་སྨོད་གསུམ་གྱི་གཡུལ་བཤམས་པའི་སྐོར་དེ། ང་ལ་སྟོན་ནམ་འདའ་བ་ཞིག་བཤད་རྒྱུ་འདུག་མོད་བསྐྱུང་བར་བྱ། ང་རང་ཆེས་དགོད་བྲོ་བ་ནི། ཨ་ཁུ་ལོ་ལོན་ཆུང་དུས་ནས་ཅི་ལའང་ཞེ་སྡང་ཚ་པོ་ཞིག་ཡོད་པ་ལ། ཉིན་ཞིག་ཞིང་ཚིགས་སུ་རླུང་འཚུབ་བྱུང་སྟེ་མགོ་ཡི་རྩྭ་ཞྭ་རླུང་གིས་ཁུར་བར། ཁོས་རླུང་ལ་སྡིགས་ཤགས་ཆེན་པོ་འཐེན་བཞིན་ཕར་བདའ་ཚུར་བདའ་བྱས་པ་དང་། ཞྭ་མོ་ལག་ལ་ཐོན་ཏེ་ཤེད་ཀྱིས་མགོར་གོན་པས། རྩྭ་ཞྭའི་ཀླད་པ་བརྡོལ་ནས་རང་གི་སྐེར་བསྐོན་པ་རེད་ལ། ཚུལ་དེས་ཁོ་ལ་ལྷག་ཏུ་རླུང་ལངས་ཏེ། རྩྭ་ཞྭ་ས་ལ་གཡུག་ནས་རྐང་བཅག་བྱས་པའི་སྐོར་དེ་དང་། ཡང་སྐབས་ཤིག ཨ་ཁུ་ལོ་ལོན་སྲིན་པོ་རྫ་རིར་བསང་གཏོང་དུ་འགྲོ་དུས་ལ། འགྲོ་རོགས་ལ་རྫ་དུག་ཕོག་སྟབས་བསང་རྫས་མཐའ་དག་ཁོ་གཅིག་པུས་འཁུར་དགོས་བྱུང་བ་དང་། དཀའ་ཚེགས་ཆེན་པོས་སྒང་ལ་ཐོན་དུས། རི་མགོ་སྨུག་པས་གཡོགས་ཤིང་ལྷགས་རླུང་རབ་ཏུ་རྒོད་ཁར། འབར་ཞུན་སྒམ་གང་མཐའ་མའི་རྐང་ཐུར་གཅིག་ལ་ཐུག་རག་ཏུ་བསང་མེ་གསོ་མ་ཐུབ་པས། ཁོས་ཞེ་སྡང་དྲག་པོས་ཨ་མྱེས་སྲིན་པོ་ལ། ཁོ་པ་དགའ་སྡུག་དང་བཅས་རི་རྩེ་འདིར་ཁྱོད་ལ་ལྷ་བསང་ཞིག་གཏོང་དུ་ཡོང་བ་ཡིན། ད་ནི་འབར་ཞུན་རྐང་ཐུར་གཅིག་ལས་མི་འདུག་སྟེ། བསང་མེ་ཞིག་གསོ་བའི་རོགས་དན་ཡང་མི་མཛད་ན། ཁོང་གིས་བསང་རྫས་མཐའ་དག་རླུང་ལ་བསྐུར་ནས་ཕྱིར་འགྲོ་རྒྱུ་ཡིན། ཁྱོད་ཀྱི་ཁ་ནང་ལ་ཐལ་བས་རྒྱོབས་ལབ་ཞོར། མཐའ་མའི་འབར་ཞུན་རྐང་གཅིག་མུ་ཟིར་དྲུད་པ་ན། གཞི་ནས་མེ་ལྕེ་ལམ་ལམ་གྱི་བསང་མེ་མགུ་གང་བ་ཞིག་འབར་སོང་ཟེར། འདས་དོན་དང་པོ་ནི་ཕྲན་ལ་གྱོས་མོས་བཤད་པ་ཡིན་ལ། གཉིས་པ་ནི་ལོ་ལོན་ཁོང་གིས་ང་ལ་དངོས་སུ་བཤད་པ་ཡིན།སྐད་ཆ་དེ་དག་དྲན་ཐེངས་རེ་རེར། ང་ལ་རྒྱུ་མཐིལ་གཟེར་བའི་ཁོང་དགོད་ཡོང་། ཞིང་ཚིགས་ཀྱི་རླུང་འཚུབ་དང་། ས་གནས་ཀྱི་ཆོས་སྐྱོང་གཞི་བདག་ཚུན་ཆད་ལའང་སྐད་འགྲགས་དང་བཅས་གཤེ་གཤེ་གཏོང་བའི་རླུང་ཁམས་པ་སྟེ། ད་ཆ་བདག་གི་མདུན་ཐད་དུ་ཁ་བརྡའི་གཞུང་ཆེན་གཤག་གིན་པའི་ལོ་ལོན་གཡང་ཅན་འདི་ཨང་། 
       ཁྱིམ་གྱི་ཆ་སྒམ་དུ་བཞག་པའི་པར་སྒྲོམ་ལ། སྔོན་ཆད་བླངས་པའི་ཨ་ཁུ་ལོ་ལོན་གྱི་པར་ཞིག་ཡོད། གདོང་མདོག་སྨུག་སིང་ངེ་བ་ལ་གཟས་ཏེ་གཟབ་ཉམས་བཏོད་ཅིང་། ཐེར་མ་རྒྱ་སྨུག་གི་བོད་ལྭའི་ཐུ་འདབས་སུ་སྣམ་བུ་སྟེ། ཕྲུག་ཁྲ་ཞེང་གཅིག་སུམ་གཤགས་ཏུ་བཏང་ནས་མཐའ་རྒྱན་བྱས། སྐ་རགས་གསེག་གིས་བཅིངས་ཤིང་རྡོག་པར་རས་ལྷམ་གོན། ཞྭ་མོ་ལྗང་གུ་ཐོད་མཆུ་ཐུང་ཐུང་ལ། ནང་དུ་ལག་ཕྱིས་བརྫངས་ཏེ་ཟུར་ཁ་ལྷང་ངེར་ཡོད་པ། སྔོན་ཆད་མཚོ་སྔོན་པོའི་ལྷོ་རྒྱུད་བྱང་རྒྱུད་མ་ལུས་པར་དཔེ་གསར་རྩོད་མེད་བྱེད་པའི། གསར་བརྗེ་དམག་མིའི་ཞྭ་མོ་དེ་འདྲ་བ་ཞིག་ཀྱང་གོན་ཏེ། དེ་འདྲ་གང་ཡིན་ཕོ་ཡག་ང་སྟེ་ན་ཟླ་གཞན་དག་གཟུགས་བརྙན་ཡིན། ལོས་ཟེར་འདོད་སྤྱད་ཀྱི་ཉམས་ཤིག་བཏོད་འདུག ངས་བསྟན་བཤིག་དང་བཅས། ཁྱོད་ཆུང་དུས་ཕོ་སྒོ་ཅན་ཞིག་ཡིན་པ་འདྲ་ལབ་པས། ཨ་ཁུ་ལོ་ལོན་གྱིས་གྲེ་བར་བསྐྱིལ་བའི་ཁ་ཏོན་མཚམས་བཞག་སྟེ། ང་ལ་སླར་ཡང་གཏམ་རྒྱུད་རིང་མོ་འཆད་མགོ་བརྩམས།
       རབ་བྱུང་གི་རྟེན་མ་བརྗེ་བའི་སྔ་རོལ་ལ། ཨ་ཁུ་ལོ་ལོན་དེང་གི་མདའ་བཞི་དང་དུར་ལམ། ཨ་རིག ཐེམ་ཆེན། མཚོ་སྔོན་པོའི་ཉིན་སྲིབ་སོགས་སུ་གྲོང་ཆོག་ལ་ཐེངས་མང་ཕེབས་ཡོད་ཚོད་རེད། ཁོང་གིས་རྟ་རྐྱང་རྐྱང་འགྲོས་ལ་དང་ལྷོད་མེད་པ་ཞིག་བཅིབས་ཤིང་། སྒ་སྟན་སྲབ་གསུམ་ཤིན་ཏུ་ཡིད་འཕྲོག་པ་རེ་སྤྲོས་ཏེ། གསེར་དངུལ་ཐང་སོགས་ཐད་དུ་བཅད་ནས་འགྲོ་སྐབས་དག་ཏུ། སྟེང་གི་མིའི་གཟུགས་བྱད་ལེགས་ཤིང་། འོག་གི་རྟའི་སྒ་སྟན་འཕྱོར་དྲགས་པས། ས་གནས་འབྲོག་དམངས་ཀྱིས་ལམ་བཀག་སྟེ། སྤྲུལ་བའི་སྐུ་ཞིག་ངེས་པར་རེད་བསམས་ཞོར་མཇལ་ཁ་ཞུས་པ་དང་། རྟའི་ཁ་ནས་བཟུང་སྟེ་ཇ་བཞེས་ལ་གདན་འདྲེན་ཞུ་མཁན་ཡང་མང་པོ་བྱུང་མྱོང་འདུག སྐབས་དེར་ཁོ་ངོ་ཚ་སྟེ་ཅི་བྱེད་འདི་བྱེད་མེད་པར་གྱུར་ཅིང་། སྤྲུལ་སྐུ་མིན་ཚུལ་ནན་བཤད་བྱས་ཀྱང་རྔོ་མ་ཐོགས་ཁར། ལམ་བར་ནས་དུས་ཚོད་འགྱང་རྒྱུར་སྐྲག་པ་དང་། འགྲོ་རོགས་ཀྱིས་ཀྱང་། ཐབས་མེད་ན་མང་ཚོགས་ཀྱི་རེ་བ་བསྐངས་ཀྱང་ཨེ་མི་དྲག་ཅེས་བཤད་པས། ཁོས་ཞེད་སྣང་དང་བཅས་མང་ཚོགས་ལ་མཇལ་ཁ་མང་པོ་བཞག་པ་སོགས་ཀྱང་། ང་ལ་མངོན་ལྐོག་དང་འཛེམ་ཟོན་མེད་པར་བཤད་ཀྱིན་འདུག བསྟན་བཤིག་ཚ་བ་ལ་ཨང་། འབྲོག་ཕྱོགས་སུ་སྤྱིར་ནའང་གྲོང་ཆོག་པར་ལག་ཡོང་འབེལ་ཙམ་ཡོད་རྟིང་། སྐབས་དེར་མདའ་བཞིའི་སྟོང་དཔོན་གྱིས་བཀས་བཅད་པའི་མངའ་སྡེ་དག་ཏུ། འདས་པོའི་གཤིན་ཆོག་ལ་བདུན་ཆོས་ཤིག་བཏོན་ཚེ་ཤ་བཟན་ཤེད་ཅན་ཞིག་གམ། ཡང་ན་སྒོར་ཉི་ཤུ་ནས་ཉེར་ལྔ་རག་ལ། སྨྱུང་གནས་ཤིག་སྲུང་ན་མ་མོ་ཞིག་གམ། ཡང་ན་སྒོར་བཅོ་ལྔ་རེ་རག་གིན་འདུག ཁོ་པ་ཅག་གྲོང་ཆོག་པ་འདོན་བཟང་རྐྱང་རྐྱང་ཡིན་པས། དུད་ཁྱིམ་རེ་རེའི་རིམ་གྲོ་སྣ་ཚོགས་ཀྱང་ཅི་འདོད་དུ་བསྒྲུབ་ཐུབ་ལ། སྔོན་གྲོང་ཆོག་ལ་ཐེངས་མང་སོང་རྟིང་། ཕྱིས་མགར་ལས་དང་ཤིང་བཟོ། འཚེམ་ལས། ཞིང་ལས་སོགས་ལའང་འཇོན་པའི་མཐར་ཐུག་ཅིག་བྱུང་ཞིང་། འཚོ་ཐབས་དམིགས་བསལ་བ་དེ་དག་ལ་བརྟེན། སྡེ་མགོ་ཚོ་མགོ་གང་ནས་གཞལ་ཀྱང་། ཕྱི་རྡིག་ནང་རྡིག་གིས་ལོངས་པ་ལ་ཁོ་ལྟ་བུ་ཞིག་མེད་ཟེར། དེ་སྔོན་དུས་འཁོར་དབང་ཆེན་ཞིག་གི་གླགས་སུ། ངས་གཟས་ཏེ་ཁོང་ཁྲིད་ནས་མཚོ་བྱང་གི་ས་ཆ་མང་པོར་ཤ་མྱུལ་ཤེའུ་མྱུལ་བྱས་པ་ཡིན་ལ། ཁྱི་རྒྱུག་ན་ཐང་ནས་རྡོ་མི་རྙེད་པའི་གསེར་དངུལ་ཐང་དུ། ཁོས་ཡུན་རིང་ལ་ངལ་གསོ་ཞོར་ཡར་བལྟ་མར་བལྟ་བྱེད་ཀྱིན་འདུག ཨ་ཁུ་ལོ་ལོན་ཨུ་ཐུག་ཞོར་མཇལ་ཁ་བཞག་པའི་ས་གནས་ཀྱི་མི་དེ་དག ད་ལྟ་འཇིག་རྟེན་འདིའི་གྲུ་ཁ་གང་ཞིག་ཏུ་ཡོད་སྲིད་དམ། ངས་ཀྱང་དུ་བ་ཞིག་འཐེན་ཞོར་དུ། དེའི་སྐོར་ལ་འདང་བརྒྱབ་ནས་བྲོ་ཡུན་ཙམ་དུ་འཇམ་ཅག་གེར་བསྡད།
       ༡༩༥༨ལོར། སྡེ་བའི་རྒན་པ་མང་པོ་མིག་གིས་མི་ཟིན་སར་བསྐྱལ། ལོ་གཞོན་ཕལ་ཆེར་འཕྲང་དམར་གྲོང་རྡལ་གྱི་བསམ་བློ་བཅོས་སྒྱུར་བྱེད་ས་རུ་མངགས། རླུང་འཚུབ་ཤིན་ཏུ་རྒོད་པས། ལོ་ན་ཉེར་གཅིག་ལ་བུད་པའི་ཨ་ཁུ་ལོ་ལོན་གྱིས་ཀྱང་། དགོན་པའི་མགོན་ཁང་དུ་མཆོད་མེ་བསྒྲོན་ཞིང་། དཔལ་ལྡན་ལྷ་མོར་དགོངས་འཁྲོལ་ཞུས་ཐོག མི་འདོད་བཞིན་དུ་ཆོས་སྒོ་ལས་འབུད་དགོས་བྱུང་། ཡིན་ནའང་། ཡི་གེ་ཚེགས་མེད་མཁྱེན་སྟབས་ཀྱིས། གཞུང་གི་ཁ་བཀོད་ལྟར་ལོ་དེར་མཚོ་ལྷོའི་ལག་རྩལ་སློབ་གྲྭ་རུ་འགྲོ་དགོས་བྱུང་ཞིང་། དེ་གར་ལོ་གཅིག་གི་རིང་དུ་ཞིང་ལས་དང་མགར་ལས། འཕྲུལ་འཁོར་ཞིག་གསོ་སོགས་ལ་ལྷོད་མེད་དུ་འབད་པ་བྱས། ཕྱི་ལོར་མཚོ་ལྷོ་དགེ་འོས་སློབ་གྲྭ་འགྲིམས་དགོས་བྱུང་ཡང་། ཕ་ཡུལ་དྲན་པའི་སྡུག་ཡུས་ཀྱིས་ཡུལ་དུ་ཟླ་ངོ་འགར་བསྡད་འཕྲོར། དེང་གི་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དུ་ཕྱིན་ཏེ། ཡུལ་གྱར་འབྲོག་དམངས་ཀྱིས་བསྐྱུར་བའི་ཕྱུགས་རིགས་ཁྲི་སྟོང་གི་རྫི་བོ་དང་སྨན་པའི་ལས་ཀ་གཉིས་པོ་དུས་མཉམ་དུ་གཉེར་ཞིང་། སྒོ་ཕྱུགས་བཤས་ནས་དམར་ཟས་རྐྱང་རྐྱང་ལ་རོལ་དགོས་བྱུང་སྟབས། སྐབས་ཤིག་ཤ་བཟའ་རྒྱུ་ཕར་ཞོག ལུག་རིག་ནའང་སྐྱུག་མེར་ལྡང་བའི་ཚོད་དུ་སླེབས་ཁར། ཕ་ཡུལ་གྱི་གོ་རེ་དྲན་ཏེ་མཚན་ཕྱེད་རྨི་ལམ་འཁྲུགས་པའི་ཚོད་ཅིག་བྱུང་ཟེར། དེ་གར་ལོ་གཅིག་ཟད་རྗེས་ཀྱི་ཕྱི་ལོ་སྟེ། ༡༩༦༠ལོར། ཨ་ཁུ་ལོ་ལོན་གྱིས་གཞི་ནས་མཚོ་སྔོན་མི་རིགས་སློབ་ཆེན་གྱི་སྒོ་འཕར་མནན་པ་ཡིན་འདུག་ཅིང་། ལོ་དེར་ཟི་ལིང་ལའོ་ཅ་ཝན་གནམ་ཐང་གྲུབ་སྟེ། མི་རིགས་སློབ་ཆེན་གྱི་སློབ་མ་མང་པོ་དགའ་བསུ་བྱེད་དུ་ཕེབས་པའི་གྲས་སུ་ཁོང་ཡང་འདུ་སྐད། ངས་ཨ་ཁུ་ལོ་ལོན་ལ། ལོ་འགའི་སྔོན་ནས་བཟུང་། མཚོ་སྔོན་མི་རིགས་སློབ་ཆེན་རྒྱ་བསྐྱེད་དེ། སྔོན་གྱི་རྫ་གྱོ་དམར་པོས་བསྐྲུན་པའི་སྔོན་གྱི་ཁང་རྙིང་མཐའ་དག་ཤུལ་མེད་དུ་བྱས་འདུག་ལབ་པས། ཁོ་ཏབ་ཅིག་གི་ཡུན་དུ་སྨྲ་མེད་ངང་བསྡད་བྱུང་། ༡༩༦༡ལོར། གཞུང་ཕྱོགས་ནས་ཁོ་ཚོ་མི་བརྒྱད་ཅུ་ལྷག་ཅིག སྔོན་ཆད་རྩེ་ཁོག་ཏུ་ཡོད་པའི་མཚོ་སྔོན་ཞིང་ཆེན་ཕྱུགས་ར་དང་པོར་བྱ་བ་བསྒྲུབ་ཏུ་མངགས་པ་རེད་ལ། ལམ་བར་ནས་ཁྲི་ཀ་བརྒྱུད་དུས་སུ། ཁོས་ཡུལ་དྲན་པར་ཁ་གཡར་ཏེ་ཁྱིམ་ལ་ཐོན་ཞིང་། དེ་ནས་བཟུང་སྟེ། ཁྱིམ་མིའི་ཁ་བཀོད་ལྟར་དུ། རྒྱལ་ཁབ་ཀྱིས་བགོས་པའི་གསེར་ཕོར་ཡང་ཕངས་མེད་དུ་འདོར་དགོས་བྱུང་སྟེ། ད་ལ་ཐུག་གི་བར་དུ། ཕྲུ་སློག་སོན་འདེབས་དང་ཕྱུགས་སྐྱོང་འཚེམ་ལས་ཀྱི་འཁོར་བའི་ནང་ནས་དུས་འདའ་བ་ཡིན་འདུག ལེགས་ཉེས་བཤད་ཀྱང་མི་ཤེས་ལ། བཤད་ཀྱང་ཚོད་ཀྱིས་མི་ཐིག་པའི་ལས་དབང་དང་གདམ་ཀ་དེ་དག་ཨང་།
       ཕྱི་དྲོའི་གྲིབ་ཆེན་སྒོ་ཞིང་གྲུ་བཞིར་སླེབས་པའི་བར་དུ། ངས་ཨ་ཁུ་ལོ་ལོན་ལ་ཟམ་མི་ཆད་པའི་སྐད་ཆ་སྣ་ཚོགས་ཡེངས་མེད་དུ་དྲིས་ཤིང་། ཁོང་གི་མཐོང་རེག་གིས་ཟིན་མྱོང་བའི་སྤྱི་ཚོགས་རྙིང་པའི་དཀའ་སྡུག་དང་མ་ཇག་ཚང་གི་གཤེད་ལས། ས་གནས་དཔོན་ཚང་དག་གི་ལོ་རྒྱུས་དང་བཅས་པའང་། རང་བློས་ལྕོགས་ཚོད་ཀྱིས་ཞེ་ལ་དམ་པོར་བཟུང་ཞིང་། འཛིན་དཀའ་བ་དག་ནི་ཡེ་གེས་ཐོ་རུ་བཀོད་དེ། མཚམས་ཚིགས་མེད་པར་ལབ་གླེང་འབེལ་ཙམ་བྱས། དུ་བ་སྒམ་གང་ཡང་དྲན་མེད་དུ་སྟོང་བར་ཆགས་འདུག་པས། གློ་དང་མིད་པ་མི་ཚ་བ་མ་བྱུང་།
       ཟླ་ངོ་འདི་ཚོར། འཇིག་རྟེན་སོ་རྙིང་གཉིས་ཀ་བརྒྱུད་མྱོང་ཞིང་། འཁྲིས་སུ་གཉོམ་ཤ་གྱི་ལེར་འཁོར་བའི་ལོ་ལོན་མང་པོ་ཞིག བསམ་དབང་དྲན་དབང་མེད་པར་འཕྲོ་རིམ་འཕྲོར་བཞུད་སོང་། ཁ་རྒན་བསམ་ཤེས་རེ་ཟུང་ནི། སྔ་དྲོར་ཡོད་ཤག་ཤག་ལ། ཕྱི་དྲོར་སྒྱུ་མའི་ལུས་རྟེན་དང་དོ་བྲལ་བྱས་ཏེ་འགྲོ། ང་ནི་ལས་བྲེལ་ཆེ་ཞིང་ས་མཐའ་ཡུལ་དུ་བྱས། འདྲིས་ཡུན་རིང་བའི་མི་དང་གཏན་བྲལ་བྱུང་ཐེངས་རེར། སེམས་ཀྱི་ཟབ་ས་ཀུན་ཏུ་སྡུག་གི་སྨག་མུན་གཡོ། ཞེ་སྡུག་པ་ལ་ཚད་ཅིག་མེད་ཚུལ་ནི། བུ་གཅིག་པུ་འདས་པའི་མ་ལྟ་བུ་རང་རེད་དོ། །
       གྱོས་མོས་སྐད་བརྒྱབ་སྟེ་ནུབ་འཚལ་འཐུང་དུ་འབོད་ཀྱིན་འདུག་པས། ངས་ཨ་ཁུ་ལོ་ལོན་ཁྲིད་ནས་ཕྱིར་ཁྱིམ་དུ་ལོག་པ་ཡིན་ལ། དམར་མདངས་འཕྲོ་བའི་སྲོད་ཁའི་ཉི་ཟེར་དང་གཟས་ཏེ་འོངས་པའི་རྒྱབ་རིའི་གྲིབ་ཆེན་གྱིས། འཇིག་རྟེན་གྱི་བས་མཐར་ཡོད་པའི་ལུང་ཁོག་འདི་དུམ་བུ་གཉིས་སུ་བགོ་བཞིན་འདུག རླུང་རྒྱུན་བསིལ་བསིལ་རྩེན་པའི་ས་སྲོད་འདིར། ཨ་ཁུ་ལོ་ལོན་གྱིས་ནམ་ཞིག་རང་གི་བེམ་པོ་འཇོག་ས་རུ་བཅད་པའི་ཁང་ཆུང་དེའི་སྒོ་ཁ་བརྒྱུད་དུས་སུ། ངའི་དོན་སྣོད་མཐའ་དག་སྨྲ་བསམ་བརྗོད་འདས་ཀྱི་སེམས་བྱུང་སྐྱོ་ཆོང་ངེ་བ་ཞིག་གིས་རབ་ཏུ་གཅུད་བྱུང་། འཆི་བྲོད་ཀྱི་གདེང་ཚོད་རྙེད་ཅིང་། འཆི་མེད་ཀྱི་བཙན་ས་ཟིན་པའི་མི་རྒན་འདི། ག་དུས་ཤིག་ལ། ཞེ་སྡང་ཚ་བོའི་སྐད་འགྲགས་དང་རྫོགས་རྒྱུ་མེད་པའི་གཏམ་ཚོགས་མཐའ་དག་ཁྱེར་དེ། ང་ཚོ་དང་གཏན་བྲལ་བྱ་སྲིད་དམ། ཚོད་ཀྱིས་ཐིག་ས་མ་རེད་དེ། ཚོད་ཀྱིས་ཐིག་ས་མ་རེད་ཨང་།

ཡོང་ཁུངས། ༢༠༢༢ལོའི«སྦྲང་ཆར»དེབ་བཞི་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།