ལྷུག་རྩོམ། རྩྭ་ཐང་།
རྩོམ་པ་པོ།:གཟི་མིག་དགུ་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2023-03-08 10:17:33
ཀློག་གྲངས།:
གཅིག
རྩྭ་ཐང་ཞེས་པ་རྣ་བར་ལྷུང་དུས། སྤྲིན་དཀར་གྱི་ལང་ཚོ་བརྐུ་བའི་ལུག་ཁྱུ་ཡིད་ལ་འཆར་ཡོང་ཞིང་མཚོ་ཆེན་གྱི་སྙིང་ཁམས་སྐྱོམ་པའི་སྦྲ་ནག་སེམས་ལ་འཛུལ་ཡོང་། རྩྭ་ཐང་ཞེས་པ་རྣ་བར་ལྷུང་དུས། རྨིག་བཞི་ཡིས་ས་ཆེན་རྡུང་བའི་རྟ་མཆོག་མིག་ལ་འཁོར་ཡོང་ཞིང་ཞོལ་རྩིད་ཀྱིས་མཚེའུ་དཀྲུགས་པའི་ནོར་གནག་ཞེ་ལ་ཐོགས་ཡོང་། རྩྭ་ཐང་ཞེས་པ་རྣ་བར་ལྷུང་དུས། གླུ་སྐད་ཀྱིས་རི་ཐང་བསྒུལ་བའི་འབྲོག་མོ་དྲན་ཡོང་ལ། ཀི་བསྭོ་ཡིས་ལབ་རྩེ་བསྟོད་པའི་སྟག་ཤར་རྙེད་ཡོང་། རྩྭ་ཐང་། ཁྱེད་ཀྱི་མཐའ་ཡས་པའི་བྲང་གཞུང་དེར་ཡབ་མེས་ཀྱི་རྣམ་ཤེས་གཟིམས་པ་བརྗོད་དུ་མེད་ལ། དཀྱེལ་ཡངས་པའི་སྙིང་ཁམས་སུ་གནའ་མི་ཡི་གཏམ་རྒྱུད་བོར་བ་གྲངས་ལས་འདས། ཁྱེད་ཀྱི་ཁོད་སྙོམས་པའི་སྒལ་གཞུང་དུ་ཇག་པའི་རྨི་ལམ་ལུས་ཤིང་། དཔའ་བོའི་བང་སོ་ལྷག་ལ། ལོ་རྒྱུས་ཀྱི་གཙང་ཆེན་བཞུར་བའི་བགྲང་བྱ་ཇི་སྙེད་རིང་། ཁྱེད་འདི་ལྟར། དུས་བཞིའི་ཚ་གྲང་གི་མནར་གཅོད་དང་འབྱུང་བའི་གཡོ་འགུལ་གྱི་ཆགས་འཇིག་ཁྲོད། ས་ཆེན་པོའི་པང་ཁུག་ཏུ་ཉལ་ཞིང་གནམ་སྔོན་པོའི་ཐུ་འོག་ཏུ་འགྲེང་ནས་ལོ་ཟླའི་གྲངས་ཀ་བརྩིས་པས། ཉི་འོད་ཀྱི་ཞུན་བརྡར་དང་ཆར་ཆུ་ཡི་གཙང་བཤལ། རྡུལ་རླུང་གི་དཔུང་འཇུག་སོགས་གང་གིས་ཀྱང་མ་འཇིག་པར་སྙིང་སྟོབས་ཆེན་པོས་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་འཐམ་བཞིན་སྐྱེ་འགྲོ་ཁྲི་སྟོང་ལ་ཞབས་ཕྱི་ཞུས་ཏེ་འོ་བརྒྱལ་བྱུང་སོང་ཨང་།
གཉིས།
རྩྭ་ཐང་ཞེས་པའི་ཐ་སྙད་འདི། གདོད་མའི་གདོད་མ་ནས་མི་རིགས་འདིའི་ངག་ནས་ཕྱུང་མིན་རྩོད་གླེང་མི་འདོད་ལ། སྤང་ལྗོངས་ཞེས་པའི་བརྡ་ཆད་འདི། སྔ་མོ་སྔ་མོ་ནས་མེས་པོ་ཚོའི་ལྕེ་རྩེར་ཐོགས་མིན་ཡང་དཔྱད་པར་མི་འདོད། གང་ལྟར། ཁྱེད་ཉིད་ས་ཆེན་གྱི་བྲང་གཞུང་དུ་བཏིང་བའི་ཉིན་དེ་ནས་བཟུང་། སྐྱེ་འགྲོ་གྲངས་མེད་ལ་གསོན་ཤུགས་སྦྱིན་ཞིང་། ཉི་ཟླའི་འགྲོ་འོང་ལ་སྐྱེལ་བསུ་བྱས་ཏེ། སྐར་ཚོགས་དང་འདྲ་ཞིང་སྐར་ཚོགས་ལས་མང་བའི་ཚེ་སྲོག་འབུམ་ཕྲག་ལ་ཡང་གནས་ཚང་གཡར་ཡོད་པ་བདེན་པས་གྲུབ། ད་དུང་ཁྱེད་ཀྱིས་གངས་མཐོན་པོའི་རི་བོ་པང་དུ་བཏེགས་ལ། མཚོ་སྔོན་མོའི་མེ་ལོང་རྒྱན་དུ་བཏགས། ཆུ་ཆེན་པོའི་བཞུར་རྒྱུན་སྐེད་པར་དྲངས་ནས་བཅོས་སུ་མེད་པའི་གདོད་མའི་རང་བྱུང་གི་སྒེག་ཉམས་ངོམ་བཞིན། ཤར་ནས་ནུབ་ལ་མཐུད་ཅིང་བྱང་ནས་ལྷོ་རུ་སྒྲིལ་བས་མེ་གླིང་དབུས་བྱང་དང་ཧྥེ་གླིང་ཚ་ཁུལ། ཡོབ་གླིང་ཤར་མ་དང་མེ་གླིང་ལྷོ་མ་སོགས་འཛམ་གླིང་ཧྲིལ་པོའི་བརྒྱ་ཆ་ཉི་ཤུ་རྩ་ལྔ་ཙམ་ལ་འཚོ་ཞིང་གནས་པའི་སྐྱེ་དངོས་དང་སྲོག་ཆགས་ཀྱི་བླ་སྲོག་འཚོས་ཡོད་ཨང་།རྩྭ་ཐང་། ཁྱེད་ལ་མཚན་ཉིད་འདོགས་ཚུལ་ཧ་ཅང་མང་སྟེ། གང་ཟག་ཕལ་ཆེ་བས་ས་ཁོངས་སམ་སྔོ་ཁེབས་ཀྱི་སྡེ་ཚན་དེ་དག་སྒོ་ཕྱུགས་ལ་འཕྲོད་པ་ཡིན་ཚད་རྩྭ་ཐང་ཞེས་བརྗོད་ཀྱིན་འདུག་ལ། ཡང་ལ་ལས་ཆབ་རོམ་དང་བྱེ་ཐང་། ནགས་ཚལ་དང་ཞིང་ཁ་བཟོས་པའི་ས་ཁུལ། རྡོ་གཡམ་གྱིས་ཁེངས་ཤིང་བྲག་རྡོ་ཡིས་བརྩེགས་ལརྒྱ་མཚོ་ཡིས་མ་བརླན་པའི་རང་བྱུང་སྔོ་ཁེབས་ཀྱི་སྡེ་ཚན་ཡོད་དོ་ཅོག་ལ་རྩྭ་ཐང་ཞེས་ངོས་འཛིན་བྱེད་མཁན་ཡང་འདུག དེ་ལས་ཅུང་འཐུས་ཚང་གི་མཚན་ཉིད་ཅིག་ནི་རྩྭ་ཐང་རིག་པ་ཞིབ་འཇུག་པས་གནམ་གཤིས་ཀྱི་དྲོ་གྲང་དང་བརླན་གཤེར། ས་བབ་མཐོ་ཚད། ཆར་ཆུའི་འབབ་གྲངས། ཉི་འོད་འཕྲོས་ཚད་སོགས་ཅི་རིགས་དང་འབྲེལ་ཏེ་རྩྭ་ཐང་གི་མཚན་ཉིད་འཇོག་བཞིན་པ་དེའོ། །
གསུམ།
རང་རེའི་ཨེ་ཤ་ཡའི་གླིང་ཆེན་དུ་གནས་པའི་མི་རྣམས་ཀྱི་སེམས་ངོས་སུ་འཆར་བཞིན་པའི་རྩྭ་ཐང་ཞེས་པ་ནི། སྔོ་ཁེབས་ཀྱི་སྡེ་ཚན་དུ་གྱུར་ཞིང་བྲག་རོང་དང་གཙང་པོ། གངས་འཁྱག་སོགས་ཀྱིས་མ་བསླད་པར་རྒྱ་མཚོའི་ངོས་ནས་མཐོ་ཚད་སྨི་སུམ་སྟོང་ཡན་ཡོད་ཅིང་འབྲོག་སྡེ་གནས་སྡོད་བྱེད་སའི་སྤང་ལྗོངས་ཁོད་ཡངས་ཤིང་རྒྱ་ཆེ་བའི་ཁོར་ཡུག་དམིགས་བསལ་བ་དེར་ངོས་འཛིན་པས་ན། རང་ཅག་འཚོ་ཞིང་གནས་པའི་མདོ་དབུས་མཐོ་སྒང་གི་རྩྭ་ཐང་ནི་རྒྱ་མཚོའི་ངོས་ནས་སྨི་བཞི་སྟོང་ལྔ་བརྒྱ་ཡན་ཡོད་ཅིང་། དེ་ནི་ཤིང་ནགས་མི་སྐྱེ་བར་རྩྭ་རིགས་འདྲ་མིན་དང་མེ་ཏོག་སྣ་ཚོགས་བཀྲ་ལ་དུས་བཞིའི་དབྱེ་བ་ཤིན་ཏུ་གསལ་བ། རྣམ་ཀུན་གྲང་རླུང་ལྡང་ཟུག་ཆེ་བའི་ས་ཁུལ་དེར་རྩྭ་ཐང་དང་། དེ་རུ་འཚོ་སྡོད་བྱེད་པའི་གྲོང་སྡེ་དང་ཡུལ་མི་རྣམས་ལ་འབྲོག་པ་དང་ས་མ་འབྲོག་ཟེར་བའི་ཐ་སྙད་ཅིག་གནའ་སྔ་མོ་ནས་ཆགས་ཡོད་པ་མ་ཟད། རྩྭ་ཐང་ནི་འབྲོག་པ་ཚོའི་ཚ་སོབ་སོབ་ཀྱི་གཞིས་ཁྱིམ་གཅིག་པུ་དེ་ཡིན་ཞིང་སྒོ་ཟོག་ནི་འབྲོག་པ་ཚོའི་སྣུམ་ཚིལ་ཚིལ་གྱི་འཚོ་རྟེན་ཁེ་རུ་མ་དེ་ཡིན་པ་དང་། དེ་བཞིན། སྒོ་ཟོག་གི་འཚོ་རྟེན་ནི་རྩྭ་ཐང་ཁོ་ན་ཡིན་པའི་རྟེན་འབྲེལ་ལྟོས་གྲུབ་ཀྱི་ཆོས་ཉིད་དེར་ངོས་ཟིན་པའི་ལོ་རྒྱུས་ནི་ཐུང་ཐུང་ག་ལ་ཡིན། གནའ་མི་ཚོའི་ངག་རྒྱུན་དུ། མགོ་ནག་རེ་ས་སྤུ་གནག་དང་སྤུ་གནག་རེ་ས་སྤང་སྤུ། འབྲོག་རྩྭ་ཐང་ཡོད་ན་ནོར་ལུག་མང་། རྩྭ་རམ་དཀར་ཕ་མའི་ཕ་མ་ཡིན་སོགས་ཁ་དཔེའམ་དམངས་གླུ་ཅི་རིགས་ཐོས་རྒྱུ་ཡོད་པས་འབྲོག་པའི་ཆགས་འཇིག་གི་ལས་དབང་མཐའ་དག་རྩྭ་ཐང་དང་འབྲེལ་ནས་ཡོད་པ་ཅིས་མི་རྟོགས།
བཞི།
ལོ་རྒྱུས་ཀྱི་གཙང་པོ་ལྷོད་ཀྱིས་བཞུར་ཞིང་དུས་རབས་ཀྱི་ཟེགས་མ་མཁའ་ལ་འཕྱོ་དུས། མ་བཅོས་གདོད་མ་ནས་གྲུབ་པའི་མི་སེམས་ཀྱི་གཏིང་རིམ་ནས་དུས་ཀྱི་ཟེགས་མས་བསྒུལ་མ་ཐུབ་པར་བསྲན་ཚུགས་ངང་ལུས་པ་ནི་འབྲོག་པ་གཅིག་པུ་ཡིན་ན། རྩྭ་ཐང་ནི་བསྲན་ཚུགས་ཀྱི་མི་གཤིས་ཅན་དེའི་རྒྱབ་ཕྱོགས་སུ་འགྱིང་པའི་གཞི་བདག་ནུས་མཐུ་ཅན་ཞིག་ཡིན་པ་སྨོས་མ་དགོས། དེ་ལྟར། རྩྭ་ཐང་གིས་འབྲོག་པ་སྲུང་ནས་ལོ་རབས་འདས་ཤིང་འབྲོག་པས་རྩྭ་ཐང་སྐྱོང་ནས་དུས་རབས་བརྒལ་ཡོད། ཇི་སྲིད་རྩྭ་ཐང་གི་མཛེས་སྡུག་མ་ཡལ་བར་དུ། དེ་སྲིད་འབྲོག་སྡེ་ཡི་རྣམ་ཤེས་ཡལ་བ་མེད་ཅིང་། ཇི་སྲིད་འབྲོག་སྡེ་ཡི་རྣམ་ཤེས་མ་ཡལ་བར་དུ། དེ་སྲིད་འབྲོག་སྡེ་དང་འབྲེལ་ཞིང་རྫོང་མཐུག་པའི་དམངས་སྲོལ་རིག་གནས་ཀྱི་མཁའ་དབུགས་ཉམས་པ་མེད། དེར་བརྟེན། རྩྭ་ཐང་ནི་འབྲོག་པའི་ཕྱི་ཡི་ལྕགས་རི་ཡིན་ཞིང་ནང་གི་ནོར་བུ་ཡང་ཡིན། རྩྭ་ཐང་ཡོད་པས་ཞི་ལྷོད་བག་ཡངས་སུ་རྒྱུ་བའི་རི་དྭགས་ཚོར་ལྷིང་འཇགས་ཀྱི་གནས་མལ་ཡོད་ཅིང་གུ་ཡངས་བག་ཕེབ་ཏུ་འཚོ་བའི་འབྲོག་པ་ཚོར་བདེ་སྐྱིད་ཀྱི་གཞིས་ཁྱིམ་ཡོད། རྩྭ་ཐང་ཡོད་པས་དཀར་ནག་ཕྱུགས་རིགས་ཀྱི་འབའ་ངུར་འཚེར་གསུམ་ཡོད་ལ། རྩྭ་ཐང་ཡོད་པས་གདོད་མའི་དབྱངས་འགྲོས་ལ་འཐམ་པའི་རྫི་བོའི་གླུ་སྐད་དང་ཇག་པའི་རྣ་ལམ་དུ་གཟན་པའི་སྒོ་ཁྱིའི་ཟུག་སྐད་ཀྱང་ཡོད་པ་རེད།རྩྭ་ཐང་ཡོད་པས་མཐིང་སྨུག་སྦྲ་ཡི་སྒོ་དར་དང་ལྷས་ཁྲ་མོའི་གདང་ཐག འདོ་བ་རྟ་ཡི་འཚེར་སྐད་དང་ཐུརལ་དཀར་འབྲི་མོའི་ངུར་རྒྱང་། གཡང་མོ་ལུག་གི་འབའ་སྒྲ་དང་བྲེ་སེར་འབྲོང་གི་རྭ་ཤེད་སོགས་རང་བྱུང་གིས་བཞེངས་ཤིང་རང་བྱུང་མ་ཡིན་པའི་འཇིག་རྟེན་གྱི་མཛེས་སྡུག་འདི་དག་ཡོད་པ་མ་ཡིན་ནམ། དེས་མི་ཚད། རྩྭ་ཐང་ལ་བརྟེན་ནས་འཚོ་ཞིང་གནས་པའི་སྐྱེ་དངོས་དང་འབུ་སྲིན། གཅན་གཟན་དང་རི་དྭགས། ཕྱུགས་ཟོག་དང་འདབ་ཆགས་སོགས་བགྲང་གིས་མི་ལང་པར། ཚང་ཁ་ཤིག་ཤིག་ངང་གཅིག་ལ་གཅིག་རྟེན་གྱིས་གནས་ཡོད་པས་ན། ད་གཟོད་རྩྭ་ཐང་ནི་ཐམས་ཅད་ཀྱི་འབྱུང་རྩ་དང་ཡོད་ཚད་ཀྱི་རྟེན་ས་ཡིན་པ་ངང་གིས་ཤེས། རྩྭ་ཐང་ནི་འབྲོག་པའི་འཛད་མེད་ཀྱི་བང་མཛོད་དང་རྫི་བོའི་སྒྱུ་རྩལ་གྱི་གར་སྟེགས་ཡིན། རྩྭ་ཐང་ནི་རྟ་ཕོའི་བང་རྩལ་གྱི་ཐང་ཆེན་དང་འབྲོག་མོའི་གླུ་སྐད་ཀྱི་ཕ་ས་ཡིན། ད་དུང་རྩྭ་ཐང་ནི་ཁེ་ལས་པ་ཚོའི་རྫོགས་མེད་ཀྱི་ཐོན་ཁུངས་ཡིན་ལ། ཡུལ་སྐོར་བ་ཚོའི་མིག་ཡིད་ཀྱི་དགའ་སྟོན་དང་ལུས་སེམས་ཀྱི་གནས་མལ་ཡིན། རྩྭ་ཐང་ཡོད་པས་ད་གཟོད་མེ་ཏོག་གི་མཚར་ཉམས་དང་གངས་རི་ཡི་གཟི་བྱིན། གཙང་པོ་ཡི་རླབས་ཕྲེང་དང་དྭངས་གཙང་གི་མཁའ་དབུགས་སོགས་ཡོད་ཅིང་རང་རྒྱལ་གྱི་རྩ་བའི་དབུ་ཁྲིད་མཆོག་གིས་སྣོད་བཅུད་འབྱུང་ཁམས་སྲུང་བའི་བཀའ་དགོངས་ཡང་རྩྭ་ཐང་དང་དམ་དུ་འབྲེལ་ཡོད་པ་མ་ཡིན་ནམ།
ལྔ།
རྩྭ་ཐང་ཞེས་པ་རྣ་བར་ལྷུང་དུས། སྒོ་ཟོག་ཟེར་བ་མིག་གིས་མཐོང་དུས། མར་ཕྱུར་ཞེས་པ་ཁ་རུ་བཟའ་དུས། སྦྲ་ནག་ཅེས་པ་ཡིད་ལ་དྲན་དུས། རྩྭ་ཐང་ནི་ཡོད་ཚད་ཀྱི་འབྱུང་རྩ་དང་ཐམས་ཅད་ཀྱི་རྟེན་ས་ཡིན་པ་ཅིའི་ཕྱིར་མི་རྟོགས། རྩྭ་ཐང་གི་འཇིག་ཉེན་གླེང་ཐེངས་རེ་ལ། འབྲོག་པ་ཙམ་མ་ཟད། རྩོམ་པ་པོ་ཚོའི་སྨྱུག་རྩེ་འགུལ་སྲིད་ལ། ཚན་རིག་པ་ཚོས་རྣ་བ་གཏོད་སྲིད། ད་དུང་འབྱུང་ཁམས་སྲུང་སྐྱོང་གི་འགན་འཁྲི་ཅན་ཚོའི་སྙིང་ཆུང་གི་འཕག་ཚགས་ལ་ཚོད་ཅིག་གང་ན་ཡོད། བགྲང་བྱ་མང་པོའི་གོང་ནས་འཛམ་གླིང་ས་ཕྱོགས་ཁག་གི་རྩྭ་ཐང་བྱེ་ས་ཅན་དང་ས་ནག་ཏུ་འགྱུར་བའི་རྒྱ་ཁྱོན་སྡོམ་རྩིས་བྱས་པའི་གྲངས་ཐོ་མ་རྙེད་རུང་། རྩྭ་ཐང་བྱེ་འགྱུར་གྱི་གནས་ཚུལ་ཉུང་ཉུང་ག་ལ་ཡིན། མིག་སྔར་རང་རྒྱལ་གྱི་མདོ་དབུས་མཐོ་སྒང་འདིའི་རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི་ཚོ་ཉེར་ལྔ་ཡོད་པའི་ནང་ནས་དངོས་སུ་བེད་སྤྱོད་ཆོག་པའི་བརྒྱ་ཆ་བདུན་ཅུའི་གྲངས་འབོར་དེར། ད་ལྟ་སྡོམ་འཐེན་གྱི་རྟགས་གང་ཞིག་འགོད་མིན་ནི་ཐེ་ཚོམ་དུ་གྱར་ཡང་། མིག་སྔར་འཛམ་གླིང་ཧྲིལ་པོའི་གནམ་གཤིས་ཀྱི་འགྱུར་ལྡོག་དང་མཁའ་དབུགས་ཀྱི་གཙང་བཙོག མིའི་བྱ་འགུལ་སོགས་གང་ནས་བལྟས་རུང་འཐེན་རྟགས་ཁོ་ན་བཀོད་རྒྱུ་ལས་མེད་པ་ངང་གིས་རྟོགས་ཡོང་། དེས་ན། འུ་ཚོས་ཅིས་ཀྱང་རྩྭ་ཐང་འདི་སྲུང་སྐྱོང་འོས་པ་ལས་གཏོར་སྐྱོན་མི་རུང་སྟེ། རྩྭ་ཐང་ནི་ང་ཚོའི་འཚོ་གནས་དང་དམ་དུ་འབྲེལ་ནས་ཡོད་པས་སོ། །རྩྭ་ཐང་དུ་གནས་འཆའ་བའི་སྲོག་ཆགས་གང་རུང་ཞིག་རྩྭ་ཐང་ནས་སྟོངས་པར་གྱུར་བའི་ཉིན་མོ་དེ་ནས་བཟུང་། རྩྭ་ཐང་དུ་འཚོ་བའི་སྲོག་ཆགས་གྲངས་མང་གི་ཚེ་སྲོག་ལ་འཇིག་ཉེན་འཕྲད་ཅིང་འགྲོ་བ་མིའི་རིགས་ཀྱི་འཚོ་གནས་ལ་ཡང་ཉེན་ཚབས་ཀྱི་སྔོན་བརྡ་གཏོང་བ་ཡིན།
དྲུག
དེ་ཡང་རྩྭ་ཐང་རིག་པ་ཞིབ་འཇུག་པས་རྩྭ་ཐང་འདི་ཉིད་ཉམ་ཉེས་སུ་འགྲོ་བའི་རྒྱུ་རྐྱེན་ཅི་རིགས་ཡོད་པར་སྨྲས་ཡོད་དེ། སྤྱིར་གོ་ལ་ཧྲིལ་པོའི་དྲོད་ཚད་ཀྱི་འཕོ་འགྱུར་དང་ཆར་ཆུའི་འབབ་ཚད་དོ་མི་སྙོམས་པས་རང་བྱུང་གི་གནོད་འཚེ་བྱུང་ནས་རྩྭ་ཐང་དུ་གནས་པའི་སྲོག་ཆགས་ཀྱི་རིགས་འགའ་ཤས་ཡོངས་སུ་སྟོངས་ཤིང་། དེ་དག་གི་གཉེན་པོར་གྱུར་པ་དག་ཀྱང་རང་བཞིན་ཤུགས་ཀྱིས་ལྟོགས་ཤི་ཐེབས་ནས་སྣོད་བཅུད་ཀྱི་འབྱུང་ཁམས་དོ་མི་སྙོམས་པར་རྩྭ་ཐང་གི་མཐའ་དབུགས་ཀུན་ནས་བྱེ་རླུང་ལྡང་བ་དང་ས་དོང་འབིགས་པ། གད་པ་ཆད་པ་སོགས་ཡ་ང་བའི་སྣང་ཚུལ་ཅི་རིགས་ཀྱིས་མཐར་སྒོ་ཕྱུགས་སེམས་ཅན་དང་རི་སྐྱེས་སྲོག་ཆགས་རྣམས་ཀྱི་བཟའ་བཅའི་འདང་ཚད་ལ་ཚད་བཀག་ཐེབས་འགྲོ་བས། དུས་དེར་རྟེན་འབྲེལ་ཆོས་ཉིད་ཀྱིས་གྲུབ་པའི་རང་བྱུང་ཁམས་ཆེན་པོའི་སྐྱོ་གདུང་གི་ངུ་སྐད་མི་ཡུལ་འདིར་འབྱིན་དགོས་ཐུག་ལ། སྐབས་ལ་ལར་སྒེར་སེམས་ཀྱི་ཁ་ཆེན་པོ་ཀུན་ལ་གདང་བའི་མིའི་རིགས་ཀྱིས་བྱ་འགུལ་སྣ་ཚོགས་ཀྱིས་གང་བྱུང་དུ་གཏེར་ཁ་སྔོག་པ་དང་རི་དྭགས་གསོད་པ། ལྕགས་དྲྭ་བསྐོར་བ། འཕྲུལ་ཆས་ཀྱི་རིགས་སྣ་ཚོགས་རྩྭ་ཐང་དུ་བསྐྱོད་དེ་སྤང་རྩི་མེད་པར་བཟོ་བ། ཨ་བྲ་དང་ཙི་ཙི་ལ་སོགས་རྩྭ་གཟན་གྱི་སྲོག་ཆགས་ཆུང་རིགས་ལ་དུག་སྨན་བཏབ་སྟེ་སྡེབ་གསོད་བཏང་བ་བཅས་རྩྭ་ཐང་ལ་གནོད་པའི་མནར་གཅོད་ཀྱི་གོ་རིམ་རེ་རེས། ད་གཟོད་རྩྭ་ཐང་གི་གློ་སྙིང་མཆིན་གསུམ་ལ་བཅོས་ཐབས་མེད་པའི་གཅོང་ནད་བཟོས་པ་ཡིན་ལ། རྒྱུ་རྐྱེན་དེའི་དབང་གིས་སྒོ་ཕྱུགས་ལ་གོད་ཁ་བྱུང་ནས། འབྲོག་སྡེའི་འཚོ་བར་འཇིག་ཉེན་འཕྲད་ཅིང་མཐའ་ཡས་པའི་རང་རྒྱལ་གྱི་རྩྭ་ཐང་འདི་དག་ཀྱང་བྱ་རྒོད་ཤ་ལ་རྔམ་སའི་མྱ་ངམ་ཐང་ཆེན་དུ་འགྱུར་མི་སྲིད་པའི་ངེས་པ་གང་ན་ཡོད། མ་ཟད་པར་ཉེ་བའི་བགྲང་བྱ་དུ་མའི་ཡར་སྔོན་ནས་འབྲོག་སྡེ་མང་པོས་ཇི་མི་སྙམ་པར་རྩྭ་ཐང་ལ་རྒྱང་ཐག་བཅད་ཅིང་ཕྱུགས་ཟོག་ལ་གྱེས་བརྡ་བཏང་ནས་གྲོང་ཁྱེར་གྱི་སྲང་མདོར་འཁྱམ་པའི་ཉིན་མོ་དེ་ནས་བཟུང་། རྩྭ་ཐང་ནི་སྤྱང་ལྟོགས་ཀྱི་ངུ་ཟུག་ཁོ་ནའི་དུར་སར་འགྱུར་བར་གཡབ་མོ་བྱས་པ་དང་ཀུན་ནས་མཚུངས་སོ། །
བདུན།
རྩྭ་ཐང་། འབྲོག་པ་ཚོ་ཁྱེད་ཀྱི་པང་ལ་འཚོ་དུས། འབྲོག་པ་ནི་བསམ་བློ་བ་ཡིན་ལ་སྒྱུ་རྩལ་བ་ཡང་ཡིན། ལག་ཤེས་ཅན་ཡིན་ལ་ཁེ་ལས་པ་ཡང་ཡིན། ཕྱུག་པོ་ཡིན་ལ་སྤྱང་པོ་ཡང་ཡིན། དེས་མ་ཚད་འབྲོག་པ་ནི་ལམ་ལུགས་དང་བསམ་ཤེས་ལྡན་པའི་མི་དམངས་ར་ཡབས་ཅན་ཞིག་ཡིན། འོན་ཀྱང་། འབྲོག་པ་ཚོ་ཁྱེད་ཀྱི་པང་ནས་བྲལ་དུས། འབྲོག་པ་ནི་འཁྱམ་པོ་ཡིན་ལ་སྤྲང་པོ་ཡང་ཡིན། གླེན་པ་ཡིན་ལ་ལྐུགས་པ་ཡང་ཡིན། མ་ཚད་སྒྲིག་ལམ་དང་ལུགས་སྲོལ་གང་ཡང་མེད་པའི་ཤེས་མེད་འཁྱམ་པོ་ཁྱུ་གཅིག་ཀྱང་ཡིན། ཁོ་ཚོས་བརྩེ་དུང་དང་སྙིང་རྗེ་མེད་པར། མ་འོངས་ལ་འདང་རྒྱག་མེད་པར། རྩྭ་ཐང་ལ་རྒྱང་ཐག་བཅད་པའི་ཉིན་མོ་དེ་ནས་བཟུང་སྟེ། རྩྭ་ཐང་དང་འབྲེལ་བའི་ཐ་སྙད་ག་ཚོད་དྭ་ཕྲུག་ཏུ་ལུས་ཤིང་འབྲོག་ལས་དང་འབྲེལ་བའི་རིག་གནས་ཅི་ཙམ་ཞིག་ཁུ་སིམ་སིམ་ངང་འཇིག་རྟེན་ཕ་རོལ་དུ་ཆས་ཟིན་པ་རྟོགས་ཨེ་བྱུང་། ང་ཡི་རྩྭ་ཐང་། ཞོགས་པའི་ཉི་ཟེར་གྱི་ཁྲོད་ནས་ཁྱེད་ཀྱི་མཚར་སྡུག་བཀླགས་པའི་གནའ་གཉན་རྐྱང་གསུམ། དགོང་དྲོའི་མཚམས་སྤྲིན་གྱི་ཀློང་ནས་ཁྱེད་ཀྱི་མཛེས་སྡུག་འཚོལ་བའི་རྟ་ནོར་ལུག་གསུམ། དུས་བཞིའི་འགྱུར་ལྡོག་གི་སྲུབ་ནས་ཁྱེད་ཀྱི་ལང་ཚོ་གླེང་བའི་རྨིག་ཆགས་ཡོད་ཚད་བསྐྱུར་ཏེ་འཇིགས་ཡེར་བའི་མྱ་ངམ་ཐང་དུ་མ་ཆས་དང་། ང་ཡི་སྙིང་ཉེ་བའི་རྩྭ་ཐང་། ཁྱེད་ཀྱི་པང་ནས་འཁྲུངས་པའི་ཤེས་རབ་ཅན་ཇི་སྙེད་ཅིག་སླར་ཡང་ཁྱེད་ཀྱི་པང་དུ་ལོག་བཞིན་འདུག་ལ། ཁྱེད་ཀྱིས་བརྩེ་བས་བསྐྱངས་པའི་རྒྱུ་འབྲས་ཅན་གང་མང་ཞིག་སླར་ཡང་ཁྱེད་ཀྱི་མལ་དུ་ལོག་མུས་རེད། ཁོ་ཚོས། ཁྱེད་ཉིད་ཁེར་རྐྱང་དུ་བསྐྱུར་བའི་འབྲོག་པར་འཁང་ར་འཆང་ཤིང་ཁྱེད་ཉིད་ཁེར་རྐྱང་དུ་ལུས་པའི་སྐྱོ་སྣང་ལ་གདུང་སེམས་སྐྱེས་བཞིན། ཚན་རིག་གི་དཔྱད་འབྲས་ཐོགས་ནས་མིའི་རིགས་ཀྱིས་ཁྱེད་ལ་བཟོས་པའི་གཅོང་ནད་དྲག་པོ་དེ་བཅོས་པར་འདོད་པ་མ་ཟད། བཅོས་དགོས་པའི་བསམ་བློའི་སད་རྟོགས་གསར་པ་དང་བཅོས་ཐབས་ཀྱང་རྙེད་ནས་འདུག་པས། ཁྱེད་ཅིས་ཀྱང་གསོན་དགོས་ཤིང་རྟག་ཏུ་གནས་དགོས། ང་ཡི་རྩྭ་ཐང་། ཁྱེད་ཡོད་པས་ས་ཆེན་ལ་མཛེས་སྡུག་ཡོད་ཅིང་མེ་ཏོག་ལ་མཚར་ཉམས་ཡོད། གངས་རི་ལ་འགྱིང་ཚུགས་ཡོད་ཅིང་མཚོ་མོ་ལ་འཛུམ་མདངས་ཡོད། ཁྱེད་ཡོད་པས་མདོ་དབུས་མཐོ་སྒང་གི་རི་ཀླུང་ཐང་གསུམ་དང་། གངས་རྫ་སྤང་གསུམ། དེར་གནས་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་གཏེར་ཁ། ཐ་ན་འབུ་སྲིན་སོགས་ཀྱང་ཡོད་པ་ཡིན་ལ། ཁྱེད་ནི་དེ་དག་གི་རྣམ་ཤེས་འཁོར་སའི་ཚ་སོབ་སོབ་ཀྱི་གཞིས་ཁྱིམ་ཙམ་དུ་མ་ཟད། དེ་དག་གི་ཉི་གཡོལ་དང་ཆར་གཡོལ། རླུང་གཡོལ། གངས་གཡོལ་བཅས་ཀྱང་ཡིན་ཆོག དེ་བཞིན་རྨ་འབྲི་རྫ་གསུམ་གྱི་རླབས་རྒྱུན་དང་ཆུ་བོ་དེ་དག་གི་རྒྱུད་ལ་གནས་པའི་མཐོ་སྒང་གི་ཞིང་འབྲོག་རིག་གནས། ད་དུང་གནམ་སྔོན་དང་སྤྲིན་དཀར། མཚོ་ཆེན་དང་མཚེའུ། གངས་རི་དང་སྨུག་སྤྲིན་བཅས་རང་བྱུང་ཁམས་ཆེན་པོའི་མཛེས་སྡུག་ཡོད་ཚད་ཡོད་པ་ཡིན།རྩྭ་ཐང་། ནམ་ཞིག་ཁྱོད་ཉིད་མེད་པར་གྱུར་ན། ས་ཆེན་པོའི་སྙིང་ཁམས་ནད་ཀྱིས་ཟིན་ཞིང་གནམ་སྔོན་པོའི་ཆར་ཆུ་གཏིང་ནས་སྐམ་འགྲོ་བར་མ་ཟད། འཛམ་གླིང་གི་གོ་ལ་འདི་ཡང་རྡུལ་རླུང་ཁོ་ནས་སྒྲིབ་པའི་མྱ་ངན་ཐང་ཆེན་དུ་འགྱུར་འགྲོ་ལ། འབྲོག་སྡེ་ཞེས་པ་ཡང་མིང་གི་ལྷག་མར་གྱུར་འགྲོ་བས། དེར་བརྟེན། ཁྱེད་ཅིས་ཀྱང་གནས་དགོས། ང་ཡི་རྩྭ་ཐང་། ང་ཡི་འཚོ་རྟེན། ང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།