པོ་ཏི་སྨུག་ཆུང་གི་མཇུག་བྱང་། བྱ་མདོ་དོན་གྲུབ་ཚེ་རིང་།

རྩོམ་པ་པོ།:བྱ་མདོ་དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-02-13 08:58:56 ཀློག་གྲངས།:
པོ་ཏི་སྨུག་ཆུང་གི་མཇུག་བྱང་ཚིགས་སུ་བཅད་པ་ནགས་ཀྱི་དྲིལ་བུ་ཞེས་བྱ་བ།
བྱ་མདོ་དོན་གྲུབ་ཚེ་རིང་།
 
སྔོན་བསགས་བསོད་ནམས་རྟེན་འབྲེལ་འཛོམས་པའི་མཐུས།།
སློབ་ཆེན་གཙུག་ལག་སྡིངས་ཀར་རྩོམ་རིག་གི།
འཆད་ཉན་ལོ་མང་དཀའ་བས་བསྐྱངས་ན་ཡང་།།
ལེགས་འབྲས་འདི་ཞེས་སྟོན་རྒྱུ་མེད་པས་ཕངས།།
འོན་ཀྱང་རིང་ནས་དགའ་བའི་འཇུག་སེམས་འདིས།།
རྩོམ་རིག་ཉིད་ལ་ཐོས་པ་ཅུང་ཟད་བསགས།།
ལོགས་སུ་གླེགས་བམ་བསྟན་བཅོས་འབད་པས་བཀླགས།།
གསུང་སྒྲོས་ཚད་མས་ཡིད་ལ་ངལ་གསོ་ཐོབ།།
ཕྱི་ནང་དགེ་བའི་མཐུན་རྐྱེན་འདི་དག་གིས།།
རྩོམ་རིག་གནའ་གཏམ་ཞེས་པའི་དེབ་ཆུང་ཞིག།
དང་པོ་ཉིད་ནས་སྒྲིག་འདོད་ཀུན་སློང་གིས།།
ཆུ་ཐིགས་བསགས་པའི་དཔེ་བཞིན་དང་དུ་བླངས།།
སྙན་ངག་མེ་ལོང་སོགས་སུ་དཔེ་རྒྱན་ཞེས།།
ཚིག་གི་རྒྱན་མཆོག་ཀུན་ལ་གྲགས་ཆེའང་།།
རྒྱལ་བའི་བཀའ་དང་མཁས་པའི་བསྟན་བཅོས་དང་།།
དམངས་ཁྲོད་ངག་རིག་རྣམས་སུ་འདྲ་དཔེ་མང་།།
རྟོགས་བརྗོད་རྣམ་ཐར་དང་ནི་ཆོས་འབྱུང་དང་།།
དམངས་ཁྲོད་ངག་རྒྱུན་སོགས་སུ་ངོ་མཚར་གྱི།།
གཏམ་རྒྱུད་སྣ་ཚོགས་ཐང་མར་བརྡལ་བ་ལ།།
ཐོར་བུར་སྡེབ་པར་སུ་ཞིག་སྒྱིད་ལུག་འགྱུར།།
གཡུ་ཐོག་བླ་མའི་ལུས་ཀྱི་འདྲ་དཔེ་དང་།།
རྔོག་ལོ་ཆེན་པོ་བློ་ལྡན་ཤེས་རབ་དང་།།
ལྕེ་སྒོམ་རྫོང་པ་ཤེས་རབ་རྡོ་རྗེ་སོགས།།
མཁས་ཆེན་དག་གི་འདྲ་དཔེ་གསེར་ལྟར་བྲིན།།
བཀའ་ཐང་སྡེ་ལྔའི་ནང་གི་ལྷ་མོ་ལྕམ།།
ཁྲོམ་པ་རྒྱན་གྱི་འདྲ་དཔེས་མི་སེམས་འགུག།
གླིང་སྒྲུང་ནང་གི་གེ་སར་རྒྱལ་པོ་ཡི།།
འདྲ་དཔེ་ཕྲེང་བ་རྩོམ་གྱི་རྩེ་མོ་ཉིད།།
ཐོན་མིའི་ང་རྒྱལ་གླུ་དང་ཆེན་ཆུན་གཏམ།།
ཁྱུང་པོ་སྤུང་ཟད་དང་ནི་ཞང་སྣང་གླུ།།
བླ་མ་གསེར་གླིང་པ་དང་ཇོ་བོ་རྗེ།།
བཻ་རོ་ཙ་ནའི་འགྱོད་མགུར་ངོ་མཚར་ཆེ།།
འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་སྐྱོ་གླུ་དང་།།
དབུས་བཟའ་མཁའ་འགྲོ་མ་ཡི་དྲན་པའི་གླུ།།
བླ་མ་ཡེ་ཤེས་འོད་ཀྱི་ཞལ་ཆེམས་དང་།།
མགར་གྱི་ཁྲི་འབྲིང་ཁ་ཤགས་ཚིག་གི་རྒྱན།།
མྱང་ཚ་དཀར་རྒྱན་ཡུམ་གྱི་ཞུ་ཚིག་དང་།།
སློབ་དཔོན་ཆོས་ཀྱི་གྲགས་པའི་གཏམ་རྒྱུད་དང་།།
ནག་མོ་ཁོལ་དང་སློབ་དཔོན་རྟ་དབྱངས་སོགས།།
སྔོན་གྱི་མཚར་གཏམ་འདི་དག་རྣ་བའི་རྒྱན།།
མར་པའི་མགུར་ཆེན་སྐྱིད་ཟུར་ཀ་བཤད་རྩོམ།།
རྡོ་རིང་བསྟན་འཛིན་དཔལ་འབྱོར་མཛའ་གཞས་ཚིག།
སྐུ་བཅར་མཁན་པོ་དཔལ་ལྡན་དོན་གྲུབ་ཀྱི།།
ངག་རྒྱུན་ལ་སོགས་མ་མཇལ་འགྱོད་པའི་གནས།།
ནང་མའི་སྐྱིད་སྡུག་རྐང་འཛིན་རྣམ་རྒྱལ་དང་།།
ལྷ་གདོང་ཤན་ཁའི་དམངས་ཁྲོད་གླུ་ཡི་གཞས།།
སྲས་མོ་ཡེ་ཤེས་ལྷ་མོའི་སྐྱོ་གླུ་སོགས།།
དམངས་ཁྲོད་རྒྱུས་ཅན་ངག་ན་རླུང་ལྟར་གྲགས།།
རྒྱལ་ཁམས་རིག་བསྐོར་གསེར་ཐང་མཇུག་བྱང་དང་།།
རང་གྲོལ་གཤེགས་ཁའི་ཁ་ཆེམས་བོད་འགྱུར་མ།།
མིང་མེད་རྩོམ་ཐུང་བདེན་གཏམ་མིག་ཐུར་སོགས།།
གསར་བྱུང་གཏམ་གྱིས་སྐྱེ་བོ་མགུ་བར་བྱེད།།
དང་པོ་དབུས་གཙང་ཡུལ་དུ་དར་ཆེ་བའི།།
དམངས་ཁྲོད་ཚིག་རྒྱག་གཞས་ཀྱི་སྒྱུ་རྩལ་འདི།།
མེས་པོ་བློ་གྲོས་ཅན་གྱི་ངག་གི་དཔལ།།
གསེར་བྲེ་དངུལ་བྲེ་ཡིན་པ་ཤེས་པར་བྱ།།
སྒོར་གཞས་ཆང་གཞས་མཛའ་གཞས་སྲིད་གཞས་སོགས།།
བོད་ལ་གཞས་ཀྱི་རྣམ་གྲངས་མཐའ་ཡས་ཀྱང་།།
གཏད་སོ་བཙན་པའི་ཚིག་རྒྱག་འཁོར་ལོ་འདིར།།
གླུ་གཞས་ཕལ་བ་དག་གིས་དོ་ཟླ་མིན།།
ན་ཆུང་ཕོ་མོ་རྣམས་ཀྱི་འཁང་ཚིག་དང་།།
ས་མཐའི་སྤྲང་པོ་དག་གི་སྐྱོ་བའི་གླུ།།
འབངས་མི་ཕལ་བ་དག་གི་ཟུར་ཟའི་གཏམ།།
ཚིག་རྒྱག་གཞས་ལ་གསང་ལམ་དུ་མ་ཡོད།།
ཚངས་དབྱངས་རྒྱ་མཚོས་མཛད་པའི་མགུར་མའི་གླུ།།
ཕྱི་གླིང་མཁས་པའི་ལུགས་ཀྱི་ཁྲོམ་གཞས་དང་།།
དུས་ཀྱི་དར་རྒུད་ཁྲོད་ཀྱི་སྲིད་གཞས་ལས།།
འགའ་ཞིག་ཚིག་རྒྱག་གཞས་ཀྱི་གྲོགས་སུ་སོང་།།
དེང་རབས་ཚིག་རྒྱག་གཞས་ལ་ཀློང་བརྡོལ་བའི།།
གསར་རྩོམ་སྐྱེ་བོའི་དབུས་ན་ལྷང་ངེ་བ།།
ཨ་ནུའུ་ཞེས་གྲགས་མཁས་པ་མིན་ནའང་།།
གཞས་གསར་ཚིག་རྒྱག་གླུ་ཚིག་ཨེ་མ་རྨད།།
རྩོམ་རིག་གནའ་གཏམ་པོ་ཏི་སྨུག་ཆུང་འདི།།
མཁས་པ་ཁྲེལ་བའི་གཞི་རུ་འགྱུར་སྲིད་ཀྱང་།།
སྐལ་མཉམ་དག་དང་ན་ཆུང་བློ་ལྡན་གྱི།།
ཐོས་པའི་མིག་རྒྱན་ཉིད་དུ་འགྱུར་བར་ཤོག།
རྩ་བརྒྱུད་བཤེས་གཉེན་དྲིན་ཅན་ཕ་དང་མ།།
དྲིན་ཆེན་དྲིན་དུ་གཟོ་བའི་མཆོད་པའི་སྤྲིན།།
གཅེས་པའི་བུ་དང་དུངས་པའི་ཆུང་མ་དང་།།
སྐྱིད་སྡུག་ལམ་གྲོགས་དག་གི་དགའ་བའི་ཆར།།
གྲོང་ཁྱེར་སྤོས་ངད་ལྡན་གྱི་ལྷོ་ཡི་ཕྱོགས།།
ནགས་མ་བྱ་ཚོགས་ཅན་གྱི་གཞིས་ཀ་མཐིལ།།
ཆབ་དཀར་ཆུ་ཀླུང་རིང་མོ་འབབ་པའི་ངོགས།།
བསམ་གཏན་ཕ་བོང་ནགས་སུ་ཡི་གེར་བཀོད།།
                                                                ཅེས་གྲོང་ཁྱེར་ཆེན་མོ་སྤོས་ཀྱི་ངད་ལྡན་གྱི་ལྷོའི་ཆར་གཏོགས་པ་སའི་ཐིག་ལེ་ཏུའུ་ཅང་ཡན་ཞེས་བྱ་བའི་ནགས་མ་བྱ་ཚོགས་ཅན་གྱི་ཤག་ཆུང་གཡུ་ལོ་བཀོད་པའི་ལྡིང་ཁང་དུ༢༠༢༡ལོའི་སྤྱི་ཟླ༦པའི་ཚེས༢༡དབྱར་ཉི་ལྡོག་གི་ཉིན་མོར་འགོ་བརྩམས་ཏེ་ཚེས༢༣ཉིན་མཇུག་གྲུབ་པར་སྦྱར་བ་ཀུན་ཏུ་དགེའོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།