སྙན་ངག་པ་ཁྲི་གོང་ཨོ་རྒྱན་ཚེ་རིང་གི་སྙན་ངག་འོས་སྦྱོར།

རྩོམ་པ་པོ།:ཁྲི་གོང་ཨོ་རྒྱན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་ཁྲིམས་ལུགས་ཚགས་པར། དུས་ཚོད།:2022-12-26 18:38:03 ཀློག་གྲངས།:
གལ་ཏེ།
ཁྲི་གོང་ཨོ་རྒྱན་ཚེ་རིང་།

གལ་ཏེ། ང་རླུང་ཞིག་ཡིན་ན།
ངས་ས་གཞི་ཆེན་མོའི་རྩ་མདུད་རེ་རེ་གྲོལ་ནས།
རླུང་ཁམས་ཀྱི་ཕ་མའི་རྒྱུད་ཡོངས་སུ་དེད་དེ།
རྩ་ལམ་རེ་རེ་ན་རྒྱུ་བའི་ཟུངས་ཁྲག་དཀར་དམར་གྱི་འབྱུང་རྔུབ་ལ་ཉན་བཞིན།
རྒྱུ་རྐྱེན་གྱིས་འགྱུར་བའི་འཇིག་རྟེན་འདིའི་སྒྲིག་གཞི་དང་གྲུབ་ཚུལ་ལ།
ཡང་བསྐྱར་ཐེངས་ཤིག་བལྟ་འདོད།

གལ་ཏེ། ང་རྡུལ་ཕྲན་ཞིག་ཡིན་ན།
ངས་རང་གི་སྔོ་ཐིག་ཤོར་བའི་ཕུང་པོ་འདིའི་ཆ་དང་།
ངོ་བོ་ལ་སོགས་འབྱུང་བའི་མཐར་ཐུག་གམ། རང་བཞིན་དེ།
མངོན་སུམ་དུ་སྟོན་འདོད་མོད། ཡོད་ཚད་རང་བཞིན་གྱིས་མ་གྲུབ་ཅིང་།
སྟོང་བའི་མཐའ་དེ་རྟེན་འབྲེལ་གྱིས་བཟུང་བས། ངས་ཁྱེད་ལ།
ལང་ཚོས་རྒྱག་པའི་ཁམ་བུ་བཞིན་ཇི་ལྟར་སྟོན།

གལ་ཏེ། ང་ང་ཡིན་ན།
ངས་སྟོང་གསུམ་གྱི་འཇིག་རྟེན་འདིའི་ཕ་རོལ་ནས།
ཐོག་མའི་ཐོག་མའམ། ཡང་ན་ཐོག་མའི་མཐའ་མ་ཞིག་བཙལ་ཏེ།
འདི་ནི་ངའོ་ཞེས་བསྟན་ཆོག་མོད། མེ་ཏོག་ཞིག་གི་སྐྱེ་འཇིག་དང་།
སྣང་ངོའི་ཡོད་ཚུལ་དེ། ཁྱོད་དང་ཁྱེད་ཀྱི་རུས་མིང་བཞིན།
འཇིག་རྟེན་དང་དངོས་པོའི་ངོས་གཉིས་ཏེ།
ང་ནི་དེའི་གྲུབ་ཚུལ་དང་ཡོད་ཚུལ་ལོ། །

གལ་ཏེ། ང་གཞན་ཞིག་ཡིན་ན།
ངས་ཁྱོད་དང་ང་ཞེས་པའི་བདག་འཛིན་གྱི་མ་རིག་པ་དེ་སེལ་ནས།
ལས་ཉོན་གྱི་མཐའ་དེའང་ཅི་ཐུབ་ཀྱིས་བཀག་སྟེ།
གང་ལ་གང་འཚམ་གྱིས་སྐྱོབ་གསོར་རེ་མི་དགོས་ཤིང་།
རང་གི་ནུས་ཤུགས་ལ་བརྟེན་ནས་ཐོབ་པའི།
འཚེ་བ་མེད་པའི་བདེ་སྐྱིད་ཟེར་བའི་འཚོ་བ་ཞིག་རོལ་འདོད།

རྩོམ་པ་པོ་ངོ་སྤྲོད།
       ཁྲི་གོང་ཨོ་རྒྱན་ཚེ་རིང་། རྩོམ་རིག་རབ་འབྱམས་པ་དང་ཞུས་ཆེན་ལོ་ཙཱ་བ་སྟེ། མཚོ་སྔོན་ཁྲི་ཀའི་མི་ཡིན། སྔ་རྗེས་སུ«སྦྲང་ཆར»དང«བོད་ལྗོངས་ཞིབ་འཇུག»སོགས་དུས་དེབ་གང་མང་གི་སྟེང་དུ་སྙན་ངག་དང་དཔྱད་རྩོམ་ལ་སོགས་བརྩམས་ཆོས་བརྒྱ་ལྷག་ཙམ་སྤེལ་མྱོང་།  བརྩམས་ཆོས་ཁག་ཅིག་བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔེ་ཚོགས་བཅུ་ལྷག་གི་ནང་དུ་བདམས་ཡོད་ལ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་གང་མང་ཐོབ་མྱོང་། ད་ལྟ་བོད་ལྗོངས་བརྙན་འཕྲིན་ལས་ཁུངས་སུ་ཕྱག་ལས་གནང་བཞིན་ཡོད།
       ཁོང་གི་བརྩམས་ཆོས་ལ«ཨ་མདོ་བྱམས་པ་དང་དགེ་འདུན་ཆོས་འཕེལ» «རྒྱབ་ལྗོངས» «རིག་འཛིན་ཚངས་དབྱངས་རྒྱ་མཚོ»སོགས་གསུང་རྩོམ་པོད་བདུན་ཡོད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།