བྱ་གཞུང་སྐལ་ལོའི་ལྷུག་རྩོམ།

རྩོམ་པ་པོ།:བྱ་གཞུང་སྐལ་ལོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-12-20 11:19:22 ཀློག་གྲངས།:
ཕོ་བའི་ཟིན་ཐོ།
(མཚོ་ལྷོ) བྱ་གཞུང་སྐལ་ལོ།

       ཉིན་འདི་འགར་ནད་ཡམས་སྔོན་འགོག་གི་བཀའ་རྒྱའི་དབང་གིས་ཕྱི་རོལ་དུ་འགྲོ་དབང་མ་བྱུང་། ཞོགས་པ་ནས་དགོང་མཚམས་བར་སྡོད་ཁུལ་གྱི་སྐད་འཕྲིན་ཚོགས་པ་ཞིག་ཡོད་པ་དེ་ཡང་ངལ་གསོ་མེད་པར་ལབ་གླེང་སྣ་ཚོགས་བྱེད་ཀྱིན་འདུག ནམ་ཡང་། ཕྱི་རོལ་གྱི་འདུ་འཛི་དང་མི་ཚོགས་ཀྱི་ཟང་ཟིང་ལ་གོམས་པའི་ཁོ་ཚོར་མཚོན་ན། བསམ་གཟས་ནས་བཙོན་ཁང་དུ་བཅུག་པ་ལྟ་བུའི་སྡུག་བསྔལ་ཞིག་ཡོད་པ་རྟོགས་ཐུབ་ལ། ཁོ་ཚོས་ཆེས་སེམས་འཁུར་བྱེད་ཀྱིན་པ་ཡང་སྔར་བཞིན་རང་ཉིད་ཀྱི་ཕོ་བ་ལས་གཞན་གང་ཡང་མིན།
       ང་རང་སྡོད་སའི་གྲོང་ཁྱེར་ཆུང་ངུ་འདིར་མཚོན་ནའང་བོད་རིགས་གཙོས་ཕལ་ཆེར་མི་གྲངས་འབུམ་གཅིག་ལྷག་ཡོད་ཚོད་རེད། དེ་ཡང་མི་རེར་ཕོ་བ་རེ་དང་དེའི་ཆེ་ཆུང་སོགས་ལ་མ་གཞིགས་པར་བསྡོམས་བརྩིས་ཀྱི་དབང་དུ་བྱས་ནའང་ཕོ་བ་འབུམ་གཅིག་ལྷག་དབུགས་ལྒང་ཞིག་དང་འདྲ་བར་གྲོང་ཁྱེར་འདིའི་མགོ་རྔ་ཧྲིལ་བོར་ཉིན་མཚན་དབྱེར་མེད་དུ་ཡར་མར་ལ་འགྲིལ་གྱིན་ཡོད་པ་མ་ཡིན་ནམ། དེའི་ཁྲོད་དུ། ལས་བྱེད་པ་དང་སྤྱིར་བཏང་གི་མི་སེར། ད་དུང་བྱིས་པ་དང་དབང་བོ་སྐྱོན་ཅན་སོགས་མདོར་ན་བཙན་པོ་དང་། གཉོམ་ཆུང་། སྟོབས་ཆེན་དང་འཁོས་ཞན་སོགས་ཞིབ་ཏུ་དབྱེ་རྒྱུ་མང་མོད། འདི་དག་སྐབས་སུ་མ་བབས་པས་རེ་ཞིག་ལོགས་སུ་བཞག་ནས་བྱེ་བྲག་གི་ཕོ་བའི་སྟེང་དུ་དབབ་ན་འགྲིག་པ་ལ།
       རེད་ཡ། གྲོང་ཁྱེར་འདི་ཆུང་ཆུང་འདི་ཡང་ལོ་རེ་ནས་ལོ་རེར་ཕྱིའི་འཛུགས་སྐྲུན་ལ་དར་རྒྱས་བྱུང་བ་དང་མཉམ་དུ་གཏན་སྡོད་ཀྱི་མིའང་ཕོ་བས་ཁེབས་ཚད་ཀྱང་ད་ལྟ་བརྒྱ་ཆའི་བརྒྱ་རུ་བསླེབས་ཡོད་པས། རིམས་འགོག་དང་བླངས་པ་རྣམས་ཀྱིས་ཀྱང་ཉིན་འདི་ཚོར་རྔུལ་ནག་ཆུར་བརླན་ནས་རང་སྲོག་ལ་མ་འཛེམ་པར་མེད་མུག་འདོན་མཁན་གྱི་སྡོད་ཁུལ་རེ་རེའི་སྒོ་རྩར་བཅར་ནས་ཅི་ཐུབ་གང་ཐུབ་ཀྱིས་ཕོ་བ་དེ་དག་གི་ཁ་གཅོད་ཐབས་བྱས། སྣང་ཚུལ་འདི་མཐོང་དུས། དེ་སྔོན་མི་ཚང་མས་ཕྱེ་ཡི་ཡག་བཙོག་དང་སྣུམ་གྱི་བཟང་ངན་འབྱེད་པའི་སྣང་ཚུལ་ལ་ཡང་ཁོང་དགོད་འཆོར་བ་ཞིག་རེད།
       ད་བར་དུ་ཚང་མས་རང་ཉིད་ཀྱི་ཕོ་བ་ལ་སྣང་དོགས་ཆེར་མ་བྱས་པའི་རྐྱེན་ནམ་གང་ལྟར། ཁྱིམ་དུ་བཅུག་པའི་ཉིན་དེ་ནས་བཟུང་། ཕོ་བའི་འཇུ་སྟོབས་ཀྱང་སྔར་ལས་ལྡབ་འགྱུར་གྱིས་ཇེ་མགྱོགས་སུ་སོང་བའི་སྣང་བ་སྟེར་ལ། དུས་རྒྱུན་ཟ་ལོབས་འཐུང་ལོབས་སུ་གྱུར་བ་རྣམས་ལ་ནི་ཁག་མི་འདུག་མོད། འོན་ཀྱང་གནད་འགག་གི་སྐབས་སུ། ཁྱེད་ཀྱི་སྒོ་དྲུང་དུ་འབྱོར་བའི་ཙོང་ཐུར་རྐང་གཅིག་ཡིན་ཡང་གསེར་དངུལ་གྱི་རིན་ཐང་ལྟ་བུའི་འདུ་ཤེས་ཡོད་དམ་འཕྱང་མོ་ཉུག དེ་ལྟ་མིན་ན། ལའོ་ཚང་གི་ཁྱི་གུ་སྙིང་རྗེ་བོ་དེ་ཡང་ད་ནངས་ནས་བཟུང་ཁྱི་ལྟོ་ཆད་པ་བཞིན་སྡོད་ཁུལ་གྱི་གྲུ་ཟུར་རེ་རེར་ཉུལ་དགོས་དོན་ག་ལ་ཡོད།
       ཡིན་ནའང་། སྡོད་ཁུལ་གྱི་ཚོགས་པ་རུ་མིག་སྔར་ཁྲོམ་རའི་ནང་འཚོ་ཚིས་ཀྱི་དགོས་མཁོ་འདང་ངེས་གསོག་ཡོད་ཅེས་པའི་གསར་འགྱུར་དེ་མཐོང་བས་རེ་ཞིག་མི་ཚང་མའི་སེམས་ཁམས་ཀྱང་བདེ་རུ་བབས་ཡོད་པ་འདྲ། འདི་ལྟར་ཕྱིར་འདང་ཞིག་བརྒྱབ་ན། དུས་རྒྱུན་འགྲོ་འདུག་ལ་རང་དབང་ལྡན་ཞིང་ཁ་ཟས་ཀྱི་སྡེར་ཁ་སྣ་ཚོགས་བཤམས་དུས། ཕོ་བའི་ཡི་ག་ལོག་ནས་ཟས་ལྷག་མང་པོ་ཁུག་མ་དང་ཁུག་མ་བྱས་ནས་གད་སྙིགས་བཞིན་འདོར་དུས་ཀྱི་འཚོ་བ་དེ་ནི་ཅི་འདྲའི་ལང་ཤོར་ཞིག་རེད་ཨང་།
       འདི་ལྟར་གཟའ་འཁོར་རེ་རེ་ཕར་འདས་ཤིང་། བར་སྐབས་དེར་རེ་ཞིག་ཕ་ཡུལ་གྱི་འབྲེལ་ལམ་ཡང་ཆད་ཟིན་པས། ཁྱིམ་མི་དང་། ཤ་ཉེ་འབྲེལ་ཚང་མར་ཁ་པར་གྱི་འཆར་བརྙན་བཀར་མ་ཐག ཚང་མས་ཐེངས་དང་པོར་ཟ་མས་འདང་གི་ཡོད་དམ། ནམ་ཞིག་ལ་གློད་རྩིས་འདུག་སོགས་དྲི་བ་དྲིས་ལན་གྱི་ཁ་བརྡ་ལས་ཀྱང་ཕོ་བའི་གནད་དོན་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་རྟོགས་འོངས། ཡང་མྱི་རྒན་བསམ་ཤེས་འགའ་རེས་གཙོ་བོ་ན་ཚ་མགོར་མ་འོངས་ན་ལྟོགས་སྐོམ་ཅུང་ཙམ་རེ་མྱང་དགོས་ཀྱང་དྲག་ནི་རེད། ད་སྐབས་རྒྱལ་ཁབ་ཀྱི་དྲིན་ལ་ཚང་མས་དབུལ་ཞྭ་ཡང་ཕུད་ཟིན་པས། ལྟོ་རྒྱབ་ཀྱི་ཕྱོགས་ནས་འདང་རྒྱག་མེད་ཅེས་སེམས་གསོ་གནང་མཁན་ཡང་འདུག་པས། དེ་དག་ལའང་རེ་རེ་བཞིན་ཐུགས་རྗེ་ཆེ་ཞུས་པ་ཡིན།
       ང་ཡོད་སའི་སྡོད་ཁུལ་འདིར་མཚོན་ན་སྔ་གཞུག་ཏུ་བརྩེངས་པའི་ཁང་ཤར་གསུམ་ཡོད་ལ། དེ་དག་ཀྱང་སྤྱིའི་ཆ་ནས་ཤ་གཟན་དང་རྩྭ་གཟན་ཏེ་རིགས་གཉིས་སུ་བགར་ཆོག་སྟེ། ལའོ་ཚང་ལྟ་བུ་ནི་རྩྭ་གཟན་གྱི་རིགས་སུ་གཏོགས་པས། སྔོ་ཚོད་བསྡམ་མ་ཞིག་ཡིན་ཡང་ཤ་རྡོག་གཅིག་གི་འདང་ཡོད་པ་ཡིན། འོན་ཀྱང་། སྐབས་རེར་ཁོས་ཕོ་བས་མ་ལྕོགས་པར་འཚོ་བཅུད་ཀྱིས་མ་འདང་ཟེར། ནོར་ཤ་དང་བྱ་ཤ ཕག་ཤ་སོགས་ཀྱང་མི་བརྟེན་རང་བརྟེན་དུ་ཆགས་ཡོད། འདི་ལྟར་ཉི་མ་རེ་རེར་ཕོ་བ་འགྲངས་རྗེས་ཁོའི་འཚོ་བ་ལ་འགྱུར་ལྡོག་ཅི་ཡང་མེད་པར་སྔར་བཞིན་མདུན་ཅོག་གི་ཇ་ཕོར་ལ་འཐམས་ནས་ཕོ་བའི་ཕྱོགས་སུ་བསམ་བློ་གཏོང་རྒྱུ་དེ་ཡིན།
       ད་ཐེངས་ཀྱི་ནད་ཡམས་འདི་མིན་ན་མི་ཚང་མས་ཀྱང་ཕོ་བའི་ཕྱོགས་སུ་ནམ་ཡང་བསམ་བློ་འཁོར་མི་སྲིད་པ་ཐག་གིས་ཆོད། འོན་ཀྱང་། ཉིན་འགའི་རྗེས་ནས་གློད་གྲོལ་བཏང་ཚར་རྗེས་སྡོད་ཁུལ་གྱི་ཕོ་བ་མང་པོ་གཅིག་ལས་གཅིག་མགྱོགས་ཀྱིས་གྲོང་ཁྱེར་འདིའི་ཕྱི་ནང་གང་རུང་ལ་རྦབ་རྡོ་བཞིན་འགྲིལ་ནས་གང་ཞིག་བཟའ་འདོད་འཐུང་འདོད་ཀྱི་ཁ་ཕོ་ཆེས་ཆེར་གདངས་མོད། ཡིད་ཕངས་པ་ཞིག་ལ་མིད་པ་འགག་ཅིང་། སྐྱུགས་མེར་ལངས་པ་སོགས་ནད་རྟགས་བྱུང་བས། ཕོ་བའི་ཁ་བསོད་དང་ལོངས་སྤྱོད་ལ་བར་ཆད་ཆེན་པོ་བཟོས།
       དེ་བས། མཐའ་འཁོར་གྱི་མི་ཚང་མའི་དམིགས་འབེན་ཡང་སྔར་གྱི་ཕོ་བའི་ཕྱོགས་ནས་འགྱུར་བ་ཐེབས་ཏེ་སླར་ཡང་སྨན་རྫས་ཀྱི་ཐོག་ཏུ་བསམ་བློ་འཁོར་དགོས་བྱུང་། གོ་བདེ་བར་བཤད་ན། དེ་ཡང་བདེ་ཐང་མེད་ན་ཕོ་བའི་ལས་ཀའང་རང་བཞིན་གྱིས་མཚམས་བཞག་པ་མ་ཡིན་ནམ། ཡིན་ནའང་། ཚ་རྒྱས་པ་དང་རུས་ཚིགས་ན་ཐེངས་རེར་ཆམ་ནད་ཀྱི་གཉེན་པོར་འོས་སྦྱོར་གནང་བའི་སྨན་དེ་ཚོ་ཡང་ཁ་ནང་དུ་གཏོར་ཅི་ཐུབ་དང་འཐུང་གང་ཐུབ་བྱས་མོད། ཆེས་མཐའ་མཇུག་རང་ཉིད་འདྲུད་མཁན་གྱི་ཕོ་བའི་ནང་མ་གཏོགས་རྒྱུ་ལམ་གཞན་ཅི་ཡོད།
       དགོང་མོ་དེར། སྡོད་ཁུལ་གྱི་ཚོགས་པའི་ནང་སླར་ཡང་གྲགས་འགུལ་གསར་བ་ཞིག་བསླངས་བྱུང་། དེ་ནི་ལའོ་ཚང་གིས་ཆམས་ནད་སྔོན་འགོག་གི་འདུ་ཤེས་ཟབ་མོ་ཡིད་ལ་བརྣག་ནས་སྨན་སྣ་མང་པོ་འཕྲོ་རིམ་འཕྲོར་སྔོ་ཚལ་བཞིན་འགམས་པས། ཕོ་བ་གཙོ་བྱས་དོན་ལྔ་སྣོད་དྲུག་སོགས་ལུས་ཀྱི་འབྱུང་ཁམས་འཁྲུགས་པར་གྱུར་ཟེར་བས། མི་རྣམས་སླར་ཡང་ཀློང་ཀློང་བོར་གྱུར་ནས་མིག་མདུན་དུ་སྤུངས་པའི་སྨན་རྫས་ལ་ཐེ་ཚོམ་ཟོས་ཤིང་། སྡོད་ཁུལ་གྱི་ཚོགས་པའང་རེ་ཞིག་གྲགས་འགུལ་མེད་པར་ཚང་མས་ཁ་རོག་གེར་ཆུ་ཁོལ་འཐུང་དགོས་བྱུང་། སྣང་ཚུལ་འདིས་གནའ་དེང་མ་ནས་ཉམས་མྱོང་རྒན་པོ་ཚོས་སྨན་གྱི་ཐོག་མ་ཆུ་ཁོལ་ཡིན་ཞེས་བཤད་པར་ཡང་བདེན་དཔང་ཁུངས་བཙུན་བྱས་ཡོད་པ་མ་ཡིན་ནམ། ཧུ་་་ཧུ། གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད།
       དངོས་ནས་ཁག་མི་འདུག སྡོད་ཁུལ་འདི་དང་གྲོང་ཁྱེར་འདིའི་མི་ཚང་མ་ཡང་བདེ་ཐང་དང་ཕུགས་བསམ་གྱི་ཆེད་དུ་འཚོ་བ་ལས། ཕོ་བ་ཁོ་ནས་ཆེད་དུ་བློས་གཏོང་མཁན་ཏག་ཏག་ཀྱང་ག་ལ་ཡིན། འོན་ཀྱང་། ཁོ་ཚོས་ཁ་ཐུམ་ཆིག་བརྩེགས་དང་ཉིས་བརྩེགས་གང་རུང་བརྒྱབ་ཡོད་ཀྱང་། སྐབས་རེར་ཕྱོགས་མཚམས་གང་རུང་ནས་འཇབ་རྒོལ་གྱི་རྣམ་པས་ཕོ་བའི་ཁ་གདངས་འོངས་དུས་ནི་དངོས་གནས་འཇིགས་སུ་རུང་བ་ཞིག་རེད་ལ་ད་ནས་བཟུང་། རང་ཉིད་ཀྱི་ཕོ་བའི་ཆེད་དུའང་ཟ་ཤེས་འཐུང་ཤེས་དང་འགྲོ་ཤེས་འདུག་ཤེས་བྱ་རྒྱུ་དེ་ཡང་བསླབ་དེབ་ཏུ་མ་འཁོད་པའི་སློབ་ཚན་གསར་བ་ཞིག་ཏུ་ཆགས་དགོས་འདུག་ཨང་།
       ནད་གདོན་དང་ཆམས་ནད་ཀྱིས་གཙེས་པའི་མཚན་མོ་ཞིག་ལ། ངས་སྒེའུ་ཁུང་ཕྱི་རོལ་གྱི་མཐོ་ཞིང་བརྗིད་པའི་ཁང་བརྩེགས་མང་པོ་ཞིག་ནག་རོག་གེར་གྱེན་དུ་འགྲེང་ཡོད་པ་མཐོང་བྱུང་། མིག་འཕྲུལ་བྱུང་བ་མིན་ནམ། སྐབས་རེར་ཐོག་ཁང་འདིའི་སྟེང་འོག་ཚང་མའང་ཕོ་བ་མང་པོར་འདམ་བག་གི་རྩིག་པས་སྦྱར་བ་བཞིན་ལྔ་ཐོག་དང་། བཅུ་ཐོག བརྒྱ་ཐོག ཨོ་ཧོ། ཕོ་བ་མང་པོ་གཅིག་ཐོག་ཉིས་བརྩེགས་ཀྱིས་མཐོ་ནས་མཐོ་རུ་ཕྱིན་ཏེ། ང་ཡང་འབྲོ་དབང་མེད་པར་ཕོ་བ་སྣ་ཚོགས་ཀྱི་གསེང་དུ་འཐིམས་མགོ་བརྩམས། གློ་བུར་དུ་ཕོ་བ་ཞིག་གནམ་ནས་ངའི་མགོ་ཐོག་ཏུ་ལྷུང་བས་དངངས་འདར་ཞིག་དང་མཉམ་དུ་ང་རང་གཉིད་ལས་བསླངས། སྐབས་དེར། ང་ཡང་གཞི་ནས་ཚ་རྒྱག་གིན་འདུག་ལ་ལུས་ཡོངས་རྔུལ་ཆུས་བརླན་འདུག ངས་རང་དབང་མེད་པར་རང་ཉིད་ཀྱི་ཕོ་བར་ཞིབ་ལྟ་ཞིག་བྱས་རྗེས་འཕུར་མཉེད་ཙམ་བྱེད་དགོས་བྱུང་།
2022ལོའི་ཟླ12པའི་ཚེས4ཉིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།