སྙིང་མོ་སྐྱིད་ཀྱི་ལྷུག་རྩོམ་གསར་པ། གླུ་དབྱངས།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-15 11:21:33
ཀློག་གྲངས།:
གླུ་དབྱངས།
སྙིང་མོ་སྐྱིད།
༡
༢
ཆུ་མོའི་བཞུར་འགྲོས་ལྟར་གྱི་མི་ཚེ་འདིར། གྲོགས་པོ་མང་པོ་ཞིག་ལམ་འགྲོ་བ་ལྟར་ངའི་འཚོ་བ་ལས་བྲལ་ཟིན་ཡང་། ང་དང་གླུ་དབྱངས་གཉིས་ནི་ངོ་ཤེས་པ་ནས་བཟུང་སྐད་ཅིག་ཙམ་ལའང་ཁ་བྲལ་མྱོང་མེད་དེ། གླུ་དབྱངས་ནི་ངའི་ནར་སོན་གྱི་ལམ་བུའི་སྟེང་གི་ཕྱི་ཐག་གི་མཛའ་བ་བརྟན་པའི་གྲོགས་པོ་བློས་ཐུབ་ཞིག་ཡིན། ལོ་འདི་འདྲ་མང་པོར། ངའི་སེམས་པའི་རྒྱུན་ཐག་རྟག་པར་གླུ་དབྱངས་ལ་སྦྲེལ་ཡོད་ཅིང་། གླུ་དབྱངས་ཀྱིས་ཀྱང་ངའི་དགའ་སྐྱོ་ཆགས་སྡང་ཡོད་ཚད་མིག་གིས་འཚོས་ཡོད་དེ། འཚོ་བའི་སྐབས་ལ་ལར། སེམས་ལ་གོད་ཆག་བྱུང་ནས་མི་འདོད་སྡུག་གིས་མནན་དུས། ང་ལ་འཇམ་ཞིང་ནེམ་པའི་བྱམས་སྐྱོང་གནང་མཁན་གླུ་དབྱངས་ཡིན་ལ། ཕམ་ཁ་ཉོས་ཏེ་རེ་བའི་གཏིང་ཐག་ཆད་དུས། ངའི་བློ་ཁོག་ལ་སྤོབས་པ་ཡི་འོད་ཟེར་སྣོན་མཁན་ཡང་དེ་ཉིད་ཡིན། ད་དུང་ལམ་ལྷོངས་མ་བྱུང་བར་ཡི་མུག་དུས། ང་ལ་སེམས་གསོ་ཡི་སྨན་བཟང་སྟེར་མཁན་ཡང་དེ་ཉིད་ཡིན། དེ་ལྟར་གླུ་དབྱངས་དང་འགྲོགས་པ་ནས་བཟུང་། ང་ལ་རང་ཉིད་མི་ཡུལ་འདིའི་ལྷག་མར་གྱུར་བའི་སྣང་བས་འཇབ་རྒོལ་བྱས་མྱོང་མེད་ལ། འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་ཡང་སྐྱེས་མ་མྱོང་ཞེས་ཀྱང་བརྗོད་ཕོད། འདི་དག་ཐམས་ཅད་གླུ་དབྱངས་ལ་བཀའ་དྲིན་ཞུ་དགོས་ཏེ། གླུ་དབྱངས་དང་འགྲོགས་པ་ལས། ངས་མ་གཞིར་འཚོ་བ་ནི་སྦྲང་རྩི་བཞིན་མངར་ཆོག་པའི་བདེན་པ་དེ་རྙེད་བྱུང་།
༣
གནའ་བོའི་ཀེ་རི་སེའི་མཚན་ཉིད་རིག་པ་བ་པོ་ལཱ་ཐུའུ(Plato)ཡིས་སེམས་ཁར་རོལ་དབྱངས་ཀྱིས་ཁེངས་པའི་མི་ནི་ད་གཟོད་མཛེས་སྡུག་གི་དངོས་པོར་བརྩེ་བས་ཁེངས་ཡོད་ཟེར། དངོས་གནས་གླུ་དབྱངས་རེ་རེ་ནི་མཛེས་སྡུག་གི་གོང་བུ་རེ་རེ་ཡིན་ཏེ། འཚོ་བའི་ཉིན་མཚན་ཀུན་ལ་གསོན་ཤུགས་སྦྱིན་ཐུབ། རྣ་ཉན་ཞིག་བཙུགས་ནས་གླུ་དབྱངས་སྙན་མོ་གང་རུང་ཞིག་གི་དབྱིངས་སུ་ཚུད་དུས། ཁྱོད་ཀྱི་ནང་སེམས་ལ་དྲོད་འཇམ་གྱི་ཚོར་བ་སིམ་པོ་ཞིག་སྟོབ་པ་དང་ཆབས་ཅིག ཉིན་གཅིག་གི་སྐྱོ་ངལ་མཐའ་དག་ཕ་མཐར་དྲངས་ཏེ། ལྷོད་གཡེང་བག་ཕེབས་ཀྱི་ཞིང་ཁམས་སུ་ཁྲིད་ནས། འཚོ་བའི་དཔལ་གྱིས་སྒེག་པའི་སྤྲོ་སྣང་རེ་རྙེད་ཐུབ་ལ། རྒྱ་མཚོ་དང་འདྲ་བར་སྐབས་དེའི་སེམས་འགྱུ་ཡོད་ཚད་ཤོང་ཐུབ་ཅིང་། མལ་ཐུལ་དང་འདྲ་བར་ཐང་ཆད་པའི་ལུས་པོ་བཏུམ་ཐུབ་ལ། ཟླ་བ་དང་འདྲ་བར་སེམས་ལ་བསིལ་ཟེར་གྱི་འོད་སྣང་སྩོལ་ཐུབ། སེམས་ཀྱི་རྩིག་ལྡེབས་ངོས་སུ་གླུ་དབྱངས་ཀྱི་འགྱུར་ཁུགས་རེ་རེ་འབབ་དུས། གླུ་དབྱངས་ལ་འཁོར་བའི་རྣམ་ཤེས་ལས་གྲུབ་པའི་ཡིད་བརྙན་མང་པོ་ཡིད་ཀྱི་དབུས་སུ་འཁོར་ཡོང་ཞིང་། འཇིག་རྟེན་གྱི་མཛེས་སྡུག་མ་ལུས་རེ་རེ་བཞིན་མིག་མདུན་དུ་ཁ་ཕྱེ་ཡོང་སྟེ། ས་འཛིན་ལྷུན་པོའི་ཕྲག་གོང་ལས་སྐྱ་རེངས་བུ་མོ་འཛུམ་པ་མཐོང་བྱུང་ལ། སྐྱ་རེངས་ཀྱིས་དཀྲོག་པའི་བྱིའུ་ཁྱུ་འཚོལ་སྙེག་གི་ལམ་ལ་བཞུད་པ་མཐོང་བྱུང་། དམར་སེར་འོད་ཀྱི་རྩེ་དགའ་དབང་ཕྱོགས་མཁའ་མཐར་མཛེས་པ་མཐོང་བྱུང་ལ། ལྷིང་འཇགས་ཀྱི་གཙང་ངོགས་སུ་ཉི་འོད་ལམ་ལམ་འཚེར་བ་མཐོང་བྱུང་། ཟིལ་བ་ཁྲོམ་མེར་ཆགས་པའི་དཀར་ཐོག་དམར་མདངས་ཅན་གྱི་མེ་ཏོག་རེ་རེ་མཐོང་བྱུང་ལ། རླུང་བུ་ཁད་དལ་དལ་དང་རྩྭ་ལོ་འཇམ་མཉེན་མཉེན་དུ་གཡོ་བ་ཡང་མཐོང་བྱུང་ངོ་། །
༤
འདས་ཟིན་པའི་ལོ་ཟླ་ཟིན་བྲིས་སུ་འདེབས་ཐུབ་མཁན་ཡང་གླུ་དབྱངས་ཡིན་ཏེ། སྔོན་ཆད་དགའ་མྱོང་བའི་གླུ་དབྱངས་དཔེ་རུ་བྱ་བར་རུང་བ་ཞིག་ལ་མཉན་དུས། ང་ཚོ་སྐད་ཅིག་ཉིད་ལ་རྒྱང་བཞུད་ཀྱི་ལོ་ཟླའི་མཛེས་སྡུག་ལ་ཁྲིད་སྲིད་ཅིང་། དྲན་པའི་དཀྱིལ་དུ་ལུས་པའི་འདས་པའི་དུས་ཀྱི་དགའ་སྐྱོའི་གཟུགས་རིས་མཐའ་དག་ལྷམ་མེར་ཡིད་ལ་དྲངས་ཡོང་སྟེ། གླུ་དབྱངས་ཀྱི་རམ་འདེགས་འོག་བརྗེད་དཀའ་བའི་གཏམ་རྒྱུད་སྐྱུར་མོ་དེ་དག་གིས་ངའི་ཡིད་སེམས་གཡོས་མྱོང་ལ། བཟི་ཁ་བཙན་པའི་ཕྱིར་དྲན་བཏུང་ནས་གདོང་ཡོངས་མཆི་མས་བརླན་མྱོང་ཞིང་། ད་དུང་ནམ་ཡང་ཕྱིར་འོང་མེད་པའི་ཁ་སང་ལ་དྭངས་གཙང་གི་དྲི་བ་རེ་འདོན་ཞོར་འདས་དོན་ལ་བཅོལ་བའི་སྤྲོ་སྣང་དེ་དག་ཀྱང་དྲན་མྱོང་། འོན་ཏེ། ང་ཚོ་ནི་གཞོན་པ་མི་རྟག་སྟོན་གྱི་མེ་ཏོག་ལྟར་རྙིད་འགྲོ་དུས། སེམས་པ་སྒུལ་མྱོང་བའི་གླུ་དབྱངས་དེ་དག་ནམ་ཡང་རྒས་རྒྱུ་རྙིང་རྒྱུ་མེད་པར་གནས་དེ་རུ་བསྡད་ཡོད་ཅིང་། དུས་ཚོད་ཀྱི་ངང་སྒུག་བར་ནས་ལོ་ཟླས་དེ་ལ་རྗེས་ཤུལ་ཅི་ཡང་འཇོག་ཐུབ་མེད། དེ་བས། ཚར་དུ་དངར་བའི་རང་བྱུང་མ་མའི་པང་ཁུག་ཏུ། གླུ་དབྱངས་ནི་དཀར་སེར་དམར་སྔོའི་མེ་ཏོག་དབུས་ན་འཁྱུགས་པའི་དབྱར་གྱི་ཕྱེ་ལེབ་སྒེག་མོའི་གར་སྟབས་ཡིན་ལ། འཁྱགས་རོམ་གྱི་སྦུབས་རྒྱ་ལས་གྲོལ་བའི་དཔྱིད་ཀྱི་དལ་འགྲོ་རིང་མོའི་བཞུར་སྒྲ་དང་། ནོར་འཛིན་མར་བཅུད་ཀྱིས་ལྟེམས་པའི་སྟོན་གྱི་འབྲས་བུ་མངར་མོའི་ལག་བརྡ། ད་དུང་ཀུན་གསལ་དགའ་མས་འདབ་དྲུག་ཁ་བའི་མེ་ཏོག་གཏོར་བའི་དགུན་གྱི་ཁ་བ་དཀར་པོའི་འབབ་སྟངས་ཀྱང་ཡིན་ནོ། །
༥
གླུ་དབྱངས་ནི་ཁྱད་དུ་མཚར་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ཏེ། དེ་ལ་གཟུགས་མེད་ཀྱང་རང་དབང་གི་གོམ་སྟབས་བསྒྱུར་བཞིན་ག་ས་ཀུན་ཏུ་བསླེབས་ཐུབ་ཅིང་། ཡུལ་དུས་གང་དུའང་གནས་ཐུབ་སྟེ། དཔེ་མཛོད་ཁང་དུ་རྣ་ཉན་བཙུགས་ནས་སྙན་འཇེབས་གླུ་དབྱངས་ལ་ཉན་ཞོར་དཔེ་ཀློག་ལ་བརྩོན་པའི་སློབ་བུ་དེའི་བློ་རྩེ་ན་ཡོད་ལ། གཞས་ཆུང་ཕྲ་མོའི་འགྱུར་ཁུགས་དེད་ནས་འཚོ་གནས་ལ་བརྩོན་པའི་ལས་ཀ་བ་དེའི་ལག་ཟུང་ན་ཡོད། སྙན་མོ་གཞས་ལ་ཉན་ཞོར་སྐྲ་གསེབ་ཀྱི་རྔུལ་ཆུ་ཞིང་ཁར་འཕྱོ་བའི་སོ་ནམ་པའི་འཛུམ་མདངས་ཁྲོད་ན་ཡོད་ལ། གླུ་དབྱངས་དང་འགྲོགས་ནས་རང་དབང་གོམ་སྟབས་བསྒྱུར་བཞིན་ཕྱོགས་ཀུན་འཁྱམས་པའི་ལྗོངས་རྒྱུ་བ་དེའི་གོམ་པའི་འདེགས་འཇོག་ཁྲོད་ན་ཡོད། གཞས་ཆུང་གི་དབྱངས་རྟར་འཇུས་ནས་ལེ་དབར་སྟོང་ཕྲག་དུ་མ་ཉིན་གྱིས་གཅོད་པའི་ཁ་ལོ་བ་དེའི་སྙན་ལམ་ན་ཡོད་ལ། སྒྲ་བསྐྱེད་ལས་གྲགས་འོངས་བའི་སྙན་དབྱངས་ལ་ཉན་བཞིན་ཁྱིམ་ལས་ལ་གཞོལ་བའི་ཁྱིམ་བདག་མ་དེའི་ཡིད་དབུས་ན་ཡོད། ཕྱག་མཛུབ་ལྡེམ་པོར་སྒྱུར་བཞིན་གླིང་བུ་རྒྱང་དུ་འབུད་པའི་སྒྱུ་རྩལ་པ་དེའི་ལྗགས་རྩེ་ན་ཡོད་ལ། མཉེན་ལྕུག་སོར་མོས་རྒྱུད་སྐུད་སྙན་པར་སྦྲེང་བའི་རོལ་མོ་བ་དེའི་སོར་རྩེ་ན་ཡོད། ད་དུང་གླུ་དབྱངས་དང་བསྡོངས་ནས་ཚོར་འདུ་གོང་བུར་བསྒྲིགས་ཏེ་བསམ་གཞིགས་ཀྱི་བཟོ་བཀོད་ལ་ལས་སྣོན་བྱེད་པའི་རྩོམ་མཁན་དེའི་སྨྱུག་རྩེ་ན་ཡོད་ལ། སྙན་འཇེབས་ངག་གི་ཟློས་གར་ལ་རྣ་བ་གཡོར་བཞིན་གསོན་ཉམས་ལྡན་ཞིང་བྱམས་བརྩེའི་ཞལ་རས་རྒྱས་པའི་ལྷ་གཟུགས་འབྲི་བའི་རི་མོ་མཁན་དེའི་པིར་རྩེ་ནའང་ཡོད་དོ། །
༦
གླུ་དབྱངས་ནི་སེམས་ཁམས་གསོ་བའི་བདུད་རྩི་ཡིན་ཞེས་པ་ལྟར། གླུ་དབྱངས་མི་འདྲ་བ་ལས་ཚེ་སྲོག་གི་དངོས་གྲུབ་གསར་པ་མི་འདྲ་བ་མང་པོ་ཀློང་ནས་རྡོལ་ཡོང་སྟེ། སེམས་གཤིས་ལ་ཚོན་རིས་ཀྱི་གཟི་མདངས་སྣ་ཚོགས་སྣོན་ནུས་ལ། རྦ་རླབས་བཞིན་མཐའ་མེད་དུ་འཁྲིགས་པའི་སེམས་གཅོང་ཞི་ནུས། ཕམ་ཉེས་ཀྱིས་བཟོས་པའི་རྨ་ཁ་སོས་སུ་འཇུག་ནུས་ལ། རེ་བའི་ཟེའུ་འབྲུ་སྦྲུམ་པའི་མེ་ཏོག་གི་གང་བུ་དགྲོལ་ནུས། ཡིད་ཀྱི་སྒོ་མོ་བསྡམས་པའི་ན་བུན་གྱི་སྨུག་རྒྱ་དཀྲོག་ནུས་ལ། སེམས་གནས་ཀྱི་རྟེན་བྱེད་ལ་ཚོར་སྐྱེན་གྱི་འོད་སྣང་འབར་ནུས་ལ། མིག་ཀོང་གི་མཆི་མ་སྟོབས་ཤུགས་སུ་བསྒྱུར་ནུས་སོ། ། མདོར་ན། གླུ་དབྱངས་ཀྱིས་འཚོ་བའི་སྤོབས་སེམས་གནང་ཐུབ། དགའ་བའི་འཛུམ་མདངས་བསྐྱེད་ཐུབ། སྙིང་ལ་བསིལ་བ་སྟེར་ཐུབ། སེམས་ཀྱི་གཅོང་ནད་གསོ་ཐུབ། དྲན་པའི་མཆི་མ་དཀུ་ཐུབ། ཕན་བདེའི་གྲིབ་བསིལ་སྩོལ་ཐུབ། སྙིང་རུས་བློ་རྒྱ་བསྐྱེད་ཐུབ། མི་ཚེའི་བདེ་སྡུག་གཞལ་ཐུབ། བསམ་གཞིགས་ཀྱི་མེ་ལྕེ་སྦར་ཐུབ། གཉིད་དང་རྨུགས་པ་སངས་ཐུབ། བདེ་བའི་དབུགས་དབྱུང་ཕྱུང་ཐུབ། ཚོར་འདུ་གོང་བུར་བསྒྲིགས་ཐུབ། སེམས་ཀྱི་རྦ་ཀློང་འཕྱུར་དུ་འཇུག་ཐུབ། སྙིང་ཁོངས་ཀྱི་འཁྱགས་རོམ་ཞུ་ཐུབ། ཁེར་རྐྱང་གི་མྱ་ངན་སེལ་ཐུབ། སེམས་ཀྱི་རྨ་ཁ་གསོ་ཐུབ། མདུན་བསྐྱོད་ལ་གཞེན་སྐུལ་སྒྲོགས་ཐུབ། མཛེས་སྡུག་གི་འདབ་སྟོང་གྲོལ་ཐུབ། དགའ་སྟོན་གྱི་ཡོ་ལང་རྒྱས་ཐུབ། ལུས་ཀྱི་ངལ་བ་འཕྲོག་ཐུབ། རྟོག་བཏགས་ཀྱི་སྐྱེས་སྟོབས་རྒྱས་ཐུབ། འགྲོ་བའི་རེ་བློ་སྐོང་ཐུབ། སྡུག་ཀྱང་སྐྱིད་ལ་ཁྱེར་ཐུབ་བོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།