ན་གཞོན་སྙན་ངག་པ་སྙན་བུའི་སྙན་ངག་འོས་སྦྱོར།

རྩོམ་པ་པོ།:སྙན་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-12-14 15:42:21 ཀློག་གྲངས།:
འཕུར་སྐྱོད་ཐེངས་ཤིག

ཕངས་སེམས་སྐྱེ་དགོས་མི་འདུག
དུས་ཀྱི་འཕུར་སྐྱོད་རྨིས་བྱུང
བདག་གིས་གཤོག་ཟུང་བརྐྱངས་ནས
ཡང་ན་རྟ་ཕོའི་གཤོག་ཟུང

རྟ་ཕོ་ནི་བཙན་པོའི་དམག་རྟའོ
རི་མགོ་མཐོན་པོའི་སྨུག་སྤྲིན་གསེང་ནས
དཔའ་བོ་གཡུ་རལ་ཅན་གྱི་ང་རོའི་སྒྲ
ཡང་ན་ཟིལ་གྱིས་ནོན་པའི་འཚེར་སྐད་ལྷང་ལྷང་གྲགས
སྐད་ཅིག་ཉིད་ལ་ང་རང་གནའ་བོའི་སྦྲ་སྒོར་སླེབས

སྲིད་པའི་སྦྲ་རྒན་རྒྱ་མཚོའི་དཀྱིལ་དབུས་སུ
རྒྱ་མཚོའི་མཐའ་རུ་གློ་བུར་མུན་པ་འཐིབས
ཀྱེ་ཀྱེ་འདི་ནི་གང་ཞིག་ང་ཡི་ལྷ་བླ་མ
བདག་ལ་སྐྱབས་དང་སྐྱོབ་པའི་གྲོགས་དན་མཛོད་ཅིག་གུ
མུན་པའི་གསེང་དུ་ཁྱོད་ཤི་ང་གསོན་འཐབ་མོ་འགྱེད
ཁྲག་གི་མཚོ་མོ་དམར་ལྷོག་ལྷོག་ཏུ་ཁོལ་བར་རྩོམ

ང་རང་སྐྱ་མདའ་ཤར་དུས་ད་རུང་སྐྱ་དམག་ཅིག
ང་ཡི་གྱི་ལིང་དམག་རྟའི་གཤོག་པ་ཡ་གཅིག་རྨས
ང་རོའི་སྒྲ་དང་བརྩེ་བས་ཁེངས་པའི་གནའ་བོའི་རལ་གྲི་འདི
ང་རྒྱལ་ཅན་གྱི་དམག་དཔོན་གང་དེའི་སྙིང་གི་རྩེ་ནས་ཕྱུང

ཕངས་སེམས་སྐྱེ་དགོས་མི་འདུག
དགྲ་བོ་མཐའ་དག་ཚར་བཅད་ཟིན
ཡང་ན་ཕངས་སེམས་ཆེན་པོ་སྐྱེས་བྱུང
ད་ནི་མཐིང་མདོག་འཛིན་པ་སྣང་བར་མི་བྱ་ཞིང
གཤོག་དབང་ཐོབ་པ་རྟག་བརྟན་མ་གྱུར་བས
འདི་ནི་སུ་ཡི་བསྐོས་ཐང་དེ་ལ་སྙིགས་མའི་དུས་ཀྱི་གྲང་ངར་ལྡང
འདི་ན་སུ་ཡི་བསྟི་གནས་དེ་ལ་ལྟས་དང་རྨི་ལམ་ངན་པ་བྲུབ

རྟ་ཕོ་སྔར་གྱི་རྟ་ཕོ་སྒྱུ་མའི་ཀློང་ན་ནམ་འཕང་གཏོད
ང་རང་ཡོངས་སུ་འདས་ཟིན་ད་ལྟ་ཉིད་ལ་གཞི་ནས་སད
དུས་ཀྱི་དྲན་པ་སྣ་ཚོགས་ངག་ལ་གཅིལ་ནས་བརྗོད་ཐབས་བྲལ
ལས་ཀྱི་རྨ་ཁ་ཟབ་མོ་སྐྱེ་རབས་འགའ་ལའང་སོས་པ་མེད
2022.11.3
 
ཤིན་ཏུ་འཁྱག་པའི་གཞས།

ཤིན་ཏུ་འཁྱག་པའི་མིག་ཟུང་ནང་དུ་དགུན་ཁ་བསླེབས་འདུག
ཡིན་ཡང་ང་ལྷག་བསམ་རྣམ་དག་གིས་གཉིད་དུ་ཡུར་ན
ག་ལེར་འབུས་བཞིན་པའི་ལྗང་སྨྱུག་མཐོང་ཐུབ

མཁྲིག་མའི་ཆུ་ཚོད་ཁེགས་ནས་ཉིན་ཞག་གྲངས་མེད་འགོར
ཡིན་ཡང་ངས་རྣ་བ་གླན་ནས་ཞིབ་ཏུ་ཉན་ན
ཡང་ཞིང་དལ་བའི་ཐག་སྒྲ་ཐོས་ཐུབ

ས་སྟེང་འདིའི་ལང་ཚོ་མཐའ་དག་ལ་ལྟེབ་གཉེར་ཆགས་འདུག
ཡིན་ཡང་ཁྱོད་ཟེར་བ་ཞིག་དྲན་པའི་གཏིང་ནས་འཛུམ་འོང་ན
ངས་སླར་ཡང་འོ་ཞིམ་པོ་ཞིག་གི་མངར་ཁ་མྱོང་ཐུབ

དེ་ལྟ་ནའང  ང་རང་སྐབས་མང་པོ་ཞིག་ལ་དྲན་པ་ཡམ་ཡོམ་དང
དབུགས་ཀྱི་འབྱིན་རྔུབ་ཁྲོད་ནས་མི་རྟག་པ་ཡིས་འཚང་ཁ་རྒྱག
ཁེར་རྐྱང་གི་འདབ་ལོ་ཁྲག་ཁྲིག་ཀྱང་ཡུལ་གྱར་ལས་སྐྱེས་ཤིང་ཡུལ་གྱར་ལས་ལྷུང

ཉམ་ཐག་པའི་ང་ནི་རང་གི་ད་ལྟ་བའི་དུར་ཁྲོད་དུ་འགྲེང་ནས
ཆེས་མཇུག་མཐའི་གདུང་སེམས་མཉམ་སྐྱེད་བྱེད་དུས
འཚོ་བའི་ཀོ་གྲུ་གཏོང་མཁན་མང་པོ་གཅིག་འཕྲོར་གཅིག་ཏུ་མི་སྣང་བར་ཡལ་ཞིང
སྐྲ་རྩེའི་ང་རྒྱལ་དང་རུས་རྐང་གི་བློ་ཐག་རྦད་ཆོད་སྔ་མོ་ནས་བོར་བརླག་ཐེབས་འདུག
2022.12.3

ན་གཞོན་སྙན་ངག་པ་སྙན་བུ། པེ་ཅིན་གྱི་འབྲོག་པ། བརྩམས་ཆོས་གཙོ་བོར་སྙན་དེབ«བདག་གི་རྟ་ཕོ»དང་། «ང་ལམ་ལ་ཆས་འདོད།» སྒྲུང་འབྲིང་དེབ«རི་མོའི་ནང་གི་ཨ་ཕ»བཅས་ཡོད།

རྩོམ་གྱི་ཡོང་ཁུངས། སྙན་བུའི་རྩོམ་རིག་འཕྲིན་སྟེགས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།