མ་འོངས་པའི་ཁྱེད་ལ་ཕུལ།
རྩོམ་པ་པོ།:མཁར་མོ་བྱམས་ཀྱིས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-05 15:37:13
ཀློག་གྲངས།:
མ་འོངས་པའི་ཁྱེད་ལ་ཕུལ།
ཡིའུ་ཀུང་ཀྲུང་གིས་བརྩམས།
མཁར་མོ་བྱམས་ཀྱིས་བསྒྱུར།
མཁར་མོ་བྱམས་ཀྱིས་བསྒྱུར།
གཅེས་ཕྲུག ངའི་ཡ་ཆུང་སེམས་ཀྱི་རེ་བཞག་གཅིག་ནི་ཁྱེད་རང་ཕུགས་བསམ་རིང་ལུགས་པ་ཞིག་བྱེད་རྒྱུ་དེ་ཡིན།
ཞིང་བ་ཞིག་ཡིན་ན་ཆོག་ལ། བཟོ་བཀོད་པ་ཞིག་གམ། ཡང་ན་འཁྲབ་སྟོན་པ། ཐ་ན་ཡུལ་ཕྱོགས་ངེས་མེད་ཉུལ་བའི་འཁྱམ་པོ་ཞིག་ཡིན་ཡང་རུང་། གང་ལྟར་ཁྱེད་རང་ངེས་པར་དུ་ཕུགས་བསམ་རིང་ལུགས་པ་ཞིག་ཡིན་དགོས།
ཁྱེད་རང་ཆུང་དུས་སུ། ང་ཚོས་ཁྱེད་ལ་དཔའ་བོའི་རྟོགས་བརྗོད་མང་དུ་འཆད་མོད། ཡིན་ཡང་དེ་ནི་ཁྱེད་རང་ངེས་པར་དུ་དཔའ་བོ་ཞིག་ཏུ་འགྱུར་དགོས་པའི་རེ་བ་བཏོན་པ་མིན་པར། གཞུང་དྲང་བབ་ཆགས་ཀྱི་གཤིས་རྒྱུད་གཙང་མ་ཞིག་ཆགས་ཕྱིར་ཡིན།
གཞོན་དུས་སུ། ང་ཚོས་ཁྱེད་ལ་སྙན་རྩོམ་དང་མཛེས་རིས། གླུ་དབྱངས་སོགས་བསམ་བློའི་རིག་གནས་ཀྱི་ཉིང་བཅུད་མང་དུ་བླུད་ཅིང་། དེ་ནི་ཁྱེད་ལ་མཆོག་ཏུ་གྱུར་བའི་དགའ་ཁ་འཁྱེར་ཕྱོགས་ཤིག་ཡོད་ཕྱིར་ཡིན།
དགའ་ཁ་འཁྱེར་ཕྱོགས་དེས་དུས་དང་རྣམ་པ་ཀུན་དུ་ཁྱེད་ལ་གཡས་སྐྱོར་གཡོན་འདེགས་བྱེད་སྲིད་ལ། ཙག་རླུང་རྒོད་པའི་དགུན་གཞུང་རིང་མོར་ཁྱེད་ཀྱིས་རྒྱ་སེ་མེ་ཏོག་གི་དྲི་ངད་ཚོར་ཐུབ། ཕུགས་བསམ་གྱིས་ཀུན་ལས་ཁྱད་དུ་འཕགས་པ་ཞིག་ཡོང་ཐུབ།
གཅེས་ཕྲུག ཕྱིའི་རྣམ་པ་ཙམ་ཁོ་ནར་དེ་འདྲའི་སེམས་ཁྲལ་བྱ་མི་དགོས་ལ།
ཕུགས་བསམ་གྱི་ས་བོན་སེམས་སུ་ཡོད་ཚེ་མེ་ཏོག་གི་མཚར་སྡུག་ཕྱི་རུ་མངོན་སྲིད་ལ།
ཕྱི་ཚུལ་ཇི་ལྟར་མཛེས་ཀྱང་མིག་རྒྱང་ཐུང་བས་མི་ཀུན་སུན་པའི་གནས་སུ་འགྱུར་ངེས།
ཕུགས་བསམ་སྙེག་པའི་ལམ་བུ་ཀྱག་ཀྱོག་ཤིན་ཏུ་ཆེ་ཞིང་། ཁྱེད་ཀྱིས་དཀའ་བ་བརྒྱ་དང་ངལ་བ་སྟོང་ཕྲག་མྱོང་དགོས།
ཡིན་ཡང་། གཅེས་ཕྲུག ཁྱེད་ཀྱིས་ངེས་པར་དུ་བློ་སྤོབས་ཀྱི་འདབ་ལག་བརྐྱངས་ཏེ་ཧུར་ཐག་གྱིས་ཤིག ཕུགས་བསམ་རིང་ལུགས་པའི་མཐའ་འབྲས་སྐྱོ་གར་ཡིན་ཡང་ཉམ་ཐག་པ་ཞིག་གཏན་ནས་མིན།
བལྟས་ན་ཀྱག་ཀྱོག་ཆེ་བའི་མི་ཚེའི་བརྒྱུད་ལམ་ཁྲོད། ཁྱེད་ཀྱིས་མཁས་པ་དང་སྐྱེ་མཆོག་དམ་པ་མང་པོ་ངོ་ཤེས་སྲིད་ལ། མི་གཞན་པས་མཐོང་མ་མྱོང་བའི་མཛེས་ལྗོངས་དང་ངོ་མཚར་ཡང་མཐོང་སྲིད།
ཕལ་བའི་མི་ཚེ་གཏན་འཇགས་ཡིན་ཡང་མཚར་སྡུག་དབེན།
མིག་མདུན་གྱི་ཁེ་ཕན་ཙམ་གྱི་ཆེད་དུ་རང་གི་ཕུགས་བསམ་འདོར་མི་རུང་ལ། གསར་དར་གྱི་རླབས་རྒྱུན་སྙེག་ཕྱིར་རང་གི་དད་འདུན་འབོར་མི་རུང་།
དངོས་བོའི་འཇིག་རྟེན་གྱི་སྣང་ཚུལ་རྙོག་འཛིང་ཆེ་བས། ཁྱེད་ཀྱིས་ཕྱི་རྫིག་ནང་སྟོང་གི་བསླུ་བྲིད་བཟློག་ཐབས་ཀུན་ནས་ཤེས་དགོས།
ཕུགས་བསམ་ནི་ཁེ་ཕན་རག་ཐུབ་པ་ཞིག་མིན་ཞིང་། དེས་འཇིག་རྟེན་གྱི་ལོངས་སྤྱོད་གང་ཡང་འདོན་མི་ཐུབ་པས།
ཁྱེད་རང་ཁས་ལེན་མཁན་མེད་པའི་འཚོ་བར་ལོབས་ཤིང་། བསམ་པའི་ལོངས་སྤྱོད་མྱོང་བར་གོམས་དགོས་ལ། གཞན་དང་མི་མཐུན་པ་ཞིག་ཏུ་འགྱུར་བར་བརྩོན་དགོས།
གཅེས་ཕྲུག ཕྱོགས་གཞན་ཞིག་ནས། ངའི་རེ་བར་ཁྱེད་རང་ནན་ནན་ཏིག་ཏིག་གི་མི་ཞིག་བྱེད་རྒྱུ་དེ་ཡིན།
མི་ཚེ་ཐུང་དྲག་ཅིང་། བཅོས་མའི་དབང་དུ་གྱུར་བའི་དངོས་པོ་ཤིན་ཏུ་མང་བས། ཁྱེད་ཀྱི་ཡིད་སེམས་འགུག་ཅིང་མིག་དབང་འཕྲོག་ལ། མཇུག་མཐར་བྱ་བ་གཅིག་ཀྱང་འགྲུབ་མི་ཐུབ།
གལ་ཏེ་ཁྱེད་ནི་མཛེས་སྡུག་ཡིད་གར་འོང་བའི་བུ་མོ་ཞིག་ཡིན་ཚེ། གཞོན་དུས་སུ་སྐྱེས་པ་མང་བོ་སྦྲང་མ་ཟེའུ་འབྲུར་ཞེན་པ་ནང་བཞིན་ཁྱེད་ལ་འཁོར་སྲིད་ཅིང་། དགོས་འདོད་ཆེ་བའི་དངོས་པོ་ཡང་ཤིན་ཏུ་ཐོབ་སླ་མོད། ཡིན་ཡང་འདིས་ཁྱེད་ཉིད་ཆོ་མེད་ཀྱི་གནས་སུ་བསྐྱལ་ངེས།
གལ་ཏེ་ཁྱེད་ནི་བློ་རིག་རྒོད་པའི་བུ་ལོ་ཞིག་ཡིན་ཚེ། བྱ་གཞག་རླབས་ཆེན་འགྲུབ་སྲིད་པའི་རང་རློམ་གྱིས་ཁ་ཡང་སྤྱོད་ཡང་བྱེད་སྲིད་ཅིང་། སེམས་སུ་འཛིན་རྒྱུ་ཞིག་ལ། མི་ཚང་མའི་ནུས་པར་ཚད་ཡོད་པས། ང་ཚོ་འཇིག་རྟེན་འདིར་འཚོ་ཞིང་གནས་སྐབས་དོན་དག་གཅིག་འགྲུབ་ན་དེའི་ཆོག
དཔེ་ཆ་གཅིག་ལེགས་པོར་འབྲི་ཐུབ་ན་ཆོག་ལ། མིང་དོན་མཚུངས་བའི་ཁྱིམ་བདག་མ་ཞིག་བྱེད་ནའང་ཆོག
ཕལ་བའི་མི་ལ་མཐོང་ཆུང་བྱ་མི་འོས་ལ། རྒྱུ་མེད་འབྲས་བུ་ཐོབ་ཐབས་དང་། སྒྲུབ་མི་ཐུབ་པའི་བྱ་བར་ཨུ་ཚུགས་མ་ཆེ་ཞིག
ཁྱེད་རང་ནར་སོན་རྗེས་ད་གཟོད་བྱ་བ་གཅིག་ལེགས་འགྲུབ་ཡོང་རྒྱུ་ནི་ཅི་འདྲའི་ཁག་པོ་ཞིག་ཡིན་པ་ཤེས་སྲིད་མོད། ཡིན་ཡང་ངེས་པར་དུ་དམ་འཛིན་བྱ་དགོས།
ཁྱེད་ཀྱིས་བརྩེ་དུང་གཅེས་འཛིན་བྱ་ཤེས་དགོས་ལ།
སྐྱེས་པ་དང་བུད་མེད་སུ་ཡིན་རུང་། ས་ཐག་ཉེ་རིང་གང་ཡིན་ཡང་། འགྲོགས་ཤིང་འདྲིས་པའི་སྐལ་བ་ཐོབ་རྒྱུ་ནི་ལས་སླ་བོ་ཞིག་གཏན་ནས་མིན།
འབྲེལ་འདྲིས་ཀྱི་བརྒྱུད་རིམ་ཁྲོད་གོ་ནོར་དང་འགལ་བ་འབྱུང་སྲིད་ཀྱང་། འཇིག་རྟེན་གྱི་ཁམས་འདི་ནས་ལས་ཀྱི་བཀོད་པས་མཉམ་དུ་འགྲོགས་ཐུབ་པའི་མི་ག་ཙམ་ཡོད་པར་འདང་རེ་རྒྱོབས་ཤིག
ཁྱེད་ཀྱིས་ཤེས་རྒྱུ་ཞིག་ལ་འཛོམས་པའི་མཐའ་མ་འབྲལ་སྲིད་པས། འཚོ་བའི་ཁྲོད་གཉེན་གྲོགས་ལྷན་དུ་འཛོམས་ཤིང་། སྐྱིད་ན་དགོད་གྲོགས་དང་། སྡུག་ན་ངུ་གྲོགས་ཡོད་དུས། ཁྱེད་ཉིད་དགའ་ཞིང་མགུ་ན་འོས།
ཁྱེད་ཉིད་རང་གཞན་ཀུན་ལ་དགའ་དགོས་ལ། རང་གཞན་ཀུན་ལ་རྒྱུས་མངའ་ཡོད་དགོས།
ཁྱེད་ཀྱི་སེམས་རྒྱུད་ཆུ་བོ་བཞིན་ལྷོད་དགོས་ལ། ཁྱེད་ཀྱི་མིག་མདངས་དཔྱིད་དཔལ་བཞིན་ཡིད་དུ་འོང་དགོས།
ཁྱེད་ཀྱིས་སྡུག་བསྔལ་དང་ལེན་བྱ་ཤེས་དགོས་ལ། ཁེར་རྐྱང་ངང་མུན་པའི་ཁྲོད་ནས་སྐྱོ་གླུར་ཉན་ཤེས་དགོས།
ཁྱེད་ཀྱིས་སྐྱོ་གར་ཉམས་སུ་མྱོང་ཤེས་དགོས་ལ། སྐྱོ་གར་གྱིས་ཁྱེད་ཀྱི་བསམ་བློ་ཕུན་སུམ་ཚོགས་སུ་གཏོང་ཐུབ།
བདག་གི་རེ་བར་ཁྱེད་རང་བག་འཁུམས་པ་ཞིག་མིན་པར། སྒེར་ཚུགས་ཅན་ཞིག་ཡིན་ཞིང་།
ཁྱེད་ཀྱིས་འཇིག་རྟེན་གྱི་སྲོལ་རྙིང་མདུན་ནས་མགོ་བོ་མ་སྒུར་ཚེ། རུས་གསེང་ལ་འཐིམས་པའི་སྒེར་ཚུགས་ཀྱི་རང་བཞིན་དེ་སུས་ཀྱང་བརླག་མི་ཐུབ།
ཁྱེད་ཀྱིས་བདེན་པའི་རང་བཞིན་ཉམས་སུ་མྱོང་ཤེས་དགོས་ལ། བཅོས་མའི་གདོང་འབག་འོག་གི་བདེན་པ་རྟོགས་དགོས།
འཇིག་རྟེན་འདིར་ཁ་ཡག་ངོ་དགའ་བཤད་ཤེས་མཁན་མང་ཡང་། ཀུན་ལས་ཁྱད་དུ་འཕགས་པ་ཤིན་ཏུ་ཉུང་ལ། ཁྱད་དུ་འཕགས་པ་དག་ཀྱང་སྨྱོན་པ་དང་ཐ་ཤལ་གྲས་སུ་ཡིབ་པ་རེད།
ང་ཚོས་གཏན་ལ་ཕབ་འདྲའི་འཇིག་རྟེན་གྱི་སྲོལ་འདིར་རྣམ་པའི་སྟེང་ནས་འཐབ་རྩོད་བྱ་མི་ཐུབ་རུང་། ནང་བསམ་པའི་སྟེང་ནས་ང་ཚོ་རང་ཉིད་ཀྱི་མགོན་ཅི་ལ་མིན།
གལ་ཏེ་ཁྱོད་ཀྱི་གདོང་ལ་ངོ་བསྟོད་ཀྱི་རྫུ་བག་མངོན་ཚེ། ང་རང་ཡིད་ཆད་ཅིང་ངོ་མནོངས་ངེས།
འཇིག་རྟེན་གྱི་དངོས་བོ་མང་པོ་ཞིག་བལྟས་ན་ཡག་ཀྱང་རིན་ཐང་མེད། ཁྱེད་ཀྱིས་མང་ཚོགས་ཀྱི་ལེགས་ཉེས་འབྱེད་སྟངས་དེ་རང་རྒྱུད་དུ་ལེན་མི་རུང་། དེ་མིན་ཚེ་ཁྱེད་རང་བྲག་སྐམ་འུད་ཀྱི་རྗེས་འབྲངས་བ་དེར་འགྱུར་སྲིད།
མི་གཞིའི་ཐད་ནས་བྱེ་བྲག་སྒོས་བཤད་ན། ངའི་རེ་བར་ཁྱེད་ཀྱིས་གཞན་གྱི་ཁ་བརྡའི་བར་མི་གཅོད་ཅིང་། རང་ཉིད་ངན་ལང་ལ་མི་འགྲོ་བར།
ཉིན་རེར་མ་མཐའ་ཡང་དུས་ཚོད་གཉིས་ཙམ་བེད་སྤྱད་ནས་དཔེ་ཀློག་དང་། གྲོགས་པོ་དག་ལ་འཕྲིན་ལན་བསྐུར་དགོས།
ནམ་རྒྱུན་གཞན་གྱིས་རང་དོན་སྒྲུབ་རྒྱུར་བསམ་བློ་མི་གཏོང་བར། རང་གིས་གཞན་ལ་ཅི་ལྟར་རོགས་སྐྱོར་བྱ་རྒྱུར་བསམ་གཞིགས་བྱ་དགོས།
གཡར་བའི་དངོས་བོ་ཕྱིར་སྟེར་དགོས་ཤིང་། གང་འདོད་དུ་གཞན་གྱི་ས་ནས་ཁེ་ཕན་ལེན་མི་རུང་།
སེམས་སུ་འཛིན་རྒྱུ་ཞིག་ལ། གཞན་གྱི་དངོས་བོ་ཅི་འདྲ་བཟང་ཡང་། དེ་ནི་ཁྱེད་ལ་མི་དབང་བ་དང་། རང་གི་དངོས་པོ་ཅི་འདྲ་ཞན་ཡང་། རང་གི་ཡིན་པ་ཤེས་པར་གྱིས།
གཅེས་ཕྲུག ད་དུང་དོན་གཅིག་ཡོད་པ་ནི། རང་གི་མི་འདང་སར་ངོས་འཛིན་ཡང་དག་བྱ་རྒྱུའི་བློ་སྤོབས་ཡོད་དགོས་པ་དེ་ཡིན་ལ། དེ་ནི་སྒྲུབ་དཀའ་ལ་གལ་འགངས་ཀྱང་ཤིན་ཏུ་ཆེ།
ཁྱེད་རང་ལོ་རེར་བསྡད་ན་ཇེ་ཆེ་ཡིན་ཞིང་། བསྡད་ཀྱིན་བསྡད་ཀྱིན་ཁྱེད་ལས་སྟོབས་ལྡན་ཞིང་། ཁྱེད་ལས་ཕུལ་དུ་བྱུང་བའི་མི་མང་པོར་འཕྲད་སྲིད་པས། རིམ་གྱིས་རང་ཉིད་ལ་ཞན་ཆ་གང་མང་ཞིག་མཆིས་པ་ཡང་གཞི་ནས་ཚོར་ཞིང་། རང་དམན་དང་ཡིད་ཕངས་པའི་སེམས་ཁམས་འབྱུང་སྲིད།
ཡིན་ཡང་ཁྱེད་ཀྱིས་དེར་གདོང་གཏོད་ཐུབ་ཅིང་རེ་རེ་བཞིན་བཅོས་བསྒྱུར་བྱ་དགོས་པ་ལས། དོན་དངོས་ལ་གཡོལ་ཐབས་གཏན་ནས་བྱ་མི་རུང་།
རང་ལས་རྣམ་པར་རྒྱལ་རྒྱུ་ནི་མི་གཞན་པ་དབང་དུ་བསྡུ་རྒྱུ་ལས་དཀའ་ཁག་ཆེ་ཡང་དོན་སྙིང་ལྡན།
འཛམ་པོ་གླིང་གི་དར་སྲོལ་ལ་འགྱུར་ལྡོག་ཅི་འདྲ་བྱུང་རུང་། གཞུང་དྲང་དང་བློ་སྤོབས། སྒེར་ཚུགས་ལྡན་པའི་མི་གཤིས་ནི་འགྱུར་མེད་རྟག་བརྟན་ཡིན།
ཁྱེད་ཉིད་ཕུལ་དུ་བྱུང་བ་ཞིག་ཡིན་རྒྱུ་ནི་ངའི་རེ་བཞག་ཉག་ཅིག་ཡིན།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།