རྒྱལ་མོ་འོད་དཀར་གྱི་སྒྲུང་ཐུང་།
རྩོམ་པ་པོ།:རྒྱལ་མོ་འོད་དཀར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-12-01 09:37:37
ཀློག་གྲངས།:
སྐྱ་རེངས་ཤར་བ་ནས་ཉི་མ་ནུབ་ཁའི་བར།
རྒྱལ་མོ་འོད་དཀར།
གཅིག
གཉིས།
དེ་རིང་ནི་ཨ་ཁུ་དཔལ་ལྡན་གྱི་ཆུང་མ་འདས་ནས་ལོ་གཅིག་སོང་བའི་ཉིན་ཡིན་པས་ཁོ་དགོན་པའི་ནང་དུ་སོང་ནས་གྲྭ་བ་རེ་ལ་སྒོར་ལྔ་བཅུ་རེ་དང་ཨ་ལགས་འབྲོང་ཚང་ལ་སྒོར་སུམ་བརྒྱ་བྱིན་ནས་ཨ་ལགས་འབྲོང་ཚང་ལ་“རྒན་མོ་འདས་ནས་ལོ་གཅིག་འགོར་ནའང་ད་དུང་ཁོ་མོ་རྒྱུན་པར་རྨི་ལམ་ལ་ཡོང་གིན་འདུག་པས་ད་ལྟ་ཁོ་མོ་རིགས་དྲུག་གང་དུ་སྐྱེས་ཡོད་དམ་ལགས། ཡང་ཅིག་བཤད་ན་ངའི་བུ་ཆུང་ཡང་བཅུ་དྲུག་ལང་ཚོ་དར་ལ་བབས་ཡོད་པའི་སྐབས་ཤིག་ཡིན།ད་ནི་མནའ་མ་ཞིག་ལེན་རན་དུ་འདུག་པས་ང་ཚོའི་སྡེ་བའི་ཡུགས་མོ་ཚང་གི་བུ་མོ་བླངས་ན་གང་འདྲ་འདུག་ལགས།”ཟེར།ཨ་ལགས་འབྲོང་ཚང་གི་ལག་པས་ཕྲེང་བ་ཕུར་ཞོར་མིག་བཙུམ་ནས་ཅུང་ཙམ་བསྡད་དེ“དྲང་མོར་བཤད་ན་ངས་ཁྱོད་ལ་སྔར་ནས་ཁས་བླངས་ཡོད་པ་ལྟར་ཁྱོའི་རྒན་མོའི་མི་ལུས་གཙང་མ་ཕོ་ལུས་ཤིག་བླངས་ཡོད་པ་མ་ཟད་རང་གི་སྡེ་བའི་ནང་དུ་སྐྱེས་ཡོད།”ཟེར་སྐབས་ཨ་ཁུ་དཔལ་ལྡན་གྱི་གདོང་དུ་འཛུམ་མདངས་ཤིག་གིས་ཁེངས་ནས་ཡོང་བཞིན།
“ཡ་ལགས། ཡ་ལགས།”ཟེར་བཞིན།“འོ་ན་བུ་ཆུང་ཚེ་རིང་ལ་མནའ་མ་དེ་བླངས་ན་རྗེས་ཕྱོགས་ཀྱི་གནས་ཚུལ་གང་འདྲ་འདུག་ལགས།”ཟེར།
ཡང་བསྐྱར་ཨ་ལགས་འབྲོང་ཚང་གིས་ཕྲེང་བ་ཕུར་ཞོར་དུ་མིག་གཉིས་ཅུང་ཙམ་བཙུམ་རྗེས“འོ་རེད་རེད། བུ་མོ་དེ་ཁྱོད་ཚང་གི་བུ་ཆུང་ལ་ཧ་ཅང་འཚམ་པོ་འདུག རྗེས་ཕྱོགས་ཁྱོད་ཚང་གིས་སྐྱིད་རྒྱག་རྒྱུ་རེད། སྐྱིད་རྒྱག་རྒྱུ་རེད།”ཟེར་བཞིན་ཇ་ཕོར་བླངས་ནས་ཇ་ཧུབ་གང་འཐུང་། གཏམ་དེ་ཐོས་སྐབས་ཨ་ཁུ་དཔལ་ལྡན་ལ་སྔར་བས་སྤྲོ་སྣང་ཞིག་གིས་ཁེངས་ནས་ཡོད་དོ།།
གསུམ།
གཏམ་དཔེ་ལ“ཕ་དགའ་ན་བུ་སྐྱིད། བུ་འཛོམས་ན་ཕ་སྐྱིད།”ཞེས་པའི་དཔེ་བཞིན་བཀྲ་ཤིས་པའི་ཉི་མ་ཞིག་ལ། ཨ་ཁུ་དཔལ་ལྡན་གྱིས་ཡུགས་མོ་ཚང་གི་བུད་མེད་བཀྲ་ཤིས་སྐྱིད་རང་གི་རྟ་ལ་བསྐྱོན་ནས་སྒོ་ངའི་ནང་གི་སེར་ཐིག་དང་། ཁོག་པའི་ནང་གི་སྙིང་ཐིག་ལྟར་གཅེས་པའི་ཁོའི་བུ་ཆུང་ཚེ་རིང་ལ་བག་མར་བསུས་ནས་ཡོད། བུད་མེད་བཀྲ་ཤིས་སྐྱིད་རང་ལོ་ཉེར་གཅིག་ཙམ་ཡིན་ལ། ལུས་ཤ་རྒྱས་ཤིང་ནུ་ཟུང་ཆེ་བ་དང་གདོང་གི་བཞིན་རས་དཀར་རྒྱུ་མེད་ན་ཡང་དེང་གི་མཛེས་སྣུམ(化妆品)མང་བོ་ཞིག་གི་བཀའ་དྲིན་གྱིས་ཁོ་མོའི་ངོ་གདོང་དཀར་པོ་ཞིག་ཏུ་བཏང་ནས་ཡོད། གཉེན་སྟོན་གྱི་སྟེང་དུ་ཕོ་མོ་མང་བོ་ཞིག་གིས་དགའ་ལྷང་ལྷང་དང་དགོད་འཛུམ་འཛུམ་གྱིས་གླུ་ལེན་བྲོ་རྩེད་བྱེད་བཞིན་དུ་ཟས་ལ་རོལ་བཞིན་འདུག་ནའང་རྗེས་ཕྱོགས་ཀྱི་འཚོ་བ་ནི་གང་འདྲ་ཞིག་ཡིན་པ་སུ་ཞིག་གིས་རྟོགས།
བཞི།
ད་ནི་ཨ་ཁུ་དཔལ་ལྡན་དགུང་ལོ་མཐོ་ན་ཡང་ནམ་རྒྱུན་དང་འདྲ་བར་སྔ་མོ་ནས་མལ་ལས་ལངས་ཏེ་ཐོག་མར་ལྷ་དཀོན་མཆོག་གསུམ་ལ་མཆོད་པ་བྱས་རྗེས་ཁྱིམ་གྱི་བྱ་བ་ཙག་ཙིག་ཚང་མ་ལས་ཏེ་ཁང་བའི་ཁྱམས་སྟེང་དུ་བལ་གདན་རྙིང་རུལ་དུ་གྱུར་སོང་བའི་སྟེང་དུ་སྐྱིལ་ཀྲུང་དང་བཅས་ཏེ་ལག་ཏུ་ཧ་ཅང་ཟད་ཡོད་པའི་ཙན་དན་གྱི་ཕྲེང་བ་ཞིག་ལག་གཡོན་པའི་གོང་མཛུབ་དང་དཀྱིལ་མཛུབ་བར་དུ་བཟུང་སྟེ་མཐེ་བོང་གིས་ཕྲེང་རྡོག་རེ་རེ་བགྲང་ཚུལ་ལ་བལྟས་ན་བློ་རྩེ་གཅིག་སྒྲིམ་ངང་ལྷ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི་བཞིན་པ་ཤེས་ཐུབ། སྐབས་འགར་རླུང་བུ་དྲག་པོ་རེ་ཁོའི་གདོང་ལ་ཕོག་སྐབས་ཁོས་ལག་གཡས་པའི་གོང་འཛུམ་དང་དཀྱིལ་འཛུབ་བར་དུ་བཟུང་ཡོད་པའི་ཕྲེང་བའི་ལག་པ་དེ་གདོང་ངོས་སུ་བཀབ་ཏེ་མིག་ཟུང་གཉིས་བཙུམ་བཙུམ་བྱེད་བཞིན་གདོང་གི་གཉེར་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ་རི་མོ་ཤ་ཤུར་དུ་ཡོང་བ་མཐོང་ཐུབ། ཨ་ཁུ་དཔལ་ལྡན་ནི་མི་དྲང་མོ་ཉག་ཕྲན་མདའ་འདྲ་བ་ཞིག་ཡིན་པས་བཅུ་དྲུག་ལང་ཚོ་དར་ལ་བབས་པའི་སྐབས་ནས་བཟུང་བློ་ཕ་ལ་མི་འདྲི་བ་དང་ཟས་མ་ལ་མི་སློང་བའི་མི་ཞིག་ཡིན། སྡེ་བའི་སྡེ་དཔོན་ལ་ཡང་བསྡད་མྱོང་ལ་མི་ཆེ་ཆུང་སུ་ཡིན་ཡང་ཁོ་ལ་ཡིད་ཆེས་རབ་ཏུ་ཆེ་བ་དང་ནམ་རྒྱུན་སྡེ་བའི་དོན་དག་ཆེ་མ་ཆུང་གསུམ་གང་འདྲ་ཞིག་ལ་འཕྲད་རུང་། ཁོ་རང་མེད་པའི་དུས་ཤིག་ཡེ་ནས་མེད་ཟེར་ནའང་མི་ཆོག་རྒྱུ་མེད།
ལྔ།
སྐྱ་རེངས་ཤར་བའི་འོད་སྣང་སྒེའུ་ཁུང་བརྒྱུད་ནས་ཁང་བའི་ནང་དུ་འཕྲོས་ཏེ་ཁྱིམ་གྱི་ཅ་ལག་རྣམས་མཐོང་ལམ་དུ་རབ་བེ་རིབ་བེར་གནས་སྐབས་ཨ་ཁུ་དཔལ་ལྡན་གྱི་བུ་ཚེ་རིང་མལ་ལས་ལངས་ཏེ་མདང་ནུབ་བོར་སོང་བའམ་གཞན་ཞིག་གིས་དེད་ནས་བུད་སོང་བ་གང་ལྟར་རྗེས་ཤུལ་ཙམ་ཡང་མི་མཐོང་བའི་ལུག་ཁྱུ་བཙལ་བར་སོང་། ཁོའི་མགོ་ལ་ཞྭ་མོ་རྣ་བཞི་རྙིང་ཧྲུལ་ཚིལ་སྟུག་ལ་སོང་བ་ཞིག་གྱོན་ཡོད་པ་དང་བསྙེར་མ་ཤ་ཤུར་བབས་པའི་མགྲིན་པའི་རྒྱན་དུ་ཙན་དན་དམར་བོའི་ཕྲེང་བ་ཞིག་གོན་ཡོད་ལ། རྒྱབ་ཏུ་ཁྲེས་པོ་གྲུ་བཞི་སྣ་རིང་ཞིག་འཕྲེད་ཀྱིས་ཁུར་བ་ལ་བལྟས་ན་རི་ཁྲོད་འགྲིམས་པའི་རྣལ་འབྱོར་པ་ཞིག་དང་མཚུངས། ཞོགས་པའི་རྩྭ་ཐང་ནི་སྨུག་པས་མཐའ་བཞི་གཡོགས་ནས་ཡོད། ཚེ་རིང་གིས་ལ་ལུང་མང་བོ་བརྒྱུད་ཀྱང་མཐར་ལུག་ཁྱུའི་གྲིབ་མ་ཙམ་ཡང་མ་རྙེད། ཁོས་དབུགས་ཧལ་ཧལ་གྱི་ངང་ནས་སྡུག་བསྔལ་གྱི་བསྙེར་མས་ཁེངས་པའི་དབྲལ་བའི་རྔུལ་ཆུ་འབྱིད་བཞིན། “འཇིག་རྟེན་འཁོར་བའི་ནང་ན་སྐྱིད་ཟེར་བ་ཏིལ་འབྲུ་ཙམ་ཡང་མི་འདུག”ཅེས་བཟླས་བརྗོད་བྱེད་པ་ལ་བལྟས་ན་ཁོ་ཧ་ཅང་སེམས་ཕམ་པར་གྱུར་ཞིང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཞིག་ཡིད་ལ་ཤར། ཁོ་ལུག་རྫི་བྱས་ནས་ལུག་ཐེངས་མང་པོར་བོར་ཏེ་འགའ་རེ་ནི་སྤྱང་ཀིས་བསད།འགའ་རེ་ནི་རྐུན་མས་བརྐུས། འགའ་རེ་ནི་གར་སོང་ཆ་མེད་དུ་གྱུར་བ་སོགས་ནམ་མཁའི་འཇའ་ཡལ་བ་བཞིན་དུ་མི་སྣང་བས་ཁོས་མིག་ཟུང་ཙམ་བཙུམས་ནས“ཨ་ཡོ ཤུ།”ཟེར་བའི་ཧུན་སྒྲ་ཞིག་འདོན་བཞིན་ཕྱིར་རང་ཁྱིམ་ཕྱོགས་སུ་མི་ལོག་ཐབས་མེད་བྱུང་སོང་།
དྲུག
ཁོང་གི་ཆུང་མ་བཀྲ་ཤིས་སྐྱིད་སྔ་མོའི་ཆུ་ཚོད་བཅུ་གཅིག་ཙམ་ལ་སླེབས་པའི་སྐབས་དེར། ཁོ་མོས་མལ་ནས་གླལ་སྒྱིང་འགའ་བྱས་རྗེས་ཡར་ལངས་ནས་ཁྱམས་སྟེང་དུ་ཉི་མར་ལྡེས་ཡོད་པའི་ཨ་ཁུ་དཔལ་ལྡན་ཕྱོགས་སུ་མིག་ཉུལ་ཙམ་བྱས་རྗེས་སོས་དལ་བག་ཕེབས་ངང་ནས་ག་ལེར་ནངས་ཇ་འཐུངས་ཏེ་འཕོངས་སྟེགས་ཆུང་ངུ་ཞིག་སྒོ་ཁར་བཞག་སྟེ་བསྡད་པ་ན་འཕོགས་སྟེགས་ཆུང་དྲགས་པའམ་ཡང་ན་ཁོ་མོ་ཆེ་དྲགས་པའི་དབང་གིས་འཕོངས་སྟེགས་ཀྱི་ཟུར་ཙམ་ཡང་མི་མཐོང་བར་གྱུར།ཁོ་མོའི་ངོ་ཤེས་ཤིག་ཁོ་མོའི་ཁྱིམ་སྒོ་བརྒྱུད་ནས་འགྲོ་ཞོར་དུ“བཀྲ་ཤིས་སྐྱིད། དེ་རིང་བྱ་བ་འདྲ་འུ་ཡོད། བྲེལ་བ་ཆེའམ”ཟེར།
“བྱ་བ་ཨེ།” ཁོ་མོས་ངོ་མཚར་བའི་ཚུལ་གྱིས“བྱ་བ་ཟེར་ན་གང་རེད། བྲེལ་བ་ཟེར་ན་ཅི་ཞིག་རེད།”ཟེར་བཞིན་ཧབ་ཆ་ཞིག་བརྒྱབ་ནས“ཨ་ལ་ཀུ་རེ་ཡིན། ངོ་མ་བཤད་ན་བྱ་བ་ཟེར་ན་ཆེན་པོ་མེད། ད་ངེད་ཚང་གི་རྒད་པོ་ཧོན་ལོག(གྲོང་སྐད་དེ་ཀློའུ་ཞེས་པའི་དོན།)གིས་བྱ་བ་མང་ཆེ་བ་ལས་ནས་ཚར་ཡོད། དེ་དབང་གིས་དུས་རྒྱུན་ལྟར་ཁྱིམ་ལས་ཅག་ཙིག་རེ་བྱས་ཏེ་བསྡད་ཡོད། འཇིག་རྟེན་འཁོར་བ་འདི་ནས་ལས་ནས་ཚར་རྒྱུ་དང་ཞིག་གང་ན་ཡོད། མི་ཚེ་ཐུང་ཐུང་ལ་སྐྱིད་པོ་མ་བྱས་ན་དོན་སྙིང་མེད་གི་ཟེར་བཞིན། འོ། ཁྱོད་ཁྱིམ་ལ་ཤོག་ཡ།”ཞེས་ཁོ་མོ་འཕོངས་སྟེགས་ལས་ལངས་ཙམ་བྱས་པ་ལ་བལྟས་ན་ཁོ་མོས་མི་དེ་ལ་ཁ་བརྡ་བྱེད་འདོད་ཤིན་ཏུ་ཆེ་བ་འདྲ། ཡིན་ནའང་མི་དེས“ད་མིན། ད་མིན།”ཟེར་བཞིན་བུད་སོང་བས་ཁོ་མོ་སྔར་བཞིན་ཉི་མར་ལྡེས་ནས་བསྡད།
བདུན།
མནའ་མ་བཀྲ་ཤིས་སྐྱིད་ནི་ནམ་རྒྱུན“ར་མ་ལུག་གི་ཆ་ལུགས།” “གཅན་གཟན་སྲིན་པོའི་ཟ་ལུགས།” “འདའ་མ་འདུར་གྱི་གོམས་ལུགས།” “མི་མ་འདྲེ་ཡི་སྤྱོད་ལུགས།”སོགས་ཡོངས་སུ་ཚང་བ་ང་ལྟ་བུའི་མ་བཤད་ན་ཡང་མི་ཚོགས་སུ་ཤེས།ནམ་རྒྱུན་ཨ་ཁུ་དཔལ་ལྡན་ནི་སྐྱིད་སྡུག་གི་གཏམ་གང་ཡོད་ཀྱང་ཁོག་ཏུ་སྦ་བའི“སྒོམ་ཆུང”ཞིག་ཡིན། ད་ནི་ལོ་གྲངས་མཐོ་ན་ཡང་རྣ་བ་ཧ་ཅང་གསལ་བོ་ཞིག་ཡོད་པས་གོང་གི་གཏམ་དེ་དག་གཅིག་ཀྱང་མ་ལུས་པར་རྣ་བར་ལྷུང་མ་ཐག་རི་དྭགགས་རྨས་མས་བོའུ་སྐད་ཐོས་པ་ལྟར་ངོ་གདོང་དུ་ཁྲོ་བའི་ཉམས་དང་བཅས་ཏེ་རྟབ་རྟབ་པོར་ལག་རྟེན་ནས་གདན་རྙིང་དེ་ལས་འཁྱར་འཁྱོར་ངང་ཡར་ལངས་བཞིན“དཀོན་མཆོག་གསུམ་པོས་མཁྱེན་ནོ། ངས་སྐྱེས་བ་སྔོན་མར་སྡིག་འབྲས་ཅི་ཞིག་བྱེད་སོང་རེད། མནའ་མ་འདྲེ་མོ་འདི་འདྲ་ཞིག་ངེད་ཚང་གི་བུ་ལ་བླངས་སོང་། བུ་མོའི་ནང་ན་འདྲེ་མོ་ཡོད་ཟེར་བ་དེ་ངོ་མ་རེད། དངོས་གནས་ཞར་བྱུང་། དངོས་གནས་ཞར་བྱུང་།”ཞེས་ཚིག་གི་འབྲུ་མི་གསལ་ཡང་། མནའ་མ་བཀྲ་ཤིས་སྐྱིད་ལ་མཚོན་ན་རྣ་བའི་གོམས་གཤིས་ཤིག་ཆགས་ཡོད་པས་གཏམ་དེ་གཞི་ནས་ཚོར། སྐབས་དེར་ཁོ་མོས“ཁྱོའི་ཕ་རོ་མ་རོ། ཁྱོའི་ཤི་བོ་ཤི་མོ། སྙིང་དྲག་མཆོད་རྒྱུ་བོ་ཁྱོད……”ཞེས་ཁོ་མོའི་ལག་ཁོམ་དྲགས་པས་ལས་ཀར་མི་མཁས་ནའང་ཁ་ཁོམ་དྲགས་པས་དམོད་ཚིག་ལ་ཤིན་ཏུ་མཁས་ཏེ“དམྱལ་བར་སྐྱེ་རྒྱུ།” “ལྕེ་མ་ནེ་འོག་ནས་ལེན་རྒྱུ།” “རྒྱུ་མ་ལག་མགོར་དཀྲི་རྒྱུ།”སོགས་དངོས་གནས་ཁོ་མོ་དམོད་ཚིག་ལ་མི་རྨོངས། གལ་ཏེ་དམོད་ཚིག་གི་ཚིག་མཛོད་ཅིག་བསྒྲིགས་དགོས་ན་ཁོ་མོར་དཀའ་ངལ་སྤུ་ཙམ་ཡང་མེད་པ་ཀློག་པ་པོ་རྣམས་ཡིད་ཆེས་བྱེད་ཆོག་ཆོག་ཡིན།
བརྒྱད།
སྐབས་དེར་ཁོ་བོའི་ཁྱོ་ག་ཚེ་རིང་ཡང་ལུག་ཁྱུ་བཙལ་དུ་སོང་ནས་ཕྱིར་ཐོན་པ་ཁོ་མོས་ཤེས་རྗེས་སྔར་ལས་ངུ་སྐད་ཇེ་ཆེར་སོང་ཏེ། ཨ་ཧོ། ངའི་སྐྱེ་བ་སྔོན་མ་གཞི་བདག་གི་འཁོར་ནས་སྐྱེས་ཀྱང་སྐྱེ་བ་ད་ཐེངས་ང་ལ་འཇིག་རྟེན་མི་ཡི་དལ་འབྱོར་གྱི་ལུས་རྟེན་འདི་ཐོབ་ན་ཡང་དངོས་གནས་སྒོ་ཁྱི་དང་གཅིག་རེད། གཅིག་རེད།”ཟེར་བཞིན་ཚེ་རིང་གི་རྣམ་འགྱུར་དང་བསྟུན་ནས་བཤད། ཁོ་མོའི་ཁྱོ་གས་ལུག་ཁྱུ་མ་རྙེད་ན་ཡང་ཁྱིམ་དུ་ཐོན་སྐབས་ཐང་ཆད་ཅིང་ལུས་ཀྱི་ཟུངས་ཟད་པ་ལྟར་གྱུར་འདུག་ན་ཡང་། “གཅེས་ལོ་མ། ཅིའི་ཕྱིར་ཡིན། ཡང་འུ་ཚང་གི་རྒད་པོ་ཧོང་ལོག་དེ་འུ་རེད།” “འུ་རེད།”ཟེར་བཞིན་པའི་སྐབས་མོའི་ངུ་སྐད་ཅུང་ཇེ་ཆུང་སོང་ཏེ། “ད་ཁྱོད་དང་ལྷན་དུ་འགྲོགས་པའི་རེ་བ་ནི་རི་བོང་གི་རྭ། རུས་སྦལ་གྱི་སྤུ། མོ་གཤམ་གྱི་བུ་ལྟར་རེད། ཨ་ཙི། ད་ང་འགྲོ་རྒྱུ་ཡིན། གནམ་ལ་འཕུར་ན་ཡང་འབབ་སའི་བྲག་ཅིག་དང་། ས་ལ་འཛུལ་ན་ཡང་འཛུལ་སའི་ཁུང་ཞིག་ལོས་ཡོད།”ཟེར་བཞིན་ཁྱམས་ནས་ཁང་བའི་ནང་དུ་བུད་སོང་། དངོས་གནས་བཤད་ན་མནའ་མ་བཀྲ་ཤིས་ཀྱིས་སྐད་ཆ་དེ་འདྲ་ཅིག་བཤད་སོང་ན་ཡང་། ད་ལྟ་མོ་རང་འགྲོ་སའི་ཁྱིམ་ཚང་ཅིག་གང་ན་ཡོད། སྐབས་དེར། ཚེ་རིང་ཡང་ཧིན་སྒྲ་ཞིག་བཏོན་བཞིན་དེའི་མོད་ལ་ཁ་ཕྱིར་འཁོར་ནས་བུད་སོང་། མ་གཞི་རྦབ་རྡོ་འཆད་སའི་བྲག་དང་སྨུག་པ་ལང་སའི་མཚོ་དེ་ཁོ་རེད།
དགུ།
དངོས་གནས་ཚེ་རིང་གཉེན་མ་སྒྲིག་པའི་སྔོན་དུ་ཚེ་རིང་གིས་རང་གི་ཨ་ཕ་ལ་ལས་རྒྱུ་འབྲས་ཀྱི་གོ་དོན་འདྲི་སྐབས། ཨ་ཕས་ཁོ་ལ་ལན་འདི་ལྟར་བཏབ།“ཕ་མའི་ཚིག་ལ་ཉན་པ་དང་། བྱིས་པ་གཞན་དང་འཁོན་རེས་རྡུང་རེས་སོགས་མི་བྱེད་པར་མི་ཡ་རབས་ཤིག་བྱེད་དགོས་ཟེར།”
སྐབས་དེར་ཚེ་རིང་ཡང་སློབ་ཆུང་སློབ་རིམ་གསུམ་པ་ལས་འགྲིམས་པའི་སྐལ་བ་མ་ལྡན་ཡང་། ཁོ་དང་ལོ་ན་མཉམ་པའི་སྡེ་བའི་ནང་གི་གསར་བུ་ཚོའི་ཁ་མིག་ཡར་བལྟ་བྱ་ཡུལ་དུ་གྱུར་ཡོད། འཇིག་རྟེན་ཁ་དཔེ་ལ“དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན།”ཞེས་པ་བཞིན་ཚེ་རིང་ལ་མི་ཁའི་དྲག་རླུང་གི་ཁྲོད་ནས་ཀྱང་སྤྱི་གཙུག་ཏུ་རྭ་ཞིག་སྐྱེས་ཡོད། འཇིག་རྟེན་གྱི་བྱ་བ་ཡོད་དོ་ཅོག་ནི་མིའི་སེམས་ལའང་མི་དྲན་པ་ཤ་སྟག་ཅིག་རེད་ཨང་། གང་ལྟར་མནའ་མ་བཀྲ་ཤིས་སྐྱིད་ཁྱིམ་འདིར་སླེབས་པ་ནས་ཁྱིམ་ཚང་འདི་ཟང་ཟིང་ལང་ལོང་དུ་གཏོང་བའི་མེ་རྟར་གྱུར་ཏེ་མནའ་མ་བཀྲ་ཤིས་སྐྱིད་ཀྱིས་ངོ་རྒོལ་བྱེད་པའི་ཁར། བུ་ཆུང་ཚེ་རིང་གིས་ཀྱང་རྒྱབ་རྩ་མནན། ད་ནི་ཕོ་ལོ་སུམ་བཅུ་ཙམ་ལ་བུད་ཀྱང་རང་ཉིད་ལ་དམིགས་ཡུལ་ཞིག་གཏན་ནས་མེད་དེ། དུས་རྒྱུན་པར་ཆུང་མས་བཤད་པའི་སྐད་ཆ་དག་ལ་བླང་དོར་ཀྱི་དབྱེ་བ་གཏན་ནས་མི་འབྱེད་པར་དུས་རྟག་ཏུ་བདེན་པར་རློམ་ཡོད། དེའི་དབང་གིས་སྡེ་བའི་ནང་གི་གསར་བུ་ཚོས་ཀྱང་ཁོ་བོ་ནི་རྟག་ཏུ་དམའ་སར་བཞག་ནས་ཡོད། སྤྱིར་ཁྱིམ་བཟའ་ཚང་འགྲིག་ན་བདེ་སྐྱིད་ཡིན་ཟེར་བ་ནང་བཞིན་དུ།ཆུང་མའི་ཁ་ལ་ཉན་པ་ནི་འཇིག་རྟེན་མི་ཆོས་དང་མཐུན་པ་ཞིག་ཡིན་མོད། འོན་ཀྱང་། ཚེ་རིང་གིས་རང་ཉིད་ཀྱི་ཕ་ལོ་ད་བར་དགྲ་ཟླའི་ཚུལ་དུ་བཟུང་ཡོད་པ་ནི་བདག་གིས་འདི་ལྟར་འདོད་ལ་ད་བར་མནའ་མ་རྣམས་ལ་དབང་དྲག་ཆེ་སོང་བ་ཡིན་ནམ་སྐྱེས་པ་རྣམས་ལ་ནུས་པ་མེད་སོང་བ་ཡིན། ཞེས་པའི་འདྲི་ཚིག་ཅིག་རང་ཉིད་མ་གཏོགས་གཞན་སུ་ཞིག་ལ་དྲི་བའི་གོ་སྐབས་ཤིག་མ་རྙེད།
བཅུ།
སྐབས་དེར་ཨ་ཁུ་དཔལ་ལྡན་རང་ཉིད་ཉལ་སའི་སྒོ་ཁའི་འགྲམ་ན་ཡོད་པའི་ཁང་ཆུང་དུ་སོང་ནས། རང་གི་ཡོད་ཚད་ཤོར་ཟིན་འདྲའི་སྣང་བ་ཞིག་དབང་མེད་དུ་སྐྱེས། ད་ནི་ཁོ་བོས་སྡུག་གི་ཞྭ་མོ་ལྔ་པ་ཞིག་བརྩེགས་ཚེ་རྒད་པོ་འདིས་བཟོད་ཐུབ་བམ། དེ་སྔོན་གྱི་ཉེས་བྱས་ཐམས་ཅད་ཀྱང་དུས་ཀྱི་གོལ་རླུང་གིས་བསྐྲུན་པའི་མཇུག་འབྲས་ཤིག་ལས་ཡོད་ཚད་ཁོའི་སྟེང་དུ་འཕེལ་ག་ལ་རུང་། མི་རྐྱང་གཅོད་པས་དེ་ལྟར་བསམ་གཞིན་རབ་རིབ་ཀྱི་སྨུག་ལོང་ཁྲོད་ནས་རང་ལ་གདུང་སེམས་ཤིག་གིས་མནར་ནས་ཡོད་པའི་ཁར། བུ་ཚེ་རིང་ཡང་ཁང་ཆུང་དུ་ཡོང་དེ“ཨ་ཕ། ཉེ་ལམ་ང་ཚོའི་སྡེ་བའི་སྡེ་དཔོན་གྱིས་བཤད་པ་ལྟར་ན།མི་འགྱངས་པར་ཞང་སྲིད་གཞུང་གིས་རྒན་གསོ་ཁང་ཅིག་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། ཁྱོས་ལྟོས་ན། དེ་གང་འདྲ་ཞིག་འདུག”ཅེས་གླེང་། ཁྲག་བཞིན་དཀྲུགས་པའི་ཚུལ་ལ་སེམས་ཁྲལ་གྱིས་མནར་པའི་སྐད་ཆ་དེ་འདྲ་ཞིག་ཚེ་རིང་གིས་མ་བཤད་ན་ཡང་སྔ་མོ་ཞིག་ནས་ཨ་ཁུ་དཔལ་ལྡན་གྱིས་རྟོགས་ཡོད། ཨ་ཁུ་དཔལ་ལྡན་གྱིས་ཁེར་ལབ་ངང“ཁ་སང་ནི་ཇི་འདྲའི་སྐྱིད་པ་ལ་ཨང་། འོན་ཀྱང་དེ་རིང་ནི་དེ་ལས་ལྡོག་པ་ཞིག་ཡིན་དོན་ཅི་ཡིན།”ཟེར་བཞིན་གཞན་སྐད་ཆ་གཞན་ཅི་ཡང་མ་བཤད་པར་ཉི་མ་ནུབ་ཁའི་ཕྱོགས་སུ་ཆས་སོང་ངོ་། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།