གླིང་ཚ་སྙིང་རྒྱལ་འབུམ་གྱི་སྙན་ངག་ཚན་པ་གཉིས།

རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2022-11-29 09:07:04 ཀློག་གྲངས།:
ངས་ཆར་བ་འབབ་ཐེངས་ཤིག་ལ་སྒུག་ཆོག
གླིང་ཚ་སྙིང་རྒྱལ་འབུམ།

སྒོ་མེ་ཉག་ག་ནས་ཁ་ཕྱིར་འཁོར་ཚེ་ཁྱོད་ཀྱི་འཛུམ་མདངས་མཐོང་ཐུབ་ཟེར།
ཞབས་རྗེས་སེམས་རྟེན་དུ་བཞག་པའི་ལྷ་མོ་རི།
བདག་གི་ཡིད་ཆེས་ལ་ལྗང་མདོག་བཀྲ།
བདག་གི་ཕྱི་མིག་ལ་འོད་མདངས་འཚེར།

རི་བོའི་དཔུང་རྡང་ཤིག་ཤིག་གི་ཁྲོད་དུ།
ཞི་འཇགས་ཀྱི་དུས་ཚོད་ལ་གས་ཁ་ཤོར།
ངོ་གདོང་ལ་ཐལ་རྡུལ་འཚུབ་པའི་ད་ལྟ།
ཁྱོད་དང་ཉེ་བར་བཅར་ཚེ།
བདག་གིས་ཕ་ཡུལ་དུ་ལོག་པའི་ལམ་ཕྲན་རྙེད་མ་བྱུང་།

ལོ་ཟླའི་རི་མོ་བྲག་རིའི་སྟེང་ས་རྡུལ་བཞིན་བབས་ཀྱང་།
ཁྱོད་འདི་ལྟར་ཡིག་ཚང་གི་སྲུབས་ཀར་བཞུགས་ཏེ།
སྒུལ་དཀའ་བའི་ཚེག་ཁྱིམ་རེ་རེས་དམ་དུ་བསྡམས།
རྨི་ལམ་གྱིས་རྒྱང་དུ་ཁྱེར་མ་ཐུབ་པའི་དྲན་པ་བསྣམས་ནས།
ལྷ་མོ་རི།
དུས་ཚོད་མཐའ་དག་ཕྱི་རོལ་ཏུ་བསྐྱུར་ནས་འདི་ལྟར་བཞུད་ག་ལ་ཕོད།

ད་ནི་ཁྱོད་ཀྱི་མིང་ཙམ་བདག་ལ་དབང་བས་ཀྱང་ཆོག་སྟེ།
བདག་གིས་ཁྱོད་ཀྱི་རུས་མིང་ཟག་མེད་དུ་སྒོམ་ཆོག
བདག་གིས་ཁྱོད་ཀྱི་རུས་མིང་དུས་ཚོད་ཀྱི་མས་སྣེར་དེད་ཆོག
འདིའང་འུ་ཐུག་པའི་ང་།
རང་ཉིད་ལ་དགའ་སྟངས་ཤིག་ཅི་མ་ཡིན།

ལྷ་མོ་རི།
ངས་བག་ལ་ཉལ་བའི་ལོ་ཟླ་བྲི་ཆེད།
ཆར་བ་འབབ་ཐེངས་ཤིག་ལ་སྒུག་ཆོག

ཟླ་བཅུ་པ།

ཧམ་སེམས་ག་ཚོད་དབུགས་ཀྱི་འབྱིན་རྔུབ་ཁྲོད་ལྷུང་།
སྡིག་སྒྲིབ་ཀྱི་ཡལ་ག་ཆེར་སྐྱེས་པས་འཇིག་རྟེན་སྔར་ལས་ཇེ་ཆུང་དུ་གྱུར།
བར་སྣང་དུ་འཛིངས་པའི་ཁང་བརྩེགས་ཀྱི་མིག་ཟུང་གྲངས་མེད།
རབ་གསལ་ཁ་ནས་གཉོམ་ཆུང་གི་ཉི་འོད་དང་མཉམ་དུ་རྒས།

སྐབས་འདིར།
ལོ་མ་རེ་རེ་ནི་རང་དབང་གི་གར་མཁན་ཏེ།
གསེར་མདོག་གིས་བྲན་པའི་རྨི་ལམ་བར་སྣང་དུ་བྱེར།
གཤོག་པར་ཡང་ལྕི་ཤོར་ཚུལ་ལ་མནོ་བསམ་གཏོང་དུས།
ལྷིང་འཇགས་སུ་གྱུར་པའི་དུས་ཚོད་ཀྱི་གོམ་སྒྲ།
ཧ་ཅང་ཆུང་བའི་ཟླ་བཅུ་པའི་བྲང་ཁོག་ཏུ་དཔྱངས།

ཟླ་བཅུ་པར།
མཚན་མོ་མི་ཚོགས་དང་ཉེ་བར་བཅར་ཏེ།
བདག་གི་གྲོང་ཁྱེར།
ལྷིང་འཇགས་ནས་འུར་ཟིང་དུ་གྱུར་ཅིང་།
སླར་ཡང་འུར་ཟིང་ནས་ལྷིང་འཇགས་སུ་གྱུར།
འཚོ་བའི་རྒྱུད་སྐུད་སྟེང་བབས་པའི་མྱ་ངན་གྱི་དབྱངས་རྟས།
ཆོས་ཉིད་ཀྱི་གོམ་འགྲོས་ཡོམ་ཡོམ་དུ་བསྒུལ།

སྲང་ལམ་གྱི་མཐའ་རུ་བཞད་པའི་མེ་ཏོག་དཀར་པོ།
མུན་པ་དང་ལྷིང་འཇགས་ལ་རྐྱ་འཐབ།
ཡིད་འོང་གི་འདབ་མ་རེ་རེས།
ཁོར་ཡུག་གི་གྲུ་ཟུར་གང་རུང་དུ་འོད་ཟེར་བྱེ་བ་ཕྲག་བརྒྱ་འགྱེད།

རླུང་འཚུབ་ལྡང་བའི་ས་ཕྱོགས་ཀུན་ཏུ་རྣ་བ་བླག་ཚེ།
ཟླ་བཅུ་པ་ནི་མི་རྟག་པའི་སྒྲ་དབྱངས་ཤིག་ཡིན།
ཁ་རས་ཀྱི་ཁུད་དུ་མ་ཤོང་བའི་བརྩེ་བ་དང་གདུང་སེམས།
བདག་གི་སྙན་ངག་ཚན་པ་ཞིག་དང་མཚུངས་པར།
སླར་ཡང་ཤོག་བུའི་ངོས་ནས་ནར་སོན་དགོས་བྱུང་།

ཟླ་བཅུ་པའི་མིག་ཟུང་ལས་ང་རང་ཧ་ཅང་ཆུང་།
ར་བཟི་བའི་ཟླ་བཅུ་པས།
འཇིག་རྟེན་ཇི་འདྲའི་ཆེ་ཟེར་ཡང་།
རང་སེམས་གསོ་ཆེད་ཁོ་ན་ཡིན་པ་དྲན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།