༄༅། །ལྷ་རྟ་དཀར་པོ།

རྩོམ་པ་པོ།:ཁྲི་ཟླ་གཞོན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-11-17 15:27:58 ཀློག་གྲངས།:
མདོ་རིག་རྟ་ཕོ་རླུང་གི་གཤོག་པ་ཅན།།
ཕོ་གསར་སྟོབས་པོ་ཤ་རྩ་སྨུག་མདངས་ཅན།།
རླུང་རྟའི་དར་ཆེན་རྟ་བརྒྱའི་གོང་ན་མཚེར།།
ཁ་ལས་མེ་ལྕེ་མི་བརྒྱའི་ཡན་ན་འབར།།

ལྷང་ལྷང་འཚེར་སྐད་གངས་སྤང་རི་ལ་འཁྱིལ།།
རྨིག་བཞིའི་འགྲོས་ལ་རླུང་གི་གཤོག་པ་ཐོགས།།
རྔ་རྔོག་རྦ་རླབས་ལྷོ་སྤྲིན་མཁའ་ལ་འཕྱོ།།
ནམ་མཁའི་སྤང་ན་བང་རྩལ་རླུང་ལ་བཅོལ།།

བཙན་པོའི་རུ་དར་མི་འགྱེལ་སྐྱོར་མ་ཡིན།།
གཡུལ་དགྲའི་ངོ་ལེན་ཝེར་མའི་གཤེད་མ་ཡིན།།
ཉེ་བདག་སྲོག་སྲུང་ཚེ་ལྷའི་སྲུང་འཁོར་ཡིན།།
ཤམ་ལྷའི་ཞིང་བགྲོད་ལྷ་ཡི་གཤོག་པ་ཡིན།།

སྒ་སྲབ་གསེར་གྱི་རྒྱུ་དང་གཡུ་བྱུར་ཕྲ།།
འགྲོས་ཤུལ་སྤང་གི་མེ་ཏོག་རླུང་གི་གྲོགས།།
བང་གིས་ལ་གསུམ་ལུང་དགུ་འཕྲད་དུ་གཅོད།།
ཁྱུང་ཆེན་གསེར་གཤོག་རྒོད་པོའི་དངུལ་གཤོག་སྐྱེངས།།

མིག་ཟུང་ཉི་ཟླ་ཐོད་འཛི་སྐར་མ་ཅན།།
རྣ་རྩེ་རྒོད་ཐུལ་དཔྲལ་ཞེང་བྲེ་སར་འབྲོང་།།
རྔ་མ་གཟར་ཆུ་རྔ་སྣེ་མེ་ཏོག་བཤམས།།
རྟ་རབ་མགོ་ལ་སེམས་བདུན་མགོ་རྣ་ཚང་།། 

ཕར་འགྲོའི་ཇག་ལ་མགྱོགས་པོའི་འགྲོས་ཤིག་མཁོ།།
ཚུར་ཡོང་མགྲོན་ལ་བསུ་བྱེད་སྒ་ཞིག་མཁོ།།
ན་སྤང་གངས་ལ་ཚེགས་ལེན་འཕྲུལ་ཞིག་མཁོ།།
འབྲོག་གི་བུ་ལ་ཅང་ཤེས་རྟ་ཞིག་མཁོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།