ང་རང་འབྲོག་ཕྲུག་གྱོང་བོ་ཞིག་ཡིན།

རྩོམ་པ་པོ།:རྩྭ་ཕྲན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-28 10:12:55 ཀློག་གྲངས།:
        ང་རང་འབྲོག་ཕྲུག་གྱོང་བོ་ཞིག་ཡིན། སྐད་ཆ་འདི་སུས་ཀྱང་ང་ལ་གླེང་མྱོང་མེད། ཡིན་ཡང་ངས་བསམ་ན་ང་རང་དངོས་ནས་གྱོང་བོ་ཞིག་ཡིན་པ་འདྲ། འབྲོག་པ་ཞེས་གླེང་དུས་ངའི་ཡིད་ཀྱི་རྣང་ཞིང་ངོས་སུ་འབྲུ་དྲུག་གི་སྙེ་མ་བཞིན་ལྡེམ་པའི་དོན་དག་ཅིག་ཝ་ལེར་འཆར་ཡོང་། འབྲོག་པ་ཟེར་དུས་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རྣམས་ཀྱིས་ཁོ་ཚོ་ལ་གདོད་གཤིས་མཐའ་འཁོབ་རེད་ཟེར་ནས་སྡུག་དམོད་མང་པོ་བྱེད་ཀྱིན་ཡོད། ཁོ་བོར་མཚོན་ན་ཨ་ཕ་འབྲོག་པ་རྣལ་མ་ཞིག་ཡིན་ལ་ཨ་མ་ཡང་འབྲོག་མོ་རྣལ་མ་ཞིག་ཡིན། ཡིན་ཡང་ཁོ་བོར་ད་ལྟའི་བར་དུ་མི་གཅིག་གིས་ཀྱང་ཁྱེད་འབྲོག་པ་རེད་ཅེས་གླེང་མཁན་གཏན་ནས་མེད། ང་ལ་རྒྱུས་མངའ་མེད་པའི་གྲོགས་པོ་དང་སློབ་གྲོགས་ཚང་མས་ཨ་མདོའི་རོང་ཁུལ་ཆེ་གྲས་མདོ་སྨད་གཅན་ཚ་དང་ཁྲི་ཀ་གཉིས་ལས་རེད་ཟེར་མཁན་མང་པོ་འདུག སྐད་ཆ་དེ་དག་ཐོས་ཐེངས་རེར་ངའི་ཡིད་ལ་ང་རང་ཉིད་འབྲོག་པ་ཞིག་ཡིན་མིན་ལའང་ཐེ་ཚོམ་གང་མང་སྐྱེས་མྱོང་། དངོས་ནས་ང་ལ་འབྲོག་གཤིས་མེད་པ་ལྟ་བུར་ཆགས་ཡོད་པར་སྙམ། ང་ལ་མཚོན་ན་འབྲོག་པ་ནང་བཞིན་ཡིད་གཞུང་དྲང་ལ་ཁ་ཁོག་མེད་པ། རྒྱུ་འབྲས་དང་དྲང་བདེན་སྲོག་ལྟར་གཅེས་པ་ཞིག་ཁྱོན་ནས་མིན་པར་སྙམ། ལན་རེར་ངས་བསམ་པར་འབྲོག་པའི་གཤིས་ཀའི་ནང་དུ་བླུན་གཤིས་ཤིག་ཀྱང་ཡོད་པར་སྙམ། དེའི་ཕྱིར་ས་ཁུལ་གཞན་པའི་འབྲོག་གློའུ་ཞེས་འབོད་པའི་མིང་བྱང་ཞིག་གིས་ང་ལ་དྲན་སྐུལ་བྱེད་ཀྱིན་འདུག
        ང་ནི་དངོས་གནས་འབྲོག་ཕྲུག་གྱོང་བོ་ཞིག་ཡིན་པ་འདྲ། ནམ་རྒྱུན་མཐོ་བ་ཁྲི་སྟེང་དུ་འགྱིང་ནས་མང་ཚོགས་ཚོར་མཐོང་ཆུང་བྱེད་མཁན་ཚོར་ཁྱོན་ནས་དགའ་བོ་མེད། ཕ་ཡུལ་གྱི་མི་དག་གིས་མགོ་ཁྲིད་ཚོ་མཐོང་དུས་མགོ་བོ་དུད་པར་གྱུར་དུས་ངས་བསམ་བཞིན་གྱི་མགོ་བོ་མཐོ་རུ་བཀྱགས་པ་ཡིན། མ་མཐའ་ཡང་ང་ལ་ཉི་ཤུའི་སྣང་བ་ཟེར་བའི་མིང་བྱང་ཞིག་ཡོད། ལན་རེར་ང་རང་མགོ་ཁྲིད་དང་ཉེ་འབྲེལ་གྱི་ལས་བྱེད་པ་དག་གི་ཁྱིམ་ལ་འགྲོ་ཐེངས་རེར་ཡིན་ཡིན་མདོག་མདོག་བྱས་ནས་སོང་བ་ཡིན། ཁོ་ཚོའི་བལྟས་ན་ང་ལ་ང་རྒྱལ་གྱི་རང་རློམ་ཞིག་ཡོད་པར་འདོད་ཡོད། དོན་ངོ་མར་བཤད་ན་དེ་དུས་ང་ལ་ཧ་ཅང་ཆེ་བའི་ང་རྒྱལ་ཞིག་ཡོད། ལས་བྱེད་པ་དག་གི་བྱིས་པ་དང་ངེད་ཚོའི་བར་ན་བར་ཁྱད་གཅིག་ཡོད། དེ་ནི་ཁོ་ཚོའི་གྱོན་ཆས་ནི་མིང་གྲགས་ཅན་གྱི་ཚོང་རྟགས་དང་ངའི་གྱོན་པ་ནི་སྤྱིར་བཏང་གི་གྱོན་ཆས་ཡིན་པའི་བར་ཁྱད་ཙམ་ཡིན། ཁོ་ཚོའི་གྱོན་ཆས་གྱོན་པ་གྲལ་དག་དང་རྡུལ་མེད་པ་ཞིག་རེད། ཡིན་ཡང་ངའི་གྱོན་ཆས་ཀྱང་ཧ་ཅང་གཙང་ལ་རྡུལ་མེད་པ་ཞིག་ཡིན། དེ་བས་ང་ཚོ་ལ་བར་ཁྱད་ཅི་ཡང་མེད། ང་ལ་སྒེར་གཤིས་ཀྱི་ངན་ཞིག་ལོབས་ཡོད། འབྲོག་པའི་གཤིས་ཀ་རྣལ་མ་མངོན་པའི་རྒན་དར་གཞོན་གསུམ་གང་ལ་འཕྲད་དུས་ངས་མགོ་བོ་དུད་དུད་དང་འཛུམ་མདངས་ལྷག་མ་བསྟན་པ་ཡིན། ཁྲི་འཕང་མཐོ་བའི་ལས་བྱེད་པ་དང་ཕྱུག་པོ་རྒྱུ་ཆེན་ཚོ་མཐོང་ཐེངས་རེར་ངས་མགོ་བོ་དང་བྲང་གཞུང་སྔར་ལས་མཐོ་རུ་བཏེགས་པ་ཡིན་ལ་ངོ་གདོང་ལ་སྒམ་བརླིང་གི་སྒེར་གཤིས་དེ་རྟག་པར་མངོན་པ་ཡིན། ཕ་ཡུལ་གྱི་ཡུལ་མི་ཚོ་དང་མཉམ་དུ་མགོ་བོ་དུད་དུད་གཏན་ནས་བྱས་མྱོང་མེད། དེ་བས་ང་རང་འབྲོག་ཕྲུག་གྱོང་བོ་ཞིག་ཡིན་ནོ།།
        འབྲོག་པའི་ཁོར་ཡུག་ནི་གྲལ་དག་བྱས་ཀྱང་ཧ་ཅང་དཀའ་ལས་སྟེར་བའི་གནས་ཞིག་ཡིན། གྲོང་ཁྱེར་དང་གྲོང་རྡལ་དང་མི་འདྲ་བར་རྡུལ་འགོས་སླ་བའི་གནས་ཤིག་རེད། གལ་ཏེ་ཁྱེད་ཀྱིས་གྱོན་པ་གཙང་མ་ཞིག་གྱོན་ནས་ནོར་ལྷས་སུ་སོང་ཚེ་ནོར་རྡང་གྱོན་པ་དེ་ལ་རེག་པ་ཙམ་གྱིས་ཁྱེད་ཀྱི་གྱོན་པ་ཡང་བསྐྱར་བཀྲུ་དགོས། ཡིན་ཡང་ང་ནམ་ཡང་གྱོན་པ་གཙང་མ་གྱོན་པར་ཧ་ཅང་དགའ། ལྷག་པར་སྟོད་གོས་ཀྱི་ནང་གོས་དཀར་པོ་ཞིག་གྱོན་ན་ཚོར་བ་སྐྱིད་ལ་ལུས་ཁམས་བདེ་བའི་སྣང་བ་ཞིག་གིས་ང་རང་གང་ཞིག་ལ་འཐེན་ནས་འགྲོ་བཞིན་འདུག ང་ལ་མིང་གྲགས་ཅན་གྱི་ལྭ་བ་གཅིག་ཀྱང་མེད་ལ་ཡོད་ཚད་བརྫུས་རྟགས་རྐྱང་རྐྱང་ཡིན། ཡིན་ཡང་ངའི་ལྭ་བ་དེ་དག་གི་སྟེང་དུ་རྡུལ་འགོས་ཡོད་པ་གཅིག་ཀྱང་མེད། རྨོ་མོས་ནམ་རྒྱུན་གསུང་རྒྱུར་ཁྱེད་ཀྱི་ལྭ་བ་དག་གྱོན་པ་ལས་བཀྲུས་ནས་རལ་རྒྱུ་རེད་ཟེར། དངོས་གནས་བདེན་པ་འདྲ། ངའི་ལྭ་བ་དག་ཕལ་ཆེར་བཀྲུས་ནས་རལ་བའང་འགའ་ཤས་འདུག ང་ནམ་རྒྱུན་འབྲོག་ཁུལ་གྱི་གཉེན་ཉེ་དང་རུ་སྐོར་ལ་འཁྱམས་ཉུལ་བྱེད་དུས་ངས་ལྭ་བའི་གྱོན་སྟངས་ལ་དོ་སྣང་དེ་འདྲ་བྱེད་ཀྱིན་མེད། ངས་ལྭ་བ་ཅི་ལྟར་གྱོན་ཡང་ཁོ་ཚོའི་སེམས་སུ་ང་ཚོ་འདྲ་མཉམ་མམ་ཁོ་ཚོ་ནི་ང་ལས་དམན་པར་འདོད་པས་ཡིན། ཁོ་ཚོའི་ལྭ་བའི་གོང་ཁ་དང་ཕུར་ཁར་ཚི་དྲེགས་ཉུང་ངུ་རེ་ཆགས་ཡོད་ལ་རྐང་སྣམ་སྟེང་དུ་ལྕི་འདམ་ཕྲན་བུ་རེ་འགོས་ཡོད་པ་ནི་རྒྱུན་ལྡན་ཙམ་ཡིན། ཡིན་ཡང་ང་ཁོ་ཚོའི་ལྷོད་ཉམས་དོད་པའི་གཤིས་ཀ་དེ་དང་ས་རྡུལ་འགོས་པའི་གྱོན་གོས་གྱོན་སྟངས་དེར་ཞེ་དྲག་དགའ་བོ་ཡོད། ང་ལ་སྒེར་གཤིས་ཤིག་ཡོད་པ་ནི་གལ་ཏེ་ང་རང་མགོ་ཁྲིད་ཅིག་གམ་ཡང་ན་ལས་བྱེད་པ་ཞིག་གི་ཁྱིམ་དུ་འགྲོ་ཐེངས་རེར་ངས་རང་ཉིད་ཀྱི་གྱོན་གོས་གོན་སྟངས་ལ་དོ་སྣང་ཆེན་པོ་བྱས་པ་ཡིན། མ་མཐའ་ཡང་ངས་ཁོ་ཚོ་ལས་ལྡབ་འགྱུར་གྱིས་ལྭ་བ་གྲལ་དག་ཅིག་གྱོན་དགོས། ཁོ་ཚོས་ང་ལ་མཐོང་ཆུང་གཏན་ནས་བྱེད་དུ་འཇུག་མི་རུང་། འདི་ནི་ངས་རང་ལ་བཟུང་བའི་ལྟ་སྟངས་ཤིག་གམ་སྒེར་གཤིས་གྱོང་བོ་ཞིག་གི་རྟགས་མཚན་ཡིན་པར་འདོད་དོ། །
        ང་རང་བྱ་འདར་རི་བོའི་འདབས་ཀྱི་འབྲོག་སྡེ་ཆུང་ཆུང་དེར་འགྲོ་ཐེངས་རེར་ཚོར་བ་དམིགས་བསལ་བ་རེ་སྟེར་གྱིན་འདུག གནས་འདིར་ཤ་རྩ་སྨུག་པོའི་ཕོ་གཞོན་དག་གི་གཤིས་ཀ་ལས་ངས་གཞུང་དྲང་ཟེར་བ་ཞིག་དང་འདྲ་མཉམ་ཟེར་བའི་རྩ་དོན་ཞིག་ཤེས་སོང་། སྐྱེ་ལུས་ཕྲ་ལ་ཞལ་ལ་དམར་མདངས་བཀྲ་བའི་མོ་གཞོན་དག་ལས་ངས་སྙིང་རྗེ་ཟེར་བ་ཞིག་དང་རྒྱུ་འབྲས་ཟེར་བ་ཞིག་གི་འཆར་ཡན་རྟོགས་སྲིད། འདི་དག་ནི་གྲོང་ཁྱེར་དང་གྲོང་རྡལ་ན་རིང་དུ་གྱེས་འདུག གྲོང་ཁྱེར་གྱི་རྡུལ་འགོས་མེད་པའི་གནས་འདིས་བདག་ཡིད་ཀྱི་དང་བ་ཡང་ཡང་དྲངས་སོང་། ང་རང་གནས་འདིར་དགའ་ལ་གནས་འདིའི་གདོང་བ་སྨུག་པོ་ཅན་དག་ལ་དེ་བས་ཀྱང་དགའ།
        ང་རང་དངོས་གནས་འབྲོག་ཕྲུག་གྱོང་བོ་ཞིག་ཡིན་པ་འདྲ། ཕལ་ཆེར་ལོ་གཉིས་ཀྱི་སྔོན་ཞིག་ལ་ངེད་ཚང་གི་གྲོགས་པོ་རྙིང་བ་ཞིག་ཡོང་རྒྱུ་རེད་ཟེར་ནས་ཁྱིམ་མི་ཚོས་གྲ་སྒྲིག་གང་ལེགས་བྱེད་ཀྱིན་ཡོད། ངས་ཁྱིམ་མི་ཚོར་ཁོའི་ལས་ཀ་ཅི་རེད་ཅེས་དྲིས་པ་ཡིན། རྨོ་མོས་གསུང་རྒྱུར་ཁོ་ནི་ཕྱུག་པོ་རྒྱུ་ཆེན་ཞིག་ཡིན་རབས་དང་ད་ཐེངས་ཁོ་དང་ཁོའི་བུ་མོ་གཉིས་ཡོང་རྒྱུ་ཡིན་པས་ཁོ་ཚང་ལ་མགྲོན་བསུ་གང་ལེགས་བྱེད་དགོས་ཟེར། སྐབས་དེར་ང་ལ་ཚོར་བ་ཅི་ཡང་མེད་པར་ཁོ་གཉིས་སླེབས་པར་སྒུག་ནས་བསྡད་པ་ཡིན། ཉིན་གུང་ཙམ་ལ་ཁོ་གཞི་ནས་སླེབས་སོང་། རླངས་འཁོར་ཅུང་མཐོ་བའི་རིགས་ཤིག་བསྐོར་ཡོད་ལ་གདོང་ལ་མིག་ཤེལ་ནག་པོ་ཞིག་གྱོན་འདུག ང་དེ་མུར་ཁོའི་བཟོ་ལྟ་དེར་ཁྱོན་ནས་མི་དགའ་བར་གྱུར་སོང་། ཁོ་ཚང་གི་བུ་མོས་ཀྱང་ཡིན་ཡིན་མདོག་མདོག་གྱིས་བཟོ་ལྟ་འདྲ་མིན་ཅི་རིགས་སྟོན་པར་བྱེད། ཁྱིམ་མི་ཚོས་བླ་མ་ཞིག་ཕེབས་སོང་བ་དང་འདྲ་བར་ཁོ་ཕ་བུ་གཉིས་ལ་མགྲོན་བསུ་གང་ལེགས་བྱས། ཁོའི་མིང་ལ་བློ་གྲོས་དང་བུ་མོའི་མིང་ལ་ཆོས་སྐྱིད་ཟེར་བ་འདྲ། ཁྱིམ་ནས་ཁ་བརྡ་སྣ་ཚོགས་གློད་སྐབས་ཁོས་གློ་བུར་དུ་ང་ལ་བལྟས་ནས་ཁྱེད་གང་ནས་ཡིན། ས་འདིའི་མིན་པ་འདྲ་ཟེར། ངས་ཀྱང་ཁོང་དགོད་ཅིག་བྱེད་ཞོར་ང་ས་འདིའི་མི་མིན། ཁོ་ཚང་གི་གྲོགས་པོ་ཞིག་ཡིན་ཞེས་མིག་ཙམ་ཡང་མ་རྡེབ་པར་དེ་ལྟར་ལབ་ཞོར་ང་ཚོ་སྡེ་བའི་དགུང་ལོ་བདུན་ཅུར་སོན་པའི་ཨ་ཁུ་ཤེས་རབ་ཀྱང་ངེད་ཚང་ལ་ཕེབས་ཡོད་པས་ངས་ཁོང་ལ་ཇ་འདྲེན་ཞོར་རྒན་པ་ཁོང་ལ་གུས་ཚིག་ལྷད་མེད་ཅིག་གིས་ཁ་བརྡ་གློད་པ་ཡིན། སྐབས་དེར་ཨ་མས་གློ་བུར་དུ་ཨ་ཙི། ཞི་ལི་འདི་ལ་ཅི་རེད། རྫུན་བཤད་གོ་ནས་ཟེར། སྐབས་དེར་བློ་གྲོས་ཟེར་བའི་མི་དེའི་འདི་ཁྱེད་ཚང་གི་ཞི་ལི་ཡིན་ནམ་ཟེར། ཨ་མས་རེད་རེད། ཁོ་ངེད་ཚང་གི་ཞི་ལི་རེད་ཟེར། དུས་དེར་ཆོས་སྐྱིད་ཟེར་བ་དེས་ཀྱང་ང་ལ་བལྟ་ཙམ་བྱས། བློ་གྲོས་ཀྱིས་བཤད་རྒྱུར་ཨ་ཙི། ངས་ཁོ་རོང་བ་ཞིག་རེད་འདོད་སོང་། ཁྱིམ་མི་ཚོ་གློ་བུར་དུ་ཧབ་ཆ་དིར་སེ་བུད་སོང་། རྨོ་མོས་གསུང་རྒྱུར་སྡེ་མི་ཚང་མས་ཁོ་རོང་བ་ཞིག་དང་འདྲ་བར་འདུག་ཟེར་གྱིན་ཡོད། དངོས་གནས་འདྲའམ་ཟེར། ཁོས་འདྲ་འདུག ཁྱེད་རང་སློབ་གྲྭར་འགྲོ་བཞིན་ཡོད་དམ་ཟེར། ངས་འཐད་ལ་མི་འཐད་ཙམ་གྱིས་ཡོད་ཅེས་ལན་བཏབ་པ་ཡིན། ངས་སྔར་བཞིན་ཨ་ཁུ་ཤེས་རབ་ལགས་ལ་ཁྱེད་ཀྱིས་འདི་བཞེས་ཀན་བཞེས་ཞེས་བཤད་པ་མ་གཏོགས་ཁོ་ཕ་བུ་གཉིས་ལ་དོ་སྣང་དེ་ཙམ་བྱེད་གཏན་ནས་མ་འདོད། བློ་གྲོས་དང་ཁྱིམ་མི་ཚོས་ཁ་བརྡ་མང་པོ་གློད་མཐར་བློ་གྲོས་ཀྱིས་ཁོ་ཚང་ལ་རྒྱུ་ཡོད་ཚུལ། འཇིག་རྟེན་ཁོང་ཚང་གིས་ཁ་ལོ་བསྒྱུར་བཞིན་ཡོད་པ་ལྟ་བུའི་སྒྲུང་འདྲ་བ་མང་པོ་ཞིག་ལབ་སོང་། ཁྱིམ་མི་ཚོ་ཁ་ཁུ་སིམ་མེར་བླ་མའི་གསུང་ལ་ཉན་པ་དང་་གཉིས་སུ་མེད། ང་གཏམ་དེར་ཁྱོན་ནས་མ་དགའ་བར་ངེད་ཚང་གི་གྱང་ངོས་ལ་སྦྱར་བའི་དཔའ་བོ་དུད་འགྲོ་ལའང་ཡོད། །ཕྱུག་པོ་ཀླ་ཀློ་ལའང་ཡོད་ཅེས་པའི་ཡི་གེ་དེ་ལ་ཞིབ་མོར་བལྟས་ནས་བསྡད་པ་ཡིན། བློ་གྲོས་ཀྱིས་ང་ལ་བལྟ་ཙམ་བྱས་རྗེས་ངས་མིག་གི་བལྟ་སའི་གྱང་ངོས་ལ་ཅེར། སྐབས་དེར་ཁོས་ཀྱང་ཅི་ཡང་སྨྲ་བར་མ་ནུས། དངོས་གནས་དགོད་བྲོ་བ་འདྲ།
        ང་དངོས་གནས་འབྲོག་ཕྲུག་གྱོང་བོ་ཞིག་ཡིན། ཀློག་པ་པོ་ལགས། ཁྱེད་ཀྱིས་ཡུན་གྱིས་གསན་རོགས། ང་སྒེར་གཤིས་ལ་དགའ། ང་གཞུང་དྲང་ལ་དགའ། ང་རྣམ་དག་ལ་དགའ། ང་ཁྱོན་ནས་མི་དགའ་བ་ནི་འཕྱ་དམོད་དང་བརྙས་བཅོས་སོ། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།