བར་ཐག རྡོ་རྗེ་འཇིགས་བྱེད།
རྩོམ་པ་པོ།:རྡོ་རྗེ་འཇིགས་བྱེད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-23 09:27:22
ཀློག་གྲངས།:
བར་ཐག
(མཚོ་ལྷོ།)རྡོ་རྗེ་འཇིགས་བྱེད།
སྐད་ཅིག་ཙམ་གྱི་ཡུན་ལས་མ་འདས་པ་འདྲ་མོད། ཕྱིར་དྲན་ཞིག་བྱས་ཚེ་དྲ་ལམ་སློབ་ཁྲིད་ཀྱི་འགོ་བཙུགས་ཏེ་གཟའ་འཁོར་གཅིག་ལྷག་གི་དུས་ཡུན་ཟད་ཚར། འདས་པའི་གཟའ་འཁོར་འདིའི་ཡུན་དུ། ཁོ་བོའང་དྲ་ལམ་དུ་གཞི་ཚུགས་ཏེ་མཉེན་ཆས་སྣ་མང་གི་ལམ་ནས་ཐད་གཏོང་བྱེད་མཁན་དག་དང་འདྲ་བར། རྩིས་འཁོར་གྱི་འཆར་ངོས་སུ་རྒྱུས་མེད་ཀྱི་སློབ་མ་སྣ་མང་རྟོག་བཏགས་ཀྱིས་བསྐྲུན་ཏེ། དུས་ཡུན་ངེས་ཅན་རེར་མིག་ཙམ་ཡང་མ་རྡེབ་པར་ཁེར་བཤད་དང་མཚུངས་པའི་ཤེས་བྱ་ཅི་རིགས་ཤིག་རང་ནུས་ཀྱིས་སྤྲོ་བས་འཆད། ཡིན་ནའང་། ལན་རེར་ཅི་ཡང་གློག་གི་སྒྱུ་འཕྲུལ་ལྟ་བུའི་རྩིས་འཁོར་གྱི་འཆར་ངོས་སུ་ཁེར་ལབ་མང་པོ་བྱ་ཚུལ་ལ་རང་ཉིད་ཀྱང་རང་ཉིད་ལ་རྣམ་རྟོག་ལྟ་བུ་སྐྱེས་ཤིང་། རྣམ་རྟོག་གིས་དེད་ནས་རང་ཉིད་ལ་དོགས་པ་ཡང་གང་མང་བྱས།
ཉེ་བའི་ལོ་འགའ་ཤས་སུ། མི་འདོད་པའི་པྲོག་གསར་རིམས་ནད་ཀྱིས་འཛམ་གླིང་གི་སའི་དཀྱིལ་འཁོར་དུ་འཚོ་བའི་འགྲོ་བ་མིའི་རིགས་ཀྱི་སྲིད་འབྱོར་རིག་གསུམ་གང་ཐད་ལ་གོད་ཆགས་ཆེན་པོ་ཐེབས་ཤིང་། ལྷག་དོན་རང་རེའི་ཡུལ་གྲུ་འདིའི་མི་རྣམས་ཀྱི་རྒྱུན་ཆགས་ཀྱི་འཚོ་བའི་འགྲོ་འདུག་ལ་གེགས་མང་དུ་བཟོས་པར་མ་ཟད། སློབ་གསོའི་ལས་དོན་ལ་བར་ཆད་ཆེན་པོ་བྱས། སྒོས་སུ་ད་ལོའི་ཕྱེད་ཕྱི་མའི་སྟོན་དུས་ཀྱི་སློབ་གྲྭ་དུས་ལྟར་འཚོགས་པར་གེགས་རྐྱེན་བཟོས་པས། གནས་སྐབས་སུ་སློབ་མ་རྣམས་རང་ཡུལ་དུ་བསྡད་དེ་སློབ་ཁྲིད་ལ་ཉན་པ་དང་དགེ་རྒན་རྣམ་པས་དྲ་ལམ་བརྒྱུད་ནས་སློབ་ཁྲིད་བྱ་དགོས་པའི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས། དེ་ནི་རྐྱེན་ངན་རུ་འཛིངས་ཀྱི་དཔེ་ལྟར་དགེ་སློབ་ཁྱིམ་བདག་དང་བཅས་པའི་མི་ཐེག་པའི་ཁུར་བོ་ལྕི་མོ་ཞིག་ཏུ་འདུག
ཁོ་བོའང་དགེ་མིང་འཛིན་པ་ཞིག་གི་ངོས་ནས། དྲ་ལམ་སློབ་ཁྲིད་མི་བྱེད་མཐུ་མེད་དུ་གྱུར། ལར་ཚན་རིག་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྩེ་དགུང་ན་འཕྱོ་ཞིང་ཆ་འཕྲིན་དར་སྤེལ་གྱི་སྤྲིན་དཀར་མཁའ་ན་གཡོ་བའི་དེང་གི་ཆར། བྱ་དངོས་གང་དང་ཅི་ཡང་སྟབས་བདེའི་དྲ་རྒྱའི་ལམ་ནས་བརྒྱུད་སྒྲོག་དང་ཁྱབ་སྤེལ་གྱི་འདུ་འགོད་སྟོན་གྱི་སྤྲིན་པ་བཞིན་ལང་ལོང་དུ་གཡོས་སྟེ། ས་སྒང་རིལ་མོའི་ཡུལ་གྲུ་བྱིངས་ལ་ཁྱབ་ཆེ་ནའང་། ཁོ་བོས་སྔར་ཐད་གཏོང་གི་མཉེན་ཆས་འདིའི་རིགས་བེད་སྤྱོད་བྱས་མ་མྱོང་བས་ཤིན་ཏུ་རྨོངས་ཤིང་། མ་ལག་སྣ་ཚོགས་ཇི་ལྟར་སྤྱོད་པའི་སྒོ་ཙམ་ཡང་མི་རྟོགས་པས་ཕངས་སེམས་ཆེན་པོ་ཞིག་ཀྱང་སྐྱེས་ལ། སློབ་ཁྲིད་ཀྱི་འགོ་བརྩམས་པ་ན་ལོ་འགའི་སྔོན་དུ་ཐེངས་དང་པོར་སློབ་ཁྲིད་སྟེགས་བུར་བུད་པའི་སྐབས་དང་ཆ་མཚུངས་པར་གར་ཡོང་མི་ཤེས་པའི་འཚུབ་ཆ་ཞིག་གིས་སྐད་ཆའི་ཐོག་མ་ཅི་འཆད་མི་ཤེས་པ་དང་། སློབ་ཁྲིད་མཇུག་རྫོགས་རྗེས་སྐར་མ་བཞི་བཅུའི་ཡུན་ཚད་ལ་ཅི་ཞིག་བཤད་པའང་གསལ་བོར་དྲན་དུ་མེད་པའི་ཚོད་དུ་གདའ། དེ་དུས་རང་ཉིད་ནི་ཐབ་ཀ་མ་གཏོགས་ས་མི་ཤེས་པ་དང་ཕ་མ་གཏོགས་ངོ་མི་ཤེས་པའི་བློ་མིག་རྒྱ་ཁབ་ལྟར་དོག་པའི་ཁྱེའུ་བང་བ་ཞིག་ཡིན་པ་ངང་གིས་རྟོགས། ཡིན་ཡང་འགན་འཁྲིས་དེད་པའི་སེམས་ཀྱི་ལྷུན་པོ་བརྟན་ཞིང་བརླིང་བས། ནམ་ཡང་རང་ཚུགས་ཀྱི་གོམ་འགྲོས་བརྟན་པོར་སྤོ་བའི་དམ་བཅའ་སྙིང་རུས་སུ་བརྐོས་པ་ཡིན།
དྲ་ལམ་ཁག་ཏུ། སློབ་གྲོགས་ལ་ཤས་ཀྱིས་བརྡ་རྟགས་བཙལ་ཏེ་རིའི་མཐོང་ཡངས་ས་དང་ཁོད་སྙོམས་ས་རུ་གློ་བུར་དུ་ལྡང་ཡོང་བའི་མཐོ་སྒང་གི་སྟོན་རླུང་དང་ཁ་ཆར་གདོང་གིས་བསུ་བཞིན་བཀུམ་བཙོག་གིས་སློབ་ཁྲིད་ལ་ཉན་པའི་ཡིད་དུ་འོངས་པའི་རྣམ་པ་མཐོང་ཐེངས་རེར། སེམས་ཀྱི་ག་ཤེད་ཅིག་ལ་དྲོད་དང་བདེ་བ་ཡན་གར་བ་ཞིག་གིས་ཁྱབ་པར་གྱུར་ནའང་། སྲོལ་རྒྱུན་སློབ་གསོ་སྟེ་སློབ་ཁང་གྲུ་བཞི་ཞིག་གི་ནང་དུ་དགེ་སློབ་ཁ་སྤྲོད་དུ་བསྡད་ནས་སློབ་ཁྲིད་དང་སྒྲིག་ལམ་མཉམ་དུ་འཆད་ཅིང་སྐྱོང་བའི་རྣམ་པར་འདྲིས་ལོབས་སུ་གྱུར་བའི་སྟབས་ཀྱིས། རྣམ་ཀུན་སློབ་གྲོགས་ཁ་ཤས་རྒྱུ་རྐྱེན་གང་ཡང་མེད་པར་དྲ་ངོས་ཀྱི་སློབ་ཁྲིད་འདིར་མི་ཞུགས་པ་དང་། ཁ་ཤས་སློབ་ཁྲིད་ཀྱི་བར་གསེང་ནས་སློབ་བྱོལ་བྱེད་པ། ཁ་ཤས་ཀྱིས་ཁ་པར་འགྲམ་དུ་བཞག་སྟེ་སློབ་ཁྲིད་ལ་མི་ཉན་པ་སོགས་ཀྱི་སྣང་ཚུལ་འདི་རིགས་སྟབས་བདེ་དང་འཐུས་ཚང་གི་མ་ལག་འདིས་སློབ་ཁྲིད་རེ་རེའི་རྗེས་སུ་ཐད་ཀར་སྡོམ་རྩིས་གསལ་བོར་བྱས་འདུག་པའི་གྲངས་ཀ་དག་ལ་ལྟ་དུས། ཕྱི་གླིང་དང་ནང་ལོགས་ཀྱི་འགྲན་རྩོད་ཀྱི་ཚ་རླབས་མཆེད་པའི་གྲོང་དང་གྲོང་ཁྱེར་དུ་སློབ་བུ་དག་གིས་ཉིན་མཚན་དབྱེར་མེད་དུ་བློ་སེམས་རྩེ་གཅིག་དང་གཅིག་རྗེས་གཉིས་མཐུད་ཀྱིས་དུས་ཚོད་དང་འགྲན་རྒྱུགས་ཀྱིས་སློབ་ཁྲིད་རེ་རེར་གྲོན་དངུལ་འབོར་ཆེན་སྤྲད་དེ་ཉན་ཞིང་སློབ་པའི་རྣམ་པ་དེ་མིག་ལམ་དུ་འཁོར་བའི་མོད་ལ། ང་རང་ཚོའི་ཁ་གཡང་དུ་སྒྲོག་པའི་འོད་གསལ་གྱི་ལམ་ཆེན་དེ་ཡང་ལ་འཐིབས་ལུང་འཐིབས་ཀྱི་ན་བུན་སྲབ་ཅིང་མུ་མཐའ་མེད་པ་ཞིག་གིས་སྒྲིབ་པར་སྣང་།
དེ་ལྟའི་དྲ་བའི་མྱུར་ཚད་ལ་ཆ་རྐྱེན་ངེས་ཅན་ལྡང་དགོས་པའི་དྲ་ལམ་སློབ་ཁྲིད་འདི། ཁམས་གསུམ་ཐམས་ཅད་སྐུད་ལམ་སྣ་ཚོགས་པས་སྡོམ་རྒྱ་བཞིན་གཡོགས་པའི་གྲོང་ཁྱེར་སོགས་སུ་སྤེལ་བ་ཅུང་སླ་ཞིང་། ཕར་བཤད་ཚུར་སྐྱོན་ལ་ཁེགས་པ་ཅི་ཡང་མེད་པས། འཆད་པའི་ཚིག་རིས་དེ་མ་ཉིད་དུ་ཕ་རོལ་པས་ཇི་བཞིན་ཐོས་ཐུབ་ཅིང་། ཚིག་གི་ཡ་ལན་ཡང་སྐད་ཅིག་ཉིད་ལ་བསྐྱོན་ཐུབ་པས་ན་གནས་གཞི་གཅིག་ཏུ་འཛོམས་ཏེ་སློབ་ཁྲིད་བྱེད་པའི་སྣང་བ་དང་ནུས་པ་ཟུང་དུ་ལྡན་ནའང་། ཡུལ་གྱི་དབང་རིས་ཀྱིས་བཅད་པའི་ས་མཐའི་ཡུལ་གྲུ་ལ་ལར་དྲ་བའི་མིང་ཙམ་མ་ཟད། སྒྲོན་མེའི་ཚབ་ཏུ་བྱེད་པའི་གློག་གི་སྐུད་པའང་མཁའ་ཡི་པདྨོ་བཞིན་མཐོང་དཀོན་པས། ཉིན་ཧྲིལ་བོར་ཁ་པར་གྱི་སྒོ་ཕྱེ་བའི་གློག་ཡང་ཉི་གློག་གི་ནུས་པར་བརྟེན་དགོས་ན། བརྡ་རྟགས་ནི་མིང་གི་ལྷག་མར་གྱུར་བའི་རྒྱུས་མེད་ཀྱི་བྱ་དངོས་ཤིག་ཡིན་ཞིང་། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་། སྐར་མ་ཙམ་ལ་བརྟེན་པའི་ཉིན་མཚན་ལྟོས་མེད་ཀྱི་དྲ་བའི་རིན་གོང་ནི་འཁོས་དམན་གྱི་ཁྱིམ་ཚང་ཕལ་དག་གིས་ཐེག་པར་དཀའ་བ་མ་ཡིན་ནམ། ཡིན་ནའང་། སློབ་གྲོགས་ཁ་ཤས་ཀྱི་འདུན་པ་ནི་སྲ་མཁྲེགས་ཀྱི་བྲག་རི་ཞིག་དང་འདྲ་བར་དཀའ་བ་མང་པོ་གདོང་གིས་བསུས་ཏེ་སློབ་ཁྲིད་ལ་ཆགས་མེད་དུ་ཞུགས་པ་ངའི་མིག་གིས་འཚོས་ཤིང་སེམས་སུ་བསྒོམས་པ་ཡིན།
ཉིན་བཞིན་གཏན་འཁེལ་གྱི་དུས་ཚོད་དུ། རྩིས་འཁོར་གྱི་འཆར་ངོས་སུ་ཅེར་ནས། འཁྲིད་བྱའི་ནང་དོན་སྟབས་བདེའི་ངང་ཀློག་པ་དང་འགྲེལ་བ། བསྐྱར་བ་སོགས་ཀྱིས་ཡ་ལན་ཅི་ཡང་མེད་པའི་སློབ་ཁྲིད་ཐེངས་གཅིག་ཚར་ནའང་ཨ་ཐང་ཆད་པའི་སྣང་བ་བཅོས་མིན་དུ་སྐྱེས་ཤིང་། རྡོག་ཁྲེས་ལྕི་མོ་ཞིག་གི་ལྗིད་ཀྱིས་མནན་པའི་ཚོར་བས་ལུས་སེམས་ཡོངས་སུ་མནར་ནས་བུ་ཆུང་ཤ་ཁོག་ཟད་པ་ལྟར་དབུགས་ཐག་ཀྱང་རིང་ལེན་བྱ་དགོས་པར་འདུག་སྟེ། རང་ཉིད་ཀྱིས་གོམས་འགྲོས་གོག་མ་ནུར་གྱིས་སྤོས་ཤིང་མདུན་ཕྱོགས་སུ་གསལ་ལ་བཀྲ་བའི་ལམ་བུ་ཞིག་སྟོན་པར་འབད་བཞིན་ཡོད་ནའང་། ངོ་གདོང་ཙམ་ཡང་མཐོང་བར་དཀོན་པའི་འཆར་ངོས་ཕ་རོལ་གྱི་སློབ་གྲོགས་ཚོས་ནི་རི་བོ་མཐོན་པོ་ཞིག་གིས་བར་བཅད་པའམ་ཆུ་བོ་ཆེན་པོ་ཞིག་གཞུང་བཅད་པ་ལྟ་བུར་དོན་ཅི་ཞིག་ཐབས་ཅི་ལྟ་བུའི་སྒོ་ནས་གནད་གང་འཛིན་དགོས་པའང་གསལ་བོར་རྟོགས་ཀྱིན་ཡོད་དམ་སེམས་ན་རང་ཉིད་ཀྱིས་སྨུག་རྒྱུའི་གྲོང་ཁྱེར་ཞིག་སྙེག་གིན་འདུག་ཀྱང་སྙམ་བྱུང་།
དུས་འདིར། དགེ་སློབ་ཀུན་གྱིས་སློབ་གྲྭ་འཚོགས་པར་སྔར་བྱུང་མ་མྱོང་བའི་རེ་ལྟོས་གྲངས་མེད་ཅིག་འཆང་བཞིན་ཡོད་མོད། ནད་ཡམས་ཀྱི་དུག་རླངས་མུ་མཐུད་དུ་འཕྱུར་ཞིང་རྣམ་ཀུན་མི་སེམས་བློང་བློང་བོར་བཟོ་བཞིན་ཡོད་པས། དགེ་སློབ་ལྷན་རྒྱས་འཛུམ་གྱི་ལེར་སློབ་ཁང་གཅིག་ཏུ་འཛོམས་པའི་སྐལ་བ་ད་དུང་ཉག་ཕྲ་ནའང་། ང་རང་ཚོར་གཅེས་ཕྲུག་སྣུམ་ཟད་མའི་དབུགས་ཤིག་ཡོད་ཚེ། ལས་དང་ལམ་ཁ་འདིའི་མུ་ཉིན་བཞིན་སྐྱོང་དགོས་ཤིང་། ཉེ་རྒྱང་གང་གི་བར་ཐག་ཀྱང་མི་རབས་ནས་མི་རབས་སུ་ཉེ་བར་གཏུགས་པར་སྤོབས་པའི་སྙིང་དང་དཔའ་བའི་གདེང་གང་ཡོད་བསྐྱེད་དགོས་པ་མ་ཡིན་ནམ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།