ངོས་དང་པོ > རྩོམ་རིག > དེང་རབས་བརྩམས་ཆོས། > ༄༅། །སྐབས་སོ་བརྒྱད་པའི་དགེ་རྒན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
༄༅། །སྐབས་སོ་བརྒྱད་པའི་དགེ་རྒན་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།
རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་སོགས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-10 07:17:06
ཀློག་གྲངས།:
༄༅། །དད་གསུམ་ཡིད་མཚོར་འཕྱུར་བའི་རླབས་སྒྲ།
རྐྱང་རྩེ་རྡོར་ལྷུན།
འདི་ནས་བྱང་ཕྱོགས་ཙོང་ཁ་བདེ་ཁམས་སུ།།
ཁོ་བོའི་སྙིང་གི་ལྷ་ཡི་དགའ་ཚལ་ཏེ།།
མཚོ་སྔོན་མི་རིགས་དགེ་འོས་སློབ་གྲྭ་ཞེས།།
སྲིད་གསུམ་སྙན་པས་ཁྱབ་པ་ལྷན་ནེར་བརྗིད།།
མངོན་མཐོ་གཙུག་ལག་ཕོ་བྲང་ལྷམ་མེ་བར།།
ལྔ་ཟུང་རིག་པའི་གད་རྒྱངས་སྙིང་ཡེར་བ།།
སྒྲོག་མཁས་བཤེས་གཉེན་གདོང་ལྔ་གཡུ་རལ་ཅན།།
གངས་རིའི་སྤོ་རུ་འགྱིངས་ཕོད་མངོན་པར་བསྟར།།
དེ་ལས་ལས་ཀྱིས་སྐུལ་བའི་འདུན་མའི་རྩེར།།
བཀོད་པའི་རྣམ་དཔྱོད་རྩལ་རྫོགས་ལྔ་རིག་བདག།
མ་རིག་མུན་འཐོམས་སྡུག་བསྔལ་བསལ་མཛད་མགོན།།
མཁས་བཙུན་བཟང་གསུམ་སྟོབས་དང་ལྡན་པར་མཇལ།།
གང་དེའི་ཐུགས་རྗེ་ལྷ་ལམ་ཡངས་པའི་མཁར།།
མཇལ་བའི་མོད་ལ་ཁོ་བོ་དོང་གི་སྦལ།།
མཁྲེགས་པའི་ཤུན་ལྐོགས་བྱེ་མར་འཐོར་གྱུར་ཞིང་།།
ཡན་ལག་ལྔ་ཚོགས་ས་རུ་དུད་པར་བྱས།།
ཀུན་གཟིགས་སྤྱན་རས་ཉི་ལྟར་རབ་གསལ་བའི།།
བྱམས་བརྩེའི་ཞལ་རས་ཟླ་བཞིན་བྲི་མེད་པ།།
འཛུམ་པའི་མོད་ལ་སྐལ་ལྡན་ཀུ་མུད་ཚོགས།།
ཟུམ་པའི་འདབ་རྒྱ་ཕྱོགས་བཅུར་གྲོལ་བར་བྱེད།།
འཛད་མེད་འོད་དཀར་བསིལ་ཟེར་བདུད་རྩིའི་རྒྱུན།།
རིས་མེད་གངས་རིའི་ལྗོངས་སུ་འཇོ་བའི་མོད།།
མཚན་སྨག་གིས་གནང་མ་རིག་གནག་པའི་མིག།
མུན་པའི་ཁུང་ནས་སྣང་བར་ཅིག་ཅར་འདྲེན།།
གཞན་བརྩེའི་དྲི་མེད་མཁྱེན་རབ་སྟོན་ཟླའི་གཟིས།།
ལེགས་བསྐྱེད་དནྜིའི་གཞུང་ལུགས་རྒྱུ་སྐར་ཕྲེང་།།
གངས་རིའི་མགུལ་དུ་འཚེར་བའི་ངོ་མཚར་དེ།།
རིན་ཆེན་མུ་ཏིག་ཟོང་གིས་བྲིན་པ་མིན།།
མིག་ལ་སྙན་འཕྲུལ་མེ་ལོང་གཡའ་བྲལ་དྭངས།།
རྣ་བར་ཚིག་རྒྱན་རིག་པའི་སྙན་ཤལ་མཛེས།།
ཡིད་དུ་གཞན་ཕན་ལེགས་བཤད་བདུད་རྩི་འཁྱིལ།།
དགེ་བའི་བཤེས་ཞེས་མཚན་ཟློས་སྒྲོས་མི་དལ།།
རྩོམ་རིག་སྒྱུ་རྩལ་རིག་པའི་སྤང་ལྗོངས་གཞིར།།
སྣ་ཚོགས་རྒྱན་གྱི་འདབ་བརྒྱ་ལམ་མེ་བས།།
བརྩོན་ལྡན་བྷྲ་མ་ར་ཚོགས་མྱོས་གྱུར་ཏེ།།
ཡིད་འོང་གཤོག་གླུ་དིར་དིར་ཅི་ཡང་སྒྲོག།
ཁྱོད་ཞལ་ངང་བའི་བུ་མོའི་དགའ་ཚལ་ལས།།
ཚངས་སྲས་རིག་པའི་འདབ་སྟོང་ཕོན་པོའི་སྐྱེས།།
གང་ལ་གང་འཚམས་རྒྱན་དུ་བསྟབས་པ་ལ།།
དགྱེས་དགུའི་རྒྱུད་དྲུག་རང་སྒྲས་ས་སྟེང་ཁེངས།།
གང་སྐུ་རྨ་རྒྱལ་གནམ་འདེགས་གངས་ཀྱི་རིའི།།
ལེགས་གསུང་གསེར་ལྡན་སྒེག་མོ་གཱངྒའི་རྒྱུན།།
གངས་རིའི་ལྗོངས་སུ་ཆད་མེད་བབས་པའི་མཐུས།།
སྐལ་ལྡན་སྐྱེ་དགུའི་ལང་ཚོས་ནོར་འཛིན་བརྒྱན།།
ཁྱེད་སྐུར་མཇལ་ཙམ་གྱིས་ཀྱང་ཡིད་སྤྲོ་ཞིང་།།
ལེགས་གསུང་ཐོས་ཙམ་གྱིས་ཀྱང་ངག་དབང་འབྱོར།།
ཐུགས་རྗེ་མྱོང་ཙམ་གྱིས་ཀྱང་ཁམས་བདེ་བའི།།
སྒོ་གསུམ་བག་ལ་སྦྱར་བའི་བྱིན་རླབས་ཆེ།།
འཆད་ན་རབ་འབྲིང་ཐ་མའི་ཡིད་རབ་འཕྲོག།
རྩོད་ན་ཟླ་བྲལ་བཞད་སློང་འཁྱོག་བརྗོད་སྙན།།
རྩོམ་ན་དབྱངས་ཅན་དགྱེས་པའི་དྲི་ཟའི་གླུ།།
དཔྱོད་ལྡན་ཡིད་དབང་འགུགས་པའི་ལྕགས་ཀྱུ་ཉིད།།
སྙན་འཇེབས་ཚིག་གིས་སྤུད་པའི་ལྷོད་ཤའི་གཏམ།།
གཟུར་གནས་བློ་ཡིས་གཞལ་བའི་ཟབ་གསལ་དོན།།
རང་བྱུང་རྦབ་ཆུའི་རྒྱུན་གྱིས་འབབ་པའི་རྩོམ།།
དནྜིའི་རྒྱུད་དུ་མ་གཏོགས་ཡོད་རེ་སྐན།།
ཁྱེད་ནི་ཟབ་པས་ཟླ་བའི་མ་མ་དང་།།
བརླིང་བ་ཉིད་ཀྱིས་ས་འཛིན་དབང་བོ་སྟེ།།
འཇིག་རྟེན་རྣམས་ལ་ཚིག་རྒྱན་སྙན་ངག་གཙོས།།
རིག་ལྔའི་འདོད་པ་སྟེར་ཕྱིར་དཎྜི་འོ།།
དེ་ལྟར་རིས་མེད་ཀུན་ལ་ངག་རིག་གཞུང་།།
ཅི་དགར་བསྩལ་ལ་དད་གསུམ་ཡིད་ཀྱི་མཚོའི།།
འཕྱུར་བའི་རླབས་སྒྲ་ཕྱི་མར་མི་འཇགས་པ།།
ཁོ་བོའི་སྙིང་ཁོང་རུས་པའི་གཏིང་རིམ་ཁྱབ།།
དེ་རིང་བཤེས་གཉེན་དུས་ཆེན་ཁྱུང་སྔོན་སྐྱེས།།
མཐའ་ཀླས་བྱ་ལམ་ཡངས་པོར་གར་བསྒྱུར་ཚེ།།
རེ་བའི་ཉི་ཟེར་རྒུམ་ལ་མི་དལ་བའི།།
ཆུ་སྐྱེས་བུས་པས་དྲན་པའི་ཟེ་འབྲུ་རྒོད།།
འདི་ལྟའི་མི་འགྱུར་དད་པའི་ཡིད་གཡོ་བའི།།
ངག་རིག་དྲན་གདུང་སྙིང་གི་རེ་ཁཱ་འདིས།།
གང་ཁྱེད་སྐུ་གསུང་ཐུགས་ཀྱི་ལེགས་མཛད་མཁའ།།
སྔར་བས་རྟག་བརྟན་འཛིན་མའི་རྒྱན་གྱུར་ཅིག།
ཅེས་སྐབས༣༨པའི་རླབས་ཆེ་བའི་དགེ་རྒན་དུས་ཆེན་གྱི་ཐོ་རངས་འཆར་ཉེ་ལ། དྲན་དང་དྲིན་གཟོས་ཚད་ཤིན་ཏུ་འཁྱོལ་དཀའ་བ་གང་ལ་ཁམས་འདྲིའི་ཚུལ་དུ་བྲིས་པ་དགེའོ།།
༄༅། །དགེ་རྒན་ལགས། ངའི་དུས་གསུམ་གྱི་རྒྱབ་རི་བཀན་མོ།
ཀྱེ་ཕུར་མཆོག་གསུམ།
སྲིད་པ་ས་གཞིར་ཆགས་ཏེ་བ་སོ་ཁ་རུ་སྐྱེས་པ་ནས། འགྲོ་བ་མིའི་རིགས་ཀྱི་འཚོ་བཞེས་ཀྱི་དབུ་ཁྱུད་ཐོག་མར་བྲིས་ཤིང་། གདངས་མི་གཅིག་པའི་གཞས་ཀྱི་གཏམ་རྒྱུད་སྣ་ཚོགས། གངས་ཀྱི་རྩེ་མོ་ནས། འབྲོག་ཐང་གི་ས་སྲོས་སུ། རྣང་ཞིང་གི་སྙེ་རླབས་དབུས་སུ། སྙན་ལྷང་ལྷང་གི་གླུ་སྐད་ཀྱིས་མཆེད་དེ། སྐྱུར་ཅང་ཅང་གི་ས་བོན་གྱིས་འབུས་ཡོང་།
དུས་དེ་ནས། སློབ་དཔོན་ཐོན་མིས་འབྱུང་བཞིའི་རི་རབ་རྔུལ་ཆུས་ཆབ་ཀྱིས་བཀྲུས་ཏེ། ས་ཆེན་འདོམ་ལ་འཇལ་བའི་འགྲུལ་བཞུད་དེའི་རྗེས་སུ། རྣམ་དཔྱོད་ཉི་མ་གཞུས་ཏེ་གསེར་གྱི་དབྱངས་གསལ་བཙས་པས། ང་ཚོ་ཡང་འོད་དཀར་གྱི་དབུ་ཞྭ་གསོལ་ཆོག་པའི་འཇིག་རྟེན་འདིའི་མགྲོན་པོར་གྱུར་ཏེ། དགེ་རྒན་དང་སློབ་མ་ཞེས་པའི་རྟེན་འབྲེལ་ལ། ཕྱྭ་གཡང་གི་ཁ་བ་དཀར་པོ་བབས། བྱིན་རླབས་ཀྱི་ཚན་ཁ་དཀར་པོ་འཕྱུར།
ལས་ཀྱི་ཕུ་ཐག་རྒན་གྱིས་གཅོད་ལ། གཏམ་གྱི་གོང་ཐང་ཨ་ཁུས་གཅོད་པའི་འཚོ་བ་དེའི་དབྱར་གཞུང་ནས། ང་ཚོས་རྒྱུ་འབྲས་ཀྱི་མེ་ཏོག་སྤང་ལ་བཏབ་སྟེ། ཆོས་ཉིད་ཀྱི་ཁ་དོག་མིག་གིས་འཚོ་དུས། དགེ་རྒན་ནི་སྨག་ནག་གི་འཆིང་རྒྱ་གཏོར་བའི་ཐོ་རེངས་ཀྱི་སྐར་ཆེན་དེ་རེད། དབྱངས་གསལ་གྱི་གཟུངས་འཇུག་ངག་ལ་བཞེངས་པའི་བྱམས་སེམས་ཀྱི་ལག་པ་རིང་པོ་དེ་རེད། ཉིན་མཚན་དང་ཉིན་སྲིབ་མེད་པར་ཕྱོགས་མེད་དུ་འཕྲོ་བའི་འཛམ་གླིང་གི་ཉི་མ་སེར་པོ་ཨ།
ངས་དཔེ་ཁུག་ཆུང་ཆུང་གི་ཐམ་ཀ་རྒྱབ་ལ་དཔར་ནས། འཛུམ་མདངས་ཆུང་ཆུང་གི་མེ་ཏོག་སློབ་རར་བཏབ་དུས། དགེ་རྒན་ཁོ་ན་ནི་ངའི་འབྱུང་བཞི་གསོ་བའི་མེ་དཔུང་རེད། ཁོང་གིས་ཀ་ཁའི་འོ་མ་ཐབས་ཀྱིས་བསྐོལ་ཏེ། ངའི་འཚར་སྐྱེས་ཀྱི་རྨི་ལམ་ལ་བཀྲགས་མདངས་འཚེར་བའི་ཁ་དོག་བསྩལ་པས། ངས་དགེ་རྒན་ནི་འཇམ་མཉེན་གྱི་ཕྱག་ཟུང་ཞིག་ཡིན་པ་གཞི་ནས་ཚོར་ལ། ཕྱག་ཟུང་གི་ཡལ་ག་རེ་རེར། འཇིག་རྟེན་མཐོང་བའི་མེ་ལོང་རེ་བཟོས་ཏེ། ང་ཚོ་རེ་རེ་བཞིན་ཁོང་གི་ཕྲག་སྟེང་ནས་རྒྱང་རིང་ལ་ལམ་འཇུག་བྱས་པ་བརྗེད་དུ་མེད། བཀའ་དྲིན་ཆེ། ཉི་ཟླ་རྣ་རྒྱན་ཡིན་པའི་དགེ་རྒན་ཁྱེད། སློབ་ཕྲུག་བུ་ཕྲུག་ཡིན་པའི་དགེ་རྒན་ཁྱེད། ངས་སྒོ་གསུམ་ཕྱག་གི་དད་ཡུལ་ཡིན།
དེ་རིང་ང་སྤྱི་ཚོགས་ཀྱི་རི་རྩེར་འཛེགས་ཏེ། འཚོ་བ་ཆང་ལ་བསྙལ་བའི་སྤྲིན་དཀར་གྱི་ཡང་སྟེང་ནས། བསམ་གཞིག་གི་བསང་ཁྲིར་མེ་ཁ་གསོས་རྗེས། འཇིག་རྟེན་འདིའི་ཉོན་མོངས་དུག་གསུམ་རྨང་ནས་བསྲེགས་ཏེ། དགེ་རྒན་གྱིས་གསུང་མྱོང་བའི་གདམས་ངག་ཐམས་ཅད། རང་གི་རྨོངས་པ་འཇོམ་པའི་བདུད་རྩི་རུ་འཐུང་ན། ངས་ལུས་ངག་གི་རྩ་ལམ་དྲོས་པའི་དཔའ་དང་གདངས་ཀྱི་ང་རོ་དེ་གསར་དུ་རྙེད་ཅིང་། ངས་བདེན་དོན་གྱི་སྙིང་པོ་གསལ་བའི་ཁ་དོག་དང་རོ་བྲོ་སེམས་ཀྱིས་ཚོར་བས། གངས་ཀྱི་རི་ཟོམ་ནས་མཐོ་རུ་འཕྱོ་བའི་རླུང་རྟའི་ཚོགས། ང་མཁའ་ལ་འཕུར་བའི་གཤོག་ཟུང་དང་། ནམ་མཁའི་ཕོ་བྲང་ནས་ལམ་ལམ་འཚེར་བའི་སྐར་མའི་ཚོམ། ང་རྒྱང་ལ་ཆས་པའི་མིག་ཟུང་རེད།
དགེ་རྒན་གྱིས་ང་རྒྱང་རིང་རྒྱང་རིང་ལ་ལམ་འཇུག་བྱས་ཏེ། ཕུགས་བསམ་གྱི་གཏེར་ཁ་རྒྱང་རིང་ན་ཡོད་ཅེས། སློབ་དཔོན་ཐོན་མིའི་དཀའ་ཚེགས་དང་རྔུལ་ཆུ་འཆད་མྱོང་། རྣམ་དཔྱོད་ཀྱི་ཚན་ཁ་འབར་བའི་རྟོགས་པ་བརྗོད་མྱོང་། མེས་པོ་ནི་འུ་ཅག་གི་མེ་ལོང་ཡིན་ལ། མེ་ལོང་དེ་ལས་རྟག་པར་རང་ཉིད་དངོས་མ་དེ་བཙལ་དགོས་པའི་བསླབ་བྱ་གནང་མྱོང་།
དགེ་རྒན་ལགས། ངས་ངག་གིས་ཡང་ཡང་བཟླས་ཀྱང་ནོག་མི་སྲིད་པའི་ཡིག་འབྲུ་དཀར་པོ། གངས་ཀྱི་རྩེ་མོ་ནས་རླུང་རྟའི་ཟོལ་གྱིས་འཕྱོ་དུས། མཚོ་མོའི་རླབས་ཕྲེང་ནས་ཟེགས་མའི་མདངས་ཀྱིས་འཕྱུར་དུས། འཚོ་བའི་སྤང་ཐང་ནས་གཡང་དཀར་གྱི་ཁྱུ་བཞིན་བཞུར་དུས། ངའི་ཞེ་ཁོང་འཁྱགས་པ་དེ་དྲོད་ཀྱིས་ཁྱབ་སྟེ། དགེ་རྒན་ལགས། ངའི་དུས་གསུམ་གྱི་ལྷ་ཚོགས་ཞེས་ངག་གིས་བོས་ཤིང་། སྲིད་པའི་ཐ་སྙད་མ་ལུས་ཞུན་བརྡར་བཏང་སྟེ། སྙན་ངག་གི་མཆོད་པ་ཞིག་ཁྱེད་ལ་བཤམས་འདོད།
ཨ་ཨ། དགེ་རྒན་ལགས། ངའི་དུས་གསུམ་གྱི་རྒྱབ་རི་བཀན་མོ།
༄༅། །དྲིན་དྲན་པའི་ཉི་མ།(ཞར་བཀོད་གཅིག)
ཁྲི་སྐལ་བཀྲ།
ཁྱེད་ཀྱིས་འོད་ཀྱི་སྒོ་མོ་ཆེ་རུ་ཕྱེ་ཐེངས་རེར།
བརྩེ་བ་རྐང་ལ་ཟུག་རུང་།
ང་ཚོ་དུས་ཚོད་ཀྱི་མདའ་རྩེ་བར་ནས།
རྡོག་འོག་གི་གཡང་སར་ལྷུང་མ་མྱོང་ཞིང་།
འཚོལ་སྙེག་གི་གདམ་ག་དེ་ལ།
འོད་ཀྱི་གཤོག་པ་ཞིག་ཟིལ་གྱིས་བརྐྱངས་ཏེ།
ཕུགས་ཀྱི་འདོད་བློ་ཞིག་གསེར་དུ་བསྒྱུར་མྱོང་།
ཉི་མ་ལྟ་བུ་དང་སྒྲོན་མེ་ལྟ་བུའི།
ཐ་སྙད་འཕྱོར་པོ་དེ་མགུལ་ན་ཉར་པའི་ཁྱེད།
མ་གཞིར་རླབས་ཆེན་གྱི་མིག་ཟུང་ན།
རྡོ་རིང་གི་རྣམ་ཤེས་ལ་དྲག་ཏུ་བརྐོས་པ་སྟེ།
དགེ་རྒན་ཞེས་པའི་ཡིག་འབྲུ་ཇི་འདྲའི་མཛེས་ཨང་།
དེ་ནི་སྲོག་ལ་ཤོར་བའི་མཚན་སྙན་ཁོ་ན་མ་ཡིན་ནམ།
དགེ་རྒན་ནི་ལམ་རིམ་ལྟ་བུའི་གསུང་རྩོམ་ཞིག
བཀླགས་མི་ཚར་བའི་འོད་ཀྱི་མིག་ཟུང་ཡིན།
གང་ལྟར་ཀྱང་།
ནམ་མཁའ་ལྟ་བུའི་སེམས་རྒྱ་དང་།
ས་གཞི་ལྟ་བུའི་ཁོག་རྒྱ་ཞིག་ལ།
འོད་ཀྱི་ལག་པས་བྱིལ་བྱིལ་གནང་རོགས།
ངས་ལྷ་རྫས་ཤིག་མཐོ་རུ་བཏེགས་ཏེ།
ཁྱེད་ཀྱི་དུས་ཆེན་གྱི་ཀློང་ཡངས་ནས།
ངའི་གྱད་མི་ལྟ་བུའི་དགེ་རྒན་གྱི་དྲིན་དྲན་ནས་འོང་ངོ་། །
སློབ་གཙོ་ལགས། འོ་བརྒྱལ་མྱངས་སོང་།
དབྱར་གཞུང་གི་ཙད་ཆེན་འོག་ན།
རྔུལ་ཆུ་ཁོལ་མ་རེ་གདོང་ནས་བཞུར་འོང་།
སློབ་གཙོ་ལགས། འོ་བརྒྱལ་མྱངས་སོང་།
སློབ་གྲྭ་ནི་རང་ཁྱིམ་གྱི་རྒྱབ་རི་རེད།
རིམས་ནད་ཀྱི་འགག་འཕྲང་ཁྲོད་ན།
དོགས་སོན་སྐྱུར་མོ་རེ་ཞབས་ནས་སྐྱོར་འོང་།
སློབ་གཙོ་ལགས། འོ་བརྒྱལ་མྱངས་སོང་།
སློབ་གྲྭ་ནི་རང་ཁྱིམ་གྱི་རྨི་ལམ་རེད།
ཆུ་ལོག་གི་ཁྱུར་མིད་ཀློང་ན།
ཐུགས་ཁུར་ལྕི་མོ་རེ་སེམས་ཀྱིས་དྲུད་འོང་།
སློབ་གཙོ་ལགས། འོ་བརྒྱལ་མྱངས་སོང་།
སློབ་གྲྭ་ནི་རང་ཁྱིམ་གྱི་གདུང་མ་རེད།
སློབ་གཙོ་ལགས། འོ་བརྒྱལ་མྱངས་སོང་།
དོ་ནུབ། གཉིད་མི་ཁུག་པའི་སྔས་གོང་ན།
ཁྱེད་ཀྱིས་སྐྱ་རེངས་བུ་མོའི་འབོད་བརྡ་བསྙལ་ཡོད།
ད་ནི། ཅིས་ཀྱང་ངལ་ཅིག་གསོ་རོགས།
མཚན་མོ་ལྟ་བུའི་གཏམ་རྒྱུད་རེ་རེ།
སང་ཉིན་ཅིས་ཀྱང་འོད་དུ་འཚེར་བར་སྨོན།
༄༅། །མགོན་ཁྱེད་ཅག་རྟག་ཏུ་བཞུགས་སུ་གསོལ།
ཀུན་མཁྱེན་གྲགས་པ།
བོད་ཁ་བ་ཅན་གྱི་ཞིང་ཁམས་སུ།།
དགུང་ཉི་མ་གསེར་གྱི་བྱིན་རླབས་ཅན།།
འོད་འཚེར་བའི་མོད་ལ་བཤེས་གཉེན་དྲན།།
དྲིན་བསམས་ཤིང་བསམས་ཤིང་དད་པ་སྐྱེ།།
སྔོན་ཚེ་རབས་དུ་མའི་ཚོགས་བསགས་ལས།།
དེང་སྐལ་བཟང་མཚན་ལྡན་རྒན་ལ་འཕྲད།།
ལས་སྐྱེ་བ་བཟང་པོའི་བག་ཆགས་དང་།།
དུས་ད་ལྟའི་སྦྱངས་བརྩོན་ཅུང་ཟད་ཀྱིས།།
བློ་གླེགས་བམ་ཉིད་ལ་ཕྱོགས་པ་འདི།།
རྒན་བཤེས་གཉེན་དམ་པའི་བཀའ་དྲིན་ལགས།།
གངས་ར་བའི་སྐོར་བའི་ཞིང་ཁམས་འདིར།།
མགོན་ཁྱེད་ཅག་སྐུ་དྲིན་མི་ཆེ་འམ།།
དུས་ད་ལྟའི་བུ་སློབ་སྟོང་ཕྲག་ལ།།
གསུང་ལེགས་ཉེས་བླང་དོར་སྩོལ་རོགས་གནང་།།
སྒོས་སྙོམས་ལས་འཛིན་པའི་གྱི་ན་བར།།
བློ་ཕྲ་ཞིབ་ཕྱེད་པའི་གདམས་པ་སློབས།།
དུས་ད་དང་ཚེ་རབས་དུ་མའི་བར།།
མགོན་བཤེས་གཉེན་དག་ལ་གུས་སུ་གསོལ།།
སེམས་ཞི་དུལ་རྒྱུད་ལ་བྱིན་གྱིས་རློབས།།
ངའི་ཉི་མ་འདྲ་བའི་བཤེས་གཉེན་རྣམས།།
དྲིན་བསམས་ཤིང་བསམ་ཤིང་དད་པ་སྐྱེ།།
དུས་ནམ་ཡང་ཤེས་རབ་གསལ་བར་སྨོན།།
ཡུལ་གང་དུ་བརྩོན་པ་བགྱིད་པར་སྨོན།།
ཡུལ་གངས་རིའི་དབུ་སྣ་དགུང་དུ་བསྟོད།།
མགོན་ཁྱེད་ཅག་རྟག་ཏུ་བཞུགས་སུ་གསོལ།།
ཞེས་སྐབས་སོ་བརྒྱད་པའི་དགེ་རྒན་དུས་ཆེན་ལ་རང་གི་དགེ་བའི་བཤེས་གཉེན་དུ་གྱུར་དང་འགྱུར་ཚུན་ཐམས་ཅད་ལ་སློབ་བུ་གྱི་ན་བ་ཀུན་མཁྱེན་གྲགས་པས་ཕུལ་བ་དགེའོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།