བསོད་ནམས་དབང་མོའི་ལྷུག་རྩོམ་ཁག་གཉིས།
རྩོམ་པ་པོ།:བསོད་ནམས་དབང་མོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-09-09 11:21:12
ཀློག་གྲངས།:
༄༅། །ཤོག་བྱ་བདའ་བའི་མི།
བསོད་ནམས་དབང་མོ།
མི་རེ་རེར་རང་ཉིད་བྱིས་པའི་དུས་སུ་ཤིན་ཏུ་དགའ་མོས་ཆེ་བའི་རྩེད་མོ་རེ་ཡོད་སྲིད་ལ། རྩེད་མོ་རེ་རེས་མི་བུ་རང་རང་ལ་སྦྱིན་པའི་བྱིས་དུས་ཀྱི་འཇིག་རྟེན་ཡང་གཏན་ནས་གཅིག་མཚུངས་ཡིན་མི་སྲིད། དེ་ལས་བྱུང་བའི་དགའ་སྣང་དང་སྤྲོ་སྣང་། ཁྲོ་སྣང་དང་སྐྱོ་སྣང་ཡོད་ཚད་ཀྱང་མི་གཅིག་པས། མི་ཚེ་གང་བོར་རང་རང་གི་སེམས་ངོར་དགའ་སྐྱོ་ཆགས་སྡང་གི་བག་ཆགས་བརྗེད་མི་ཐུབ་པ་རེ་བཞག་ཡོད་པ་རེད།
ང་རང་བྱིས་པའི་དུས་སུ་ཆེས་དགའ་བའི་རྩེད་མོ་ནི་ཤོག་བྱ་གནམ་ལ་སྤུར་རྒྱུ་དེ་ཡིན་པས། ནམ་རྒྱུན་ཨ་ཕར་ཤོག་བྱ་ཉོ་རུ་བཅུག་ནས་རང་དང་ན་ཚོད་མཉམ་པའི་བྱིས་པ་དེ་ཚོ་དང་ལྷན་དུ་ཤོག་བྱ་གནམ་ལ་སྤུར་ནས་དགའ་འབོད་བྱས་པ་ཡིན། ངའི་ཨ་ཅེས་ཀྱང་ཤོག་བྱ་མཁའ་ལ་སྤུར་ཏེ་བདའ་རྒྱུར་ཤིན་ཏུ་དགའ་བར་མ་ཟད། མོས་ཤོག་བྱ་གནམ་ལ་འཕུར་དུ་བཅུག་ཚེ། ང་ཚོའི་རྩེད་གྲོགས་སུས་ཀྱང་ཁོ་མོའི་དོ་ཟླར་མི་ཡོང་བ་དང་། ཤོག་བྱ་བདའ་རེས་བྱས་ནའང་མོས་མགྱོགས་མྱུར་ངང་ང་ཚོ་ལས་ལྡབ་འགྱུར་གྱིས་འཛིན་ཐུབ། དེའི་ཕྱིར་ང་རང་ཁོ་མོ་དང་ལྷན་དུ་ཤོག་བྱ་ནམ་མཁར་འཕུར་དུ་འཇུག་རྒྱུ་དང་། ཡང་ན། ཤོག་བྱ་བདའ་རྒྱུར་གཏན་ནས་མི་དགའ། རྒྱུ་མཚན་ནི་མོར་ང་ལས་ལྷག་པའི་འཇོན་ཐང་ཡ་མཚར་བ་ཞིག་ཡོད་པས་རེད། ཡིན་ཡང་སྐབས་དེར་རང་ཁྱིམ་གྱི་འཚོ་བའི་ཆ་རྐྱེན་ཅུང་དབུལ་བས་ཨ་ཕས་ནམ་རྒྱུན་ངེད་གཉིས་ཀྱི་བར་ལ་ཤོག་བྱ་གཅིག་ལས་མི་ཉོ་བས། ངེད་གཉིས་ལ་མཚོན་ན་ཤོག་བྱ་དེར་རིན་ཆེན་གྱི་ནོར་བུ་ཞིག་གི་འདང་རྩིས་ཡོད་པ་རེད།
ཡིན་ནའང་། ལོ་ཟླའི་འགྲོས་དང་བསྟུན་ནས་ཨ་ཅེ་ཡིས་ང་ལ་ཤོག་བྱ་ཇི་ལྟར་ནམ་མཁར་འཕུར་དུ་འཇུག་ཚུལ་དང་མགྱོགས་མྱུར་ངང་ཇི་ལྟར་འཛིན་པའི་ཐབས་ལམ་སོགས་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཁྲིད་ཙ་ན། མ་བསླབ་མཁས་པ་གླིང་ན་མེད། བསླབ་ན་གླང་ངུ་མཁས་པར་འགྱུར་ཟེར་བ་བཞིན་ངས་མོས་ཁྲིད་པའི་གོང་སྨོས་ཀྱི་གོ་རིམ་རྣམས་ཆད་ལུས་མེད་པར་ཁོང་དུ་ཆུད་པར་བྱས་པ་མཐོང་མ་ཐག མོའི་ཡིད་ཚིམས་སོང་བ་ལྟར་ང་ཚོ་ལས་ལོགས་སུ་གྱེས་སོང་། དེ་ནས་བཟུང་ངའི་ཨ་ཅེ་ང་ཚོ་དང་ལྷན་དུ་ཤོག་བྱ་བདའ་རུ་མི་འགྲོ་བས། ངས་མོར་ཞུ་བ་ཇི་ལྟར་བྱས་ཀྱང་། ད་ནི་རང་ཉིད་ཤོག་བྱ་བདའ་བའི་ན་ཚོད་ལས་འདས་སོང་ཟེར་བའམ། ཡང་ན། རང་ཉིད་ཀྱི་རྐང་བ་ན་སྟེ་ཕར་ལྡིང་ཚུར་ལྡིང་བྱེད་མི་ཐུབ་པར་འདུག་ཅེས་ཁ་གཡར་ས་སྣ་ཚོགས་བཙལ་ནས་གཡོལ་ཐབས་བྱེད། དེའི་རྗེས་སུ་ཨ་ཕས་ཤོག་བྱ་ཉོས་ཡོང་ཐེངས་རེ་རེར་མོས་ཡོད་ཚད་ཁྱོད་གཅིག་པུའི་ཡིན་ཟེར། མོས་སྐད་ཆ་དེ་ཐོས་རྗེས། ངའི་སེམས་ལ་དགའ་སྤྲོ་སྐྱེས་རྒྱུ་ཕར་ཞོག དེ་ལས་ལྡོག་སྟེ་རང་ལ་གྲོགས་མེད་ཁེར་རྐྱང་གི་སྣང་བ་ཞིག་བྱིན་འོང་བས། སྐབས་དེར་ང་ཨ་ཅེ་ལ་སུན་གྱིན་ཡོད་པ་མ་ཡིན་པར། རང་ཉིད་ཁོ་མོར་འདང་བརྩེ་ཟབ་མོ་ཞིག་ཡོད་པ་གསལ་བོར་ཚོར་སོང་།
རྗེས་སུ་ཨ་ཅེ་དང་ངེད་གཉིས་མཉམ་དུ་སློབ་གྲྭར་སོང་བ་ཡིན་མོད། འོན་ཀྱང་མོ་སློབ་སྦྱོང་ལ་དགའ་ཞིང་། སློབ་སྦྱོང་གི་སྦྱངས་འབྲས་ཀྱང་ཕུན་སུམ་ཚོགས་ཤིང་གཡུར་དུ་ཟ་བ་ཞིག་རེད། ཡིན་ཡང་རང་ཉིད་དེ་ལས་ལྡོག་སྟེ། སློབ་སྦྱོང་ལ་མི་དགའ་ཞིང་སྦྱངས་འབྲས་ཀྱང་ཤིན་ཏུ་ཞན་པས། སློབ་སྐབས་གཅིག་མཇུག་རྫོགས་པའི་གོ་རིམ་ཁྲོད། མོར་མཚོན་ན་བསླབ་ཁག་ཡོངས་ཀྱི་རྒྱུགས་འབྲས་ཕུན་སུམ་ཚོགས་པ་དང་ངས་བསླབ་ཁག་གཅིག་མ་གཏོགས་རྒྱུགས་འཕྲོད་མེད་པས་སློབ་གྲྭར་འགྲོ་འདོད་མ་བྱུང་བར་ཕ་མ་གཉིས་ལ་སློབ་བྱོལ་བྱེད་པའི་རེ་བ་ཞུས། དེའི་སྐབས་ཀྱི་ཡུལ་མི་ཚང་མ་ཡིག་རྨོངས་པ་ཤ་སྟག་ཡིན་པའི་ཁར་སློབ་གྲྭར་ངེས་པར་དུ་འགྲོ་དགོས་པའི་ལེགས་ཉེས་ཀྱང་རྟོགས་ཀྱིན་མེད་པའི་རྐྱེན་གྱིས་རུ་སྐོར་ཁྱིམ་མཚེས་དེ་དག་ལ་དྲིས་པ་ན། ལ་ལས “བུ་མོ་ཞིག་སློབ་གྲྭར་སོང་ནས་ཅི་བྱེད། རྗེས་སུ་གནས་ལ་འགྲོ་དགོས་པ་རེད”ཟེར། ཡང་ལ་ལས“མོ་སློབ་གྲྭར་མི་འགྲོ་ཟེར་བ་དེའང་མགྲིག་འདུག སློབ་གྲྭ་ནས་བྱིས་པ་ལམ་ལོག་ཏུ་བུད་འགྲོ”ཟེར་གྱིན་འདུག
སྐབས་ཤིག་ཕ་མ་གཉིས་ཀྱིས་ང་ལ་གདམ་གསེས་ཤིག་གནང་སོང་བ་སྟེ“ངེད་གཉིས་ཀྱིས་བུ་མོ་ཁྱོད་སློབ་གྲྭར་འགྲོ་བའི་ཆ་རྐྱེན་བསྐྲུན་ཡོད། འགྲོ་མི་འགྲོ་རང་ཉིད་ཀྱིས་ལྟོས། གཡག་ལ་ཆུ་འཐུང་འདོད་མེད་ན་བཙན་གྱིས་ཅི་ཕན”ཞེས་གསུངས། ཏག་ཏག་རང་ཉིད་སྨུག་སྤྲིན་ཀློང་ནས་མགོ་བོ་འཐོམས་པ་བཞིན་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་དེར། ཨ་ཅེ་ནི་དུས་ཐོག་ཏུ་རྒྱུ་བའི་རླུང་བུ་ཞིག་ལྡང་བ་ལྟར་ངའི་གམ་དུ་རྒྱུགས་ཡོང་ནས་བཤད་རྒྱུར“གཅེས་ཕྲུག་མ། ཁྱོད་ཀྱིས་སློབ་གྲྭར་མི་འགྲོ་མ་ཟེར། རང་ལ་བརྩོན་པ་ཡོད་ན་སློབ་སྦྱོང་ཡང་དེ་འདྲ་དཀའ་རྒྱུ་ཅི་ཡོད། ཁྱོད་ཀྱིས་སློབ་སྦྱོང་བྱེད་རྒྱུ་དེའང་ཤོག་བྱ་ཞིག་གི་ཚད་དུ་ཞོག་དང་། ཤོག་བྱ་སྤུར་ནས་སྤྲོ་སྣང་འཚོལ་བ་དང་སློབ་སྦྱོང་བྱས་ནས་ཕུགས་བསམ་འཚོལ་བ་གཉིས་མ་གཞི་ནས་གཅིག་ཡིན”ཞེས་ང་ལ་སེམས་གཏམ་བརྗོད་བྱུང་། ཁོ་མོས་ང་ལ་སྨྲས་པའི་སྙིང་གཏམ་དྲོན་མོ་དེས་ངའི་ཐེ་ཚོམ་གྱི་མདུད་རྒྱ་ཡོངས་སུ་གྲོལ་སོང་བས། ངས་ཀྱང་ཐེ་ཚོམ་དང་ནེམ་ནུར་ཅི་ཡང་མེད་པའི་སྒོ་ནས་རང་ལ་དབང་བའི་ཤོག་བྱ་དེ་ཉིད་མུ་མཐུད་དུ་བདའ་རྒྱུའི་སེམས་ཐག་བཅད་པ་ཡིན།
དེ་ལྟར་ཕུ་བོ་དང་ཨ་ཅེ་ངེད་ཚོ་ཚང་མ་སློབ་གྲྭར་སོང་བའི་རྐྱེན་གྱིས་ཕ་མ་གཉིས་ཀྱི་ལུས་ཟུངས་ཉིན་རེ་ནས་ཉིན་རེར་ཇེ་སྡུག་དུ་འགྲོ་བཞིན་ཡོད་པ་མཐོང་ནས། བདག་ལས་གཞན་གཅེས་ཀྱི་བྱམས་སེམས་ལྡན་པའི་ཨ་ཅེ་ཡིས། རང་ཉིད་ཆེས་དགའ་མོས་ཆེ་བའི་རིག་གནས་སྦྱོང་མཚམས་བཞག་སྟེ་ཡུལ་དུ་ལོག་ནས། ཤེས་རིག་གི་ཤོག་བྱ་སྤུར་བའི་གོ་སྐབས་ཕུ་བོ་དང་ངེད་གཉིས་ལ་སྤྲད་བྱུང་། ངས་མོས་ངེད་གཉིས་ཀྱི་ཆེད་དུ་རང་ཉིད་ཀྱི་ཕུགས་བསམ་དོར་ཞིང་། ཕ་མ་གཉིས་ཀྱི་དཀའ་སྡུག་ཕྲག་ཏུ་བླངས་པའི་འདས་དོན་ཡོད་ཚད་ཡིད་ལ་དྲན་ཐེངས་རེར། ཁོ་མོས་བདག་ལ་གཅེས་སྐྱོང་དང་བསླབ་བྱ་གནང་བའི་བཀའ་དྲིན་དེ་དག་ཀྱང་ཞོར་ཏུ་རྡོ་བརྐོས་རི་མོ་བཞིན་ཀུན་རྟོག་སེམས་ལ་འཁོར་ཡོང་བས། དངོས་གནས་ཁོ་མོའི་དྲིན་ལན་གཞལ་ཐབས་ཤིག་ག་ལ་ཡོད།
དེ་བས་ངའི་ནམ་རྒྱུན་སེམས་ལ་རང་ཉིད་ཀྱིས་འཚོལ་སྙེག་བྱེད་ཀྱིན་པའི་ཤོག་བྱ་དེ་ཉིད་རང་གཅིག་པུའི་མ་ཡིན་པར། ཕ་མ་གཉིས་དང་ཨ་ཅེ་སོགས་ཀྱི་རེ་བ་དང་ཡིད་ཆེས་ཡིན་པས། རང་ཉིད་ཀྱི་ལུས་ཟུངས་ཟད་དེ་རུས་པར་གྱུར་ན་ཡང་། བརྩོན་པའི་གཤོག་ཟུང་སྤོབས་པས་བཏེགས་ནས་ཕུགས་བསམ་གྱི་ཤོག་བྱ་མ་ཟིན་བར་དུ་མུ་ནས་མུ་རུ་བདའ་རྒྱུའི་སེམས་ཐག་བཅད་ཡོད་དོ། །
ཉི་བོད་བགྲོ་གླེང་ལ་ཞུགས་པའི་མྱོང་ཚོར།
ང་ལ་མཚོན་ན། རང་ཉིད་ཀྱི་སྐད་དང་ཡི་གེ་ལས་ད་དུང་གཞན་གྱི་རིག་གནས་སམ་སྐད་ཡིག་ལ་དགའ་མོས་ཤིན་ཏུ་ཆེ་བ་ནི་ཉི་ཧོང་གི་སྐད་དང་ཡི་གེ་ཡིན། དེ་ལ་དགའ་བའི་རྐྱེན་གྱིས་སྦྱང་འདོད་ཀྱི་འདུན་པ་ཡང་སྐོམ་པ་ཆུ་ལ་དུངས་པ་བཞིན་དུ་འགོག་ཐབས་ཤིག་མི་འདུག དེར་བརྟེན་ཐེངས་འདིའི་བགྲོ་གླེང་ཁྲོད་རང་ཉིད་ལ་བློ་ཡུལ་ལས་འདས་པའི་མིག་རྒྱ་ཆེན་པོ་ཞིག་བསྐྱེད་བྱུང་།
དྲང་མོར་བཤད་ན། ང་རང་དམའ་འབྲིང་སྐབས་ནས་བཟུང་ཉི་སྐད་ཀྱི་གློག་བརྙན་དང་གླུ་དབྱངས་སོགས་ལ་དགའ་མོས་ཆེན་པོ་ཡོད་པ་སུས་མི་ཤེས། ཡིན་ན་ཡང་། དེ་དུས་ལན་རེར་གློག་བརྙན་ལ་བལྟས་ནས་དེའི་ཁྲོད་ཀྱི་ཉི་སྐད་རེ་ཟུང་བསླབ་པ་ཙམ་ལས། དངོས་སུ་རང་ཉིད་ཀྱིས་ལག་ལེན་དུ་འདེབས་པའི་སྐལ་བཟང་མ་ཐོབ་ལ། ཕྱིས་སུ་ཡང་གོ་སྐབས་ཡག་པོ་ཞིག་གཏན་ནས་བྱུང་མ་སོང་།
དགའ་འོས་པ་ཞིག་ལ་ཐེངས་ཤིག་འཕྲིན་སྟེགས་ཤིག་གི་སྟེང་ནས་རྒན་པདྨ་མ་ཚེ་བརྟན་ཏེ་ངའི་ད་ལྟའི་ཉི་སྐད་དགེ་རྒན་ཁོང་ཉིད་ཀྱིས་ཉི་སྐད་བཤད་བཞིན་པ་ཐོས་བྱུང་ལ། ད་དུང་ཉི་སྐད་བཤད་པའི་སྒྲ་གདངས་སོགས་ཕྱོགས་གང་ཐད་ནས་ཧ་ལས་པ་བཟང་བས། ང་རང་ཉི་ཡིག་སྦྱོང་བའི་འདུན་པ་དེ་བས་ཀྱང་ཇེ་ཆེར་སོང་སྟེ། ཁོང་དགེ་རྒན་ལ་བསྟེན་འདོད་ཀྱི་རེ་སྨོན་དེར་འབྲས་བུ་སྨིན་པ་བཞིན། ཉིན་འགའི་རྗེས་སུ་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་བརྡ་ཐོ་ཞིག་བསྐུར་འདུག་པ་མཐོང་མོད། འོན་ཀྱང་སྐབས་དེར་སློབ་ཡོན་གྱིས་མ་འདང་བས་མིང་ཐོ་འགོད་ཐབས་མ་བྱུང་། ཡིན་ནའང་། དགའ་འོས་པ་ཞིག་ལ་རྒྱལ་སྟོན་དུས་ཆེན་གྱི་གནང་བའི་སྐབས་དེར་གོ་སྐབས་ཨེན་ཙམ་རེག་བྱུང་བས། ཉམ་ཆུང་བདག་གིས་ཞུ་མི་ནུས་ན་ཡང་ཁོང་ལ་རང་གི་དགའ་མོས་སོགས་ཀྱི་གནས་ཚུལ་མང་བོ་ཞིག་ལབ་པར་བརྟེན། ཁོང་ཐུགས་ཧ་ཅང་ཡངས་པའི་རྐྱེན་གྱིས་ང་རང་སློབ་མར་བླངས་པའི་བཀའ་དྲིན་བསྩལ་སོང་། དེའི་ཕྱིར་རླབས་ཆེན་གྱི་སྐྱེས་བུ་ཁོང་ནི་བུ་མོ་ང་ལ་མཚོན་ན། ཉི་ཧོང་སྐད་ཀྱི་དགེ་རྒན་ཐོག་མའམ་བླ་མ་ཐོག་མ་ཡིན་ལ། ཐེངས་འདིའི་བགྲོ་གླེང་ལ་མཚོན་ན་ཡང་བུ་མོ་ང་རང་ཞུགས་པའི་བགྲོ་གླེང་ཐོག་མ་ཡིན་པས། ཉི་མ་དེ་ནི་ཅི་འདྲའི་དོན་སྙིང་ལྡན་པའི་ཉིན་མོ་ཞིག་རེད་ཨང་།
ཐེངས་འདིའི་ཉི་བོད་བགྲོ་གླེང་གི་གླེང་བྱ་གཙོ་བོ་ནི་ཉི་ཧོང་གི་རིག་གཞུང་ཞིབ་འཇུག་བྱེད་ཐབས་དང་བོད་དུ་སློབ་གཉེར་ལ་ཕྱིན་པའི་མྱོང་ཚོར། ད་དུང་ཉི་ཧོང་གི་བོད་ཀྱི་རྩོམ་རིག་གི་སྐོར་བཅས་ཡིན་པས། ཉི་ཧོང་གི་དགེ་རྒན་གཉིས་ཀྱིས་བོད་སྐད་ཀྱི་ལམ་ནས་ལབ་གླེང་གང་མང་བྱས་པར་བརྟེན་ནས། ངའི་སེམས་བསམ་པའི་སྟེང་ནས་ཁོ་ཚོར་ཡི་རང་དང་དད་སེམས་དབང་མེད་དུ་ཤོར་སོང་། རྒྱུ་མཚན་ནི་ད་ལྟའི་བོད་མི་མང་པོ་ཞིག་གིས་རང་སྐད་དང་རང་ཡིག་ལ་སྨད་པའམ་མཐོང་ཆུང་བྱས་པའི་རྐྱེན་གྱིས་རང་སྐད་ཡག་པོ་ཞིག་བཤད་མི་ཤེས་པ་དང་རང་ཡིག་ལེགས་པོ་ཞིག་འབྲི་མི་ཤེས་པའི་གནས་སུ་གྱུར་འདུག ཡིན་ཡང་རྒྱལ་ཁབ་གཞན་པ་དང་མི་རིགས་གཞན་དག་གིས་ངེད་བོད་པ་ཚང་གི་སྲོལ་རྒྱུན་རིག་གནས་ཧ་ལས་པ་རེད་ཟེར་ནས་དེ་ལ་སློབ་སྦྱོང་བྱས་ཤིང་། ཁོ་ཚོའི་སྤྱི་དམངས་ཀྱི་མི་གཞིའི་སྤུས་ཚད་མཐོར་འདེགས་སུ་གཏོང་བཞིན་པའི་སྐབས་སུ། ནོར་བུ་རང་ལ་ཡོད་དུས་ནོར་བའི་ནོར་སྙིང་མི་ཚོར་ཞེས་པའི་དཔེ་ལྟར། ང་ཚོ་ད་དུང་རྨོངས་གཉིད་ལས་སད་ཐུབ་མི་འདུག་པ་འདི་ནི་ནོར་འཁྲུལ་ཅིག་མ་རེད་དམ། དེ་བས་རང་མི་རིགས་འདིའི་སྔར་ཡོད་ཀྱི་ཕུན་སུམ་ཚོགས་པའི་རིག་གནས་མཐའ་དག་ལ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བའམ། ཡང་ན། བོད་མི་རིགས་རང་ལ་ཡོད་པའི་ལེགས་པའི་ཆ་དང་རང་སྐད་རང་ཡིག་དེ་ཉིད་ལེགས་པར་སྦྱང་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ། རྒྱུ་མཚན་ཅིའི་ཕྱིར་ཞེ་ན། མི་རབས་ནས་མི་རབས་བར་དུ་ཚང་མས་དེ་ལྟར་རྒྱུན་བསྐྱངས་ཏེ་འོང་བ་ཡིན་པས། ང་ཚོ་ལ་ཡང་དེ་ལྟ་བུའི་འོས་འགན་ཞིག་ཡོད་པ་སྨོས་མ་དགོས་པས་སོ། །
ཐེངས་འདིའི་བགྲོ་གླེང་བརྒྱུད་རང་ཉིད་ཀྱི་འཚོ་བའི་ཟ་ཟུར་ནས་ཀྱང་བསམ་བློ་གཏོང་དགོས་པའི་གནད་དོན་གང་མང་ཞིག་རྙེད་སོང་། དཔེར་ན། སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ང་ཚོའི་འཚོ་བ་ལའང་ཕྱོགས་གང་ཐད་ནས་འགྱུར་ལྡོག་ཆེན་པོ་གཏོང་བཞིན་ཡོད་པ་དང་། ལྷག་པར་དུ་དྲ་ལམ་སོ་སོ་ནས་མི་རིགས་རང་བཞིན་གྱི་ཇུས་འགོད་དང་ཚོང་ལས་གང་མང་སྤེལ་བཞིན་འདུག། དེ་ནི་དགའ་འོས་པའི་དོན་བཟང་ཞིག་ཡིན་མོད། འོན་ཀྱང་རང་སྐད་རང་ཡིག་གཙོ་བོར་བཞག་ནས་དེ་དག་འཕེལ་རྒྱས་གཏོང་མཁན་ནི་ཧ་ཅང་དཀོན། ཁོ་ཚོར་དེའི་ཕྱོགས་ཀྱི་རྒྱུ་མཚན་ཕར་དྲིས་ན“སྤྱིར་མདོ་དབུས་ཁམས་གསུམ་ལ་སྐད་རིགས་མི་གཅིག་པ་མང་པོ་ཡོད་པས་བོད་སྐད་སྨོས་ན་གོ་རྒྱུ་མ་རེད། དེ་བས་རྒྱ་སྐད་བདེ་མོ་འདུག”ཟེར། ང་རང་གིས་བསམ་ན་དེ་གོ་མི་གོ་དང་ཕྱོགས་སོ་སོའི་ཡུལ་སྐད་མི་འདྲ་བའི་དབང་གིས་སྐད་བརྡ་འཕྲོད་མི་འཕྲོད་ཐད་ལ་ཅུང་ཁག་པོ་ཡོད་རུང་། རྒྱུན་རིང་བོར་དེ་ལྟར་ཕན་ཚུན་ལ་བོད་སྐད་ལམ་ནས་འབྲེལ་འདྲིས་བྱས་ན། རིམ་གྱིས་རིམ་གྱིས་ང་ཚོ་བོད་པ་ཚང་གིས་ཀྱང་ཕན་ཚུན་བར་ལ་རྒྱ་སྐད་ལམ་ནས་ཁ་བརྡ་བྱེད་དགོས་པའི་གནས་སུ་མི་འགྱུར་སྙམ། རྒྱུ་མཚན་ཉི་ཧོང་གི་མིས་ཀྱང་བོད་སྐད་བོད་ལས་སྨྲ་བར་མཁས་ན། ང་ཚོས་ཅིའི་ཕྱིར་རང་ཉིད་ཀྱི་ཕ་སྐད་མ་ཡིག་ཀྱང་ཕན་ཚུན་བར་ལ་གོ་བརྡ་མ་འཕྲོད་པ་རེད་དམ། དེ་བས། རང་སྐད་རང་ཡིག་ཁོང་དུ་ཆུད་པ་ཞིག་སྦྱངས་པའི་སྟེང་ནས། ད་གཟོད་གཞན་སྐད་གཞན་ཡིག་ཀྱང་ཁོང་དུ་ཆུད་པ་ཞིག་སྦྱང་རྒྱུ་དེ་ཤིན་ཏུ་གལ་ཆེ་བར་འདོད། དེ་ལྟར་མ་བྱས་ཚེ་སློབ་གྲྭ་ཆེན་མོ་ཁག་སོ་སོ་ན་མདོ་དབུས་ཁམས་གསུམ་གྱི་སློབ་མ་མང་བོས་གང་འདུག་པ་ཤེས་གསལ་ལྟར་རེད། དེ་དག་ཀྱང་བོད་ཡིན་མོད། འོན་ཀྱང་བོད་རང་གི་སྐད་ཡིག་བཀོལ་སྤྱོད་མ་བྱས་པའི་རྐྱེན་གྱིས་རང་ཅག་གི་ཕ་སྐད་ལམ་ནས་ཕན་ཚུན་ལ་སྐད་བརྡ་འཕྲོད་མཁན་ནི་ཉིན་མོའི་སྐར་མ་བཞིན་དཀོན། དེ་ནི་ཤིན་ཏུ་ཡིད་སྐྱོ་བའི་དོན་དག་ཅིག་དང་ང་རང་ཚོས་རང་གི་ཕུན་སུམ་ཚོགས་པའི་སྐད་ཡིག་གི་རིན་ཐང་མ་ཚོར་བའི་གླེན་རྟགས་ཤིག་ཨེ་ཡིན་སྙམ།
དེའི་ཕྱིར་ཐེངས་འདིའི་བགྲོ་གླེང་ཁྲོད་རང་ཉིད་ལ་ངེས་ཤེས་ཟབ་མོ་ཞིག་ཐོབ་པར་མ་ཟད། སྔར་ལས་ལྷག་པའི་རང་སྐད་རང་ཡིག་ལ་དུངས་པ་ཟབ་མོ་ཞིག་ཀྱང་སྐྱེས་བྱུང་བས། རང་ཉིད་ཀྱི་སྟེང་ནས་གནད་དོན་གང་མང་ཞིག་ངོ་གདོང་གི་སྲིན་བུ་བཞིན་བཙིར་མ་དགོས་པར་གསལ་བོར་མངོན་ཏེ་ད་ལྟའི་བར་དུ་རང་ཉིད་ལ་ཅི་ཡང་ཐོབ་མེད་པ་ཚོར། དེར་བརྟེན་ནས་རང་ཉིད་ཀྱིས་ད་ནས་བཟུང་རང་སྐད་ལེགས་པོ་ཞིག་སྦྱོང་ཞོར་ཉི་ཧོང་སྐད་སྦྱང་བའི་ཐད་ལའང་ཤ་ཐོན་རུས་ཐོན་བགྱིའོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།