སྙིང་མོ་སྐྱིད་ཀྱི་ལྷུག་རྩོམ་གསར་པ།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-08-30 09:23:37
ཀློག་གྲངས།:
གྱེས་གདུང་གི་ལེའུ།
སྙིང་མོ་སྐྱིད།
དེ་རིང་ཞོགས་པར་མལ་ལས་ལངས་དུས། རྒྱང་རིང་གི་རི་བོའི་ཚོགས་ཀྱི་རྩེ་མོར། རབ་དཀར་ཁ་བས་གཡོགས་ཤིང་། གྲོང་ཁྱེར་གྱི་ཕྱོགས་བཞིའི་རི་བོས་ན་བུན་གྱི་ལྭ་བ་མཐུག་པོར་གྱོན་འདུག་ལ། སྒེའུ་ཁུང་ཕྱི་རོལ་ལས་བསིལ་ཞིང་དྭངས་བའི་མཁའ་དབུགས་ཤིག་ནང་དུ་བཙངས་བྱུང་བས། ལུས་སེམས་ཡོངས་ལ་བདེ་བའི་སྣང་བ་སྟེར། ཡིན་ནའང་ངའི་དེ་རིང་གི་སེམས་པ་ནི་དེ་ལས་ལྡོག་སྟེ་སྐྱོ་གདུང་གི་ན་བུན་གྱིས་གཡོགས་ཡོད་དེ། ད་ནི་ལོ་གཅིག་ལ་ངལ་གསོ་ཉིན་ལྔ་བཅུ་ལས་མེད་པའི་འཁོར་ཞག་ཐེངས་བཅུ་པའི་ཉི་ཚད་ལོངས་ནས་ཕ་ཡུལ་དང་ཁ་འབྲལ་དགོས་པའི་དུས་ལ་བབས་ཡོད། ལོ་རེའི་ཉིན་མོ་འདིར། ང་རང་གྱེས་འདོད་བརྒྱ་ཐམ་པ་མེད་ཀྱང་། གཡོལ་ཐབས་བྲལ་བའི་ཞལ་གྱེས་དེ་ལ་གདོང་གཏོད་དགོས་ཤིང་། ཡུན་ཐུང་གི་དགའ་སྤྲོའི་དགྱེས་འཛོམས་ལ་བདེ་མོ་འཇོག་བཞིན། གྱེས་བྲལ་གྱི་སྐྱོ་སྣང་གི་ཚིག་རྐང་དེ་ལ་མི་འཇུ་རང་དབང་བྲལ།
ཞལ་གྱེས་པའི་འགྲུལ་བཞུད་འདི་ལ་ཉིན་ཞག་གཅིག་གི་ལམ་ཐག་ལས་མེད་མོད། ཨ་མས་ང་རང་ལུག་ཤ་བཙོས་མ་འཁྱགས་པ་བཟའ་རྒྱུར་དགའ་བ་ཤེས་པས། མདང་དགོང་ནས་ལུག་ཤ་རྩིབ་རུས་མང་པོ་བཙོས་ཏེ་ལམ་བྲོ་གྲ་སྒྲིག་བྱས་ཟིན། ཨ་མས་བཙོས་པའི་ལུག་ཤ་ལ་བཅུད་ཆེ་ཞིང་བྲོ་བ་ཁྱད་པར་ཅན་ཞིག་ལྡན་ཏེ། ཕ་ཡུལ་ལ་ལོག་དུས་མ་གཏོགས་ཤ་ཞིམ་པོ་འདི་འདྲ་ལོངས་སུ་སྤྱོད་རྒྱུའི་སྐལ་བ་དབེན། ཁ་དཔེར་ཟས་ཞིམ་པོ་ཡོད་ན་ཕ་མར་བྱིན། གོས་ཡག་པ་ཡོད་ན་ཕ་མར་གོན་ཟེར་བ་ཡིན་མོད། ཡིན་ཡང་ཕ་མ་གཉིས་ཀས་ནམ་ཡང་ཁྱིམ་གྱི་ཟས་ཞིམ་པོ་དག་འཁྱགས་སྒམ་ནང་ཉར་ནས་ང་ཚོ་ལོག་ཡོང་བར་སྒུག་ཡོད་ལ། ལྷན་འཛོམས་ཀྱི་ཉིན་མོར་ཕུན་ཚོགས་བཟའ་བཅའ་བཏུང་བས་མདུན་བདར་ནས་ང་ཚོ་འཛུམ་གྱིས་བསུ་ངེས་ཤིང་། ཕ་མའི་མིག་ཟུང་ལས་དགའ་སྤྲོའི་འོད་སྣང་ཞིག་བཀྱེ་འོངས།
ཨ་ཕས་ཞིབ་ཚགས་ངང་མར་དང་ཤ། རྩམ་པ་དང་ཆུར་བ། ཀོ་རེ་སོགས་གང་ལེགས་གདམས་ནས་ཤོག་སྒམ་གཉིས་བསྡུ་གསོག་བརྒྱབ་ཡོད་ཅིང་། དེ་ཚོ་འབྱར་ཤོག་གིས་ཡང་ཡང་སྦྱར་ནས་ལམ་བར་དུ་ཡར་བཀྱགས་མར་ལེན་བྱེད་དུས་རལ་འགྲོ་བར་སེམས་ཁྲལ་མེད་ལ། ང་རང་ལས་གནས་སུ་བསླེབས་རྗེས་ཀྱང་ཟླ་གཅིག་ལྷག་ལ་ཡུལ་ནས་ཁྱེར་འོངས་པའི་ཀོ་རེ་དང་ལུག་ཤ། མར་དང་རྩམ་པ་སོགས་བཟས་ནས་མུ་མཐུད་ཕ་ཡུལ་གྱི་བྲོ་བ་མྱངས་ཆོག ལོ་ངོ་བཅུ་དགུའི་སློབ་མའི་འཚོ་བར་རྫོགས་ཚིག་བཀོད་དེ། ལས་ཀར་ཞུགས་པ་ནས་བཟུང་། ཕ་ཡུལ་གྱི་པང་གི་ལམ་འགྲོ་བ་དང་མཚུངས་བའི་ང་རང་ལོ་རེར་ཕ་ཡུལ་ལ་ཐེངས་རེ་ལས་ལོག་མི་ཐུབ་ཅིང་། ལོ་རེའི་ངའི་གྱེས་བྲལ་འདི་ལ་དྲིན་ཆེན་ཕ་མ་གཉིས་ཀྱིས་ནམ་ཡང་འདི་ལྟར་ནན་ཏན་གྱིས་གྲ་སྒྲིག་བྱེད་བཞིན་པའི་ངང་ཚུལ་ལ་ལྟ་བཞིན་སེམས་པ་དེ་བས་སྐྱོ་བྱུང་།
ཞོགས་ཟས་བཟའ་དུས། ཨ་མས་སླར་ཡང་བཅོལ་གདམས་བྱེད་པའི་སྐད་ཆ་དེ་དག་བསྐྱར་ཟློས་ཡང་ཟློས་ཀྱིས་བཤད་བྱུང་། ངས་རྣ་བྱང་དུ་སོང་བའི་ཨ་མའི་བཅོལ་གདམས་དེ་དག་ལ་ཉན་བཞིན། ཕ་མའི་མིག་ལམ་དུ་རང་གི་བུ་ཕྲུག་ནི་ན་ཚོད་ག་འདྲར་བསླེབས་ཀྱང་ད་དུང་བྱིས་པ་ཞིག་ཡིན་ཞེས་པ་ལྟར། འཇིག་རྟེན་ཨ་མར་གྱུར་ཟིན་པའི་རང་ཉིད་ཀྱང་ཕ་མའི་གམ་དུ་ད་དུང་བྱིས་པ་བསམ་མེད་ཅིག་བྱས་ཆོག་པ་ནི་ཇི་འདྲའི་སྨྲ་བསམ་བརྗོད་འདས་ཀྱི་བདེ་སྐྱིད་ཅིག་རེད་ཨང་སྙམ་ནས་སེམས་པ་བདེ་དྲོད་ཀྱིས་ཁེངས་བྱུང་། བདེན་ཏེ། ཕ་མའི་གམ་དུ་ཡོད་དུས། ངས་གཞི་ནས་འཚོ་བའི་གནོན་ཤུགས་དང་བྲེལ་འཚུབ་སོགས་ཀླད་པའི་ལྟག་རྒྱབ་ཏུ་གཡུགས་ཏེ། བརྗེད་ཀྱིན་པ་ལྟ་བུའི་རང་ཉིད་དངོས་མ་དེ་བཙལ་ཆོག་ལ། དམ་པོར་སྒྲིམ་པའི་རྣམ་ཤེས་དེ་ཡང་ལྷོད་ལ་བབས་ཆོག
ཞོགས་ཟས་བཟས་ཚར་ཏེ་དཀར་ཡོལ་བཀྲུ་དུས། ངས་ཇ་ཁང་གི་སྒེའུ་ཁུང་སྟེགས་བུའི་སྟེང་བཞག་པའི་ཐུམ་སྒྲིལ་ཞོར་ཟས་དེ་མཐོང་མ་ཐག ཡིད་ལ་ངེད་ཚོ་གྱེས་རྗེས་ཨ་མས་ངེད་བཟའ་མི་རྣམས་ཀྱིས་ཟས་འཕྲོར་ལུས་པའི་ཐུམ་སྒྲིལ་ཞོར་ཟས་ལྷག་མ་དག་མཐོང་བ་དང་། ང་ཚོ་དྲན་ནས་སེམས་སྐྱོ་བའི་ཚུལ་བཤད་མྱོང་བ་དྲན་བྱུང་། ཡིད་ལ་དྲན་དུས་མགྱོགས་པོར་ལག་བསྟར་མ་བྱས་ཚེ། ཡིད་འཛིན་མི་བཟང་བའི་ད་ལྟའི་རང་ཉིད་ཀྱིས་བརྗེད་སྲིད་པ་གདོན་མི་ཟ་བས། མྱུར་མོར་དཀར་ཡོལ་བཀྲུ་མཚམས་བཞག་སྟེ། འཁྱགས་སྒམ་དང་ཇ་ཁང་དུ་ཟས་འཕྲོར་ལུས་པའི་ཞོར་ཟས་ལུས་ཡོད་མེད་ཞིབ་བཤེར་བྱེད་དུ་སོང་བ་ཡིན། གང་ལྟར་ཡུལ་ནས་གྱེས་དུས་གང་ནུས་ཅི་ལྕོགས་ཀྱིས་རྗེས་འགྱོད་མེད་པར་བྱེད་འདོད།
ཡུལ་ཕ་མའི་སེམས་པ་ནི་ནམ་ཡང་རང་གི་བུ་ཕྲུག་ལ་ཐོགས་ཡོད་ཅིང་། བྱེས་སུ་གྱར་མཁན་གྱི་བུ་ཕྲུག་ལ་དེ་བས་ཀྱང་སེམས་ཐོགས་ཡོད། ཡུལ་ལ་ལོག་ཐེངས་རེར་ཨ་མའི་དྲན་ཤེས་ཀྱི་ཚོར་བ་ནི་ལོ་རེ་བཞིན་མར་ངོས་ཀྱི་ཟླ་བ་ནང་བཞིན་ཉམས་འདུག་པ་ཚོར་ཐུབ་ལ། གདོང་ལ་བྲིས་པའི་དུས་ཚོད་ཀྱི་གཉེར་མ་ནི་ཇེ་མང་ནས་ཇེ་མང་རེད། གཉེར་མ་དེའང་དུས་ཚོད་གཅིག་པུས་བྲིས་པ་མ་ཡིན་པར། ལུས་དང་སེམས་གང་ཡིན་ཡང་གང་ཞིག་དང་བྲལ་ཏེ་ཅི་ཞིག་ལ་སྙེག་པར་འདོད་པའི་སྐབས་དེ་དུས་ཀྱི་བུ་མོ་བསམ་མེད་ངས་བྲིས་པ་བསྙོན་མེད་ཡིན། ངས་ཕ་མའི་ཁ་ལ་མ་ཉན་པར་ཕ་ཡུལ་བསྐྱུར་ཏེ་གཞན་ཡུལ་བསྙེགས་པའི་ལོ་དང་པོ་དེར། ཨ་མས་ཉིན་བཞིན་སེམས་ཁྲལ་དང་དྲན་གདུང་གིས་མིག་ཆུ་ཕུད་ནས་བསྡད་པ་ལོ་འགའི་རྗེས་སུ་ཨ་ཕས་ང་ལ་ལྐོག་ཏུ་ལབ་བྱུང་། ཡིན་ཡང་སྐབས་དེ་དུས་ངས་ལས་ཀར་བྲེལ་བ་ཆེ་བར་ཁ་གཡར་ནས་ཨ་མར་ཁ་པར་ཡང་མང་པོ་བཏང་མེད།
ཨ་ཕ་ད་ལྟ་ལོ་ན་བགྲེས་ཀྱང་ལུས་ཕུང་བདེ་ཐང་ཡིན་པ་དེ་ནི་བྱེས་སུ་གྱར་ཏེ་ཕ་མར་སྲི་ཞུ་སྒྲུབ་མི་ཐུབ་པར་འགྱོད་སེམས་ཆེ་བའི་ང་ལ་མཚོན་ན་སེམས་ཀྱི་ཁུར་བོ་ཇེ་ཡང་དུ་གཏོང་བྱེད་སྨན་མཆོག་ཅིག་ཅི་ལ་མིན། བུ་ཕྲུག་བདེ་ཕྱིར་དཀའ་སྡུག་ཡོད་ཚད་ཁུར་དུ་ལེན་པ་ནི་དྲིན་ཆེན་ཕ་མ་རྣམས་ཀྱི་རླབས་ཆེ་བའི་རང་གཤིས་ཡིན་ཏེ། ངེད་མིང་སྲིང་ཚོར་ཕ་མ་གཉོར་སྐྱོང་གི་འགན་ཇེ་ཡང་དུ་གཏོང་ཆེད། ཨ་ཕས་ཉིན་རེར་ནམ་མ་གསལ་གོང་ནས་མལ་ལས་ལངས་ཏེ་ལུས་ཕུང་སྦྱོང་བརྡར་ལ་བརྩོན་པའི་གོམས་གཤིས་དེ་དུས་ད་ལྟའང་རྒྱུན་འཁྱོངས་བྱེད་བཞིན་ཡོད་ཅིང་། ཕལ་ཆེར་ལོ་ཉི་ཤུ་ལྷག་ལ་རྒྱུན་བསྐྱངས་ཡོད། ཁོང་གིས་ལོ་ཉི་ཤུ་ལྷག་ལ་ཞོགས་ཉལ་ཐེངས་གཅིག་ཀྱང་བརྒྱབ་མ་མྱོང་བ་དེ་ནི་ཇི་འདྲའི་རྗེས་སུ་ཡི་རང་ཞུ་དགོས་པ་ཞིག་རེད་ཨང་། ད་ནི་ང་རང་མོ་ལོ་སུམ་ཅུའི་ཐེམ་པ་བརྒལ་ཡོད་པ་མ་ཟད། མེ་འཁོར་དང་གནམ་གྲུ་སོགས་ལ་ཐེངས་མང་བསྡད་མྱོང་པས། གོམས་ལོབས་སུ་གྱུར་ཏེ་སྐྱེལ་མཁན་དང་བསུ་མཁན་མི་དགོས་མོད། ཨ་ཕས་དཀའ་ལས་ལ་མ་འཛེམ་པར་ནམ་ཡང་བྱམས་བརྩེ་ལྡན་པའི་ངང“ཨུ་ཚུགས་མཐའ་སྐྱེལ”བྱས་ནས། རླངས་འཁོར་བཏང་སྟེ་དུས་ལྟར་མེ་འཁོར་འབབ་ཚུགས་སུ་བསུ་རུ་འོངས་བ་དང་སྐྱེལ་མ་བྱེད་དུ་འགྲོ་སྲིད་ལ། ཡང་ཤ་དོད་པོས་ངང་ང་ཚོའི་ལམ་ཆས་དག་ཡར་སྐྱེལ་མར་ལེན་བྱེད་ངེས།
དེ་རིང་ཡང་སྔར་རྒྱུན་བཞིན་ཨ་ཕས་རླངས་འཁོར་བཏང་ནས་ང་ཚོར་སྐྱེལ་མ་བྱེད་བཞིན་ཡོད། རླངས་འཁོར་རྒྱབ་ལོགས་ཀྱི་སྡོད་སྟེགས་ལས་ངས་རླངས་འཁོར་གཏོང་བཞིན་པའི་ཨ་ཕའི་དབུ་སྐྲའི་མཚམས་སྔར་ལས་དཀར་པོར་གྱུར་འདུག་པ་མཐོང་བས་སེམས་པ་ལྗིད་ཏིག་ཏིག་ཏུ་གྱུར་ལ། དུས་ཚོད་ཀྱི་བཞུར་རྒྱུན་དེ་ལམ་སེང་དགག་ཐུབ་ན་ཅི་མ་རུང་བསམ་བྱུང་། དུས་ད་ལྟ། ཕ་མ་གཉིས་ཀ་རྒས་ནས་རང་གི་བུ་ཕྲུག་ཚོ་མཁོ་དུས་ང་ཚོ་བུ་ཕྲུག་རྣམས་ནི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པར། ད་དུང་ངང་རྒྱུད་རིང་པོས་ལོ་རེར་འཁོར་ཞག་གི་ལྷན་འཛོམས་ཀྱི་ཉིན་མོ་དེར་བསྒུག་དགོས། ངས་དུས་རྒྱུན་ཕ་མ་གཉིས་ཀྱི་རྩིབ་ནས་ཞབས་ཏོག་སྒྲུབ་མ་ཐུབ་པར། ས་མཐར་འཁྱམ་ནས་དྲིན་ལན་འཇལ་མ་ཐུབ་ཅེས་ཕངས་སེམས་བརྗོད་དུས། ཕ་མ་གཉིས་ཀས་ནམ་ཡང་ང་ལ“ཁ་དཔེར་ཡང་ཁྱིམ་བཟའ་ཚང་སྡོང་མགོའི་བྱ་ཁྱུ་འདྲ། ནང་བཟའ་མི་རི་མགོའི་བ་ཁ་འདྲ། ནང་ཕུ་ནུ་ཚོང་འདུས་མགྲོན་པོ་འདྲ་ཟེར་བ་རེད། བུ་ཕྲུག་ནི་སྔ་ཕྱི་མ་གཏོགས་ཁྱིམ་དུ་མི་སྡོད་པར་བྱེས་སུ་གྱར་མཁན་རེད”ཅེས་པའི་གཏམ་དཔེ་དེ་དྲངས་ནས་ང་ལ་སེམས་གསོ་གཏོང་སྲིད།
དང་ཐོག་ངས་ཀྱང་ཕ་མ་དང་བྲལ་ནས་རྒྱང་རིང་སྙེག་པ་ནི་རང་གི་མི་ཚེའི་རིན་ཐང་དང་ཕུགས་བསམ་དོན་གཉེར་བྱེད་ཆེད་དང་། ན་ཚོད་སྨིན་པའི་མགོ་ཚུགས་པར་བརྩིས་ནས་རང་གིས་རང་ལ་བདེན་ཁ་སྟེར་ཅི་ཐུབ་བྱས་མོད། ལོ་ཟླའི་དེབ་ཐེར་ཇེ་མཐུག་ཏུ་ཕྱིན་པ་དང་བསྟུན་ནས། སྐབས་དེའི་ཧོལ་རྒྱུག་གི་ལས་ཀ་དེར་འགྱོད་པ་སྐྱེས་ཡོང་། དེ་ལྟར་ཕ་ཡུལ་དུ་ལས་གནས་སྤོར་བ་སོགས་ལ་བསམ་བློ་མ་བཏང་བ་ག་ལ་ཡིན་ཏེ། ཡོད་ཚད་ནི་རང་གི་འདོད་པ་ལྟར་ལམ་ལྷོངས་བྱུང་མེད་པས། ད་ནི་ཁ་ལོ་སྒྱུར་དཀའ་བའི་དོན་དག་གི་མདུན་དུ་ཅི་བྱ་གཏོལ་བྲལ་དུ་གྱུར་ནས་སྡུག་བསྔལ་ཁོག་ཏུ་མིད་རྒྱུ་ལས་བྱ་ཐབས་ཟད། ལས་གནས་སུ་བསླེབས་རྗེས་འཚོ་བའི་བྲེལ་ཟིང་གི་དབང་གིས་་ཕ་མར་ཡང་བསྐོར་བསྐྱར་བསྐོར་བྱེད་པའི་གོ་སྐབས་ཧ་ཅང་དཀོན་པས། ལོ་རེར་ཕ་མ་དང་མཉམ་དུ་སྡོད་པའི་དུས་ཚོད་ནི་ཟླ་གཉིས་ལྷག་མ་གཏོགས་མེད་ལ། ལྷག་མའི་ཟླ་བཅུའི་དུས་ཚོད་ནི་ཁ་པར་གྱི་བརྙན་ལམ་ནས་ཁམས་བདེ་རེ་འདྲི་རྒྱུ་ལས་ཅི་ཡང་བྱེད་མི་ནུས། མཚམས་རེར་གནམ་སྔོན་པོས་ཀྱང་མི་ཁེབས་ལ་ས་དོག་མོས་ཀྱང་མི་ཐེག་པའི་ཕ་མའི་བཀའ་དྲིན་འདི་ངས་ནམ་ཞིག་ལ་གཞལ་ཐུབ་བམ་སྙམ་ནས་ང་རང་འདང་རྒྱག་གི་ནང་ལྷུང་འགྲོ།
དེ་ལྟར་ཕ་ཡུལ་དང་ཕ་མར་བྲལ་ཐེངས་རེར་ངའི་སེམས་པ་བརླན་ཤིག་ཤིག་ཡིན་ཞིང་། “བདེ་མོ”ཟེར་བའི་ཚིག་འབྲུ་དེ་ངག་ནས་ཧ་ཅང་འཁྲོལ་དཀའ་བར་གྱུར་འགྲོ། གྱེས་འཛོམས་ཀྱི་སྐྱུར་ཁ་གང་མང་མྱངས་བ་ལས་ལོ་ཟླ་མང་བོ་འདས་སོང་སྟེ། ད་བར་བགྲང་བྱ་བཅུ་ལྷག་འདས་སོང་། གོ་རིམ་དེ་ནི་ང་ལ་མཚོན་ན་ཕལ་ཆེར་རིག་པ་རྒྱས་ཤིང་བསམ་བློ་སྨིན་པའི་གོ་རིམ་ཞིག་རེད་དེ། ད་ལྟ་ངས་བདེ་སྐྱིད་ཀྱི་འཚོ་བ་ནི་ཕ་མ་དང་བུ་ཕྲུག་ནད་མེད་བགེགས་མེད་བྱུང་རྒྱུ་དེ་ལས་མ་འདས་པའི་ངེས་ཤེས་རྙེད་བྱུང་། གྱེས་བྲལ་རེ་རེའི་ཁྲོད། ང་རང་གཞོན་པ་ནས་དར་མར་གྱུར་ཅིང་། ལྷད་མེད་ནས་རྙོག་འཛིང་དུ་གྱུར།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།