ལྷུག་རྩོམ། རྒྱུན་འཁྱོངས།
རྩོམ་པ་པོ།:སྙིང་མོ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-25 09:58:50
ཀློག་གྲངས།:
༄༅། །རྒྱུན་འཁྱོངས།
སྙིང་མོ་སྐྱིད། (ལྷ་ས།)
༡
༢
ཆུའི་བསྟན་བཅོས་ལས། རྟག་གུས་བརྩོན་པ་མ་བཏང་ན། །མི་འགྲུབ་བྱ་བ་ཅི་ཡང་མེད། །ཆུ་ཐིགས་རྟག་ཏུ་འབབ་པ་ཡིས། །བྲག་གི་རི་བོ་འབིགས་ལ་ལྟོས། །ཞེས་པ་ལྟར། ཆུས་རྡོ་ལ་ཨི་ཁུང་འབིགས་ཐུབ་པ་དེ་ནི་ཉིན་མཚན་ལྟོས་མེད་དུ་ཐིགས་པ་བརྒྱབ་པ་ལས་བྱུང་བ་ཞིག་ཡིན་ཞིང་། ཆུ་ཐིགས་པ་གཅིག་གི་སྟོབས་ཤུགས་ཆུང་ཡང་། ལོ་ཐོག་ཟླ་བརྩེགས་ནས་རྒྱུན་འཁྱོངས་བྱས་ཚེ། སྲ་ཞིང་མཁྲེགས་པའི་བྲག་རྡོ་ཡང་ཕམ་པར་རྒྱག་ཐུབ་པ་ལྟར། རྒྱུན་འཁྱོངས་ནི་ལེ་ལོ་ཅན་གྱི་མི་ལ་འཚམས་འདྲི་བྱ་རྒྱུར་མི་དགའ་བའི་སྐུ་མགྲོན་ཞིག་ཡིན་ཏེ། སློབ་པའི་ལམ་དུ་ཞུགས་པའི་དུས་ན་དོན་ལྡན་གྱི་ལམ་དུ་འདེང་བའི་ངལ་བའི་ཁུར་ཆེན་དང་དུ་བླང་ཞིང་། སྐྱིད་འདོད་བག་ཡངས་ཀྱི་གནས་སྐབས་ཐམས་ཅད་རིང་དུ་དོར་ནས། གཉིད་དང་ཟས་ཀྱི་ཐེབས་བཅག་ཀྱང་། དུས་དང་རྣམ་པ་ཀུན་ཏུ་བློའི་གྲིམ་པ་བག་ལྷོད་དུ་མ་སོང་བར་བརྩོན་འགྲུས་ཀྱི་ཤུགས་བསྐྱེད་དེ། རང་ལ་དགོས་པའི་ཡོན་ཏན་ཉི་མ་རེ་ལ་ཚིག་རེ་ཙམ་ཡང་བུང་བ་གེ་སར་ལ་འཇུག་པ་བཞིན་དུ། ལོ་ནས་ལོ་མང་པོར་རྒྱུན་བསྲིངས་ནས་ཡོན་ཏན་སྦྲང་རྩིའི་བང་མཛོད་གསོག་པ་དེ་ཡིན་ལ། ཡང་དོན་དག་ལས་སླ་མོ་ཞིག་བསྐྱར་ཟློས་ཀྱིས་སྒྲུབ་པ་དང་། དོན་དག་ཕལ་བ་ཞིག་དཀྱུས་མ་མིན་པར་བཏང་ནས། གྲངས་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་བྱུང་བཅུག་སྟེ། ལས་དེ་ལེགས་པོ་ཀུན་རྫོགས་དང་འཐུས་ཚང་སྐྱོན་མེད་པ་ཞིག་སྒྲུབ་ནས། གཞན་གྱིས་འགྲན་འཛུགས་མི་ཐུབ་པ་ཞིག་ཡོང་བར་བྱེད་ཐུབ་པ་དེ་ཡང་ཡིན།རྒྱུན་འཁྱོངས་ནི་འཇིག་རྟེན་འདིའི་དོན་དག་ཆེས་སླ་མོ་དེ་ཡིན་ལ་ཆེས་དཀའ་མོ་དེའང་ཡིན་ཏེ། དངོས་པོ་དང་བྱ་བ་སོགས་གང་དང་གང་ལ་ཡང་སློབ་སྦྱོང་བྱས་ནས་བྱང་ཞིང་གོམས་ཚེ་དཀའ་ངལ་གང་ཡང་མེད། དཔེར་ན་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དཔེ་ཀློག་རྒྱུན་འཁྱོངས་བྱས་ནས་གོམས་ཚེ། བུང་བས་མེ་ཏོག་འཚོལ་བ་དང་ངང་པ་ཆུར་འཇུག་པ་ལྟར་རང་རང་སྔ་མ་སྔ་མའི་དུས་རིང་མོ་ནས་གོམས་པའི་སྟོབས་ཀྱིས་བདེ་བླག་ཏུ་དེ་ལྟ་དེ་ལྟར་གྱི་ཚུལ་ལ་ཚེགས་མེད་དུ་འཇུག་ཐུབ་པ་ལྟར། རྒྱུན་འཁྱོངས་བྱ་རྒྱུ་དེ་ཡང་དོན་དག་ལས་སླ་མོ་ཞིག་ཡིན། འོན་ཏེ་སྐྱེ་བོ་གང་ཞིག་ལྷན་སྐྱེས་ཀྱི་ཤེས་རབ་དང་བློ་གྲོས་ཇི་ལྟར་ལྡན་ནའང་། ལས་གང་ཞིག་རྒྱུན་སྐྱོང་བར་སྡུག་རུས་དང་དཀའ་སྤྱད་ཁོ་ན་བྱ་དགོས་པ་དང་། རྣམ་གཡེང་བག་མེད་ཀྱི་ངང་ཚུལ་མཐའ་དག་ལ་རྒྱབ་ཕྱོགས་ཤིང་དུག་ལྟར་རིང་དུ་དོར་བར་བྱས་ཏེ། རང་གི་ལུས་སེམས་སྡུག་ལ་སྦྱར་ཅིང་བརྩོན་པ་རྟག་ཏུ་གཏོང་མི་རུང་བས་དོན་དག་ཆེས་དཀའ་མོ་དེའང་ཡིན།
༣
ལུས་དང་གྲིབ་མ་བཞིན་རྒྱུན་འཁྱོངས་གྲོགས་སུ་བསྟེན་པའི་སྐྱེ་བོ་དེ་ལ་གཞན་དང་མི་མཚུངས་བའི་ཡོན་ཏན་འབའ་ཞིག་མཆིས་ཏེ། རྒྱུན་འཁྱོངས་ཅན་གྱིས་བརྟན་པར་བྱ་བ་སྲོག་ལྟར་གཙིགས་སུ་བཟུང་ནས། འདེགས་བྱེད་ཀྱི་སྲང་ལྟ་བུ་ཆེ་ཆུང་ཕྲ་མོ་ལ་ཡང་ཡས་ཡོ་མས་ཡོར་འགྱུར་བའི་ཐ་མལ་གྱི་ངང་ཚུལ་མ་ཡིན་པར། གནས་དུས་ཀུན་ཏུ་ལྷུན་པོའི་རླིང་བ་ལ་འགྲན་པ་ཇི་བཞིན་ཡིད་ཆེས་དང་། བློས་འགེལ། མི་བསླུ་བའི་ཡུལ་དམ་པར་ལེགས་པར་གནས་ཐུབ། རྒྱུན་འཁྱོངས་ཅན་གྱིས་ཤེས་ཡོན་གྱི་སྙིང་བོ་དང་དགོས་པ་ལེགས་པར་མཐོང་སྲིད་ལ། ཤེས་འདོད་ཀྱི་སེམས་ཤུགས་དྲག་པོ་བསྐྱེད་པར་བྱེད་ཅིང་། དེ་འདྲའི་སྙིང་བོ་བསྒྲུབ་སླད་སྐྱིད་འདོད་ཀྱི་བློ་རིང་དུ་སྤངས་ཤིང་ངལ་བ་མཐའ་དག་དང་དུ་ལེན་པ་དང་། ལེ་ལོ་དང་རྣམ་གཡེང་ལ་རྒྱབ་ཕྱོགས་ཏེ་ཆུ་ཚོད་སྐར་མ་དང་སྐར་ཆ་ཙམ་ཡང་ཡལ་བར་མི་གཏོང་བར། རིག་པའི་གནས་ཆེ་ཆུང་ཅིར་གཏོགས་པའི་ཡོན་ཏན་གྱི་གནས་མཐའ་དག་ལ་རྟག་ཏུ་དང་བ་དང་། སྤྲོ་བ། འབད་པ་ཆེན་པོས་ལེགས་པར་སྦྱོང་ངེས། རྒྱུན་འཁྱོངས་ཅན་གྱིས་བྱ་བའམ་མི་སོ་སོའི་འཕྲལ་འཕྲལ་གྱི་དགའ་སྡུག་ཁེ་གྱོང་སྣ་རྩེར་གསལ་བ་དེ་ཙམ་ལ་མཐའ་གཅིག་ཏུ་ཡིད་རྟོན་མི་བྱ་བར། སླད་ནས་འཕེལ་འགྱུར་ཅི་དང་ཅི་ཡང་སྲིད་པ་ལ་དཔྱད་གསུམ་དག་པས་བརྟགས་ལ་མིག་རྒྱང་རིང་དུ་བསྲིངས་ཤིང་། རང་གི་སྔོན་འདྲིས་གྲོགས་ཉེ་ཀུན་ལ་ལ་རྒྱ་དང་དམ་ཚིག་ལྷོད་མི་སྲིད། རྒྱུན་འཁྱོངས་ཅན་གྱིས་ཟ་རྒྱགས་སྤྱོད་གསུམ་གྱི་ངན་གཤིས་ཕྲ་མོའི་ཆ་ལའང་བག་ཟོན་ཆེར་བསྐྱེད་པར་བྱས་ཏེ། ལང་ཤོར་གྱི་གཞན་དབང་དུ་མ་སོང་བར། རྟག་ཏུ་ནན་ཏན་ཆེན་པོས་འཚོ་བ་ཚུལ་བཞིན་སྤྱོད་ཅིང་། གྲང་ངར་དཀའ་སྡུག་དང་ཚིག་རྩུབ་ཁ་ངན་སོགས་གཞན་ལས་བྱུང་བའི་འགལ་རྐྱེན་གནོད་བྱེད་ཅི་ཡང་བཟོད་ཐུབ་ལ་སྡུག་རུས་ཀྱིས་ཐེག་ཐུབ། རྒྱུན་འཁྱོངས་ཅན་གྱིས་བྱ་བ་ཆེ་ཕྲར་མི་ལྟོས་པར་གང་དང་གང་ལའང་ནན་ཏན་ཆེ་ཞིང་ཞིབ་ཚགས་པ་དང་བག་ཡངས་ལྷོད་གཡེངས་ཀྱི་རིགས་སྐད་ཅིག་ཀྱང་སྤངས་པར་བྱ་ངེས་པ་སོགས་ཏེ། མདོར་ན་རྒྱུན་འཁྱོངས་ཅན་གྱིས་རང་ཉིད་རྣམ་པར་དག་པའི་བསམ་པ་ལ་རྩེ་གཅིག་ཏུ་གནས་ཤིང་། རི་རབ་ཀྱི་ལྷུན་པོ་ལྟ་བུར་ནམ་ཡང་མི་གཡོ་བ་དང་ལུས་ངག་སྤྱོད་པའི་རྣམ་འགྱུར་ཡང་རྣམ་པ་ཀུན་ཏུ་འགྱུར་ལྡོག་མེད་པར། མི་ལུས་རིན་པོ་ཆེ་སྟོང་ཟད་དུ་མི་གཏོང་བར་དོན་ཆེན་པོ་ཡོད་པར་བྱེད་ངེས།
༤
མི་ཚེ་ནི་མ་གཞི་ནས་དཀའ་ཚེགས་ཆེ་བ་ཞིག་དང་། བྱ་བ་གང་སྒྲུབ་ལམ་ལྷོངས་ཆེ་བ་ཞིག་མ་ཡིན་མོད། འོན་ཀྱང་འཕྱུག་མེད་ངེས་གཏན་གྱི་སྒོ་ནས་གོམ་པ་རེ་རེ་བཞིན་མ་སྤོས་ན་ལེ་དབར་སྟོང་ཕྲག་ཆོད་ག་ལ་ཐུབ་པ་བཞིན། བསྒྲུབ་པར་འདོད་པའི་ལས་གང་ཞིག་ལ་འབྲས་བུ་ལག་ཏུ་ལོན་དང་མི་ལོན་ནི་ངང་རྒྱུད་རིང་པོས་རྒྱུན་འཁྱོངས་བྱས་དང་མ་བྱས་ལ་རག་ལས་ཕྱིར། སྙིང་རུས་ཆེན་པོས་རྒྱུན་འཁྱོངས་ལྷོད་མེད་བྱས་ན་གང་ཞིག་སྦྱང་བྱའི་གནས་དེའི་ཐབས་རྩལ་དང་ཉམས་མྱོང་ཐོབ་ཐུབ་པ་གདོན་མི་ཟ་བས། མི་ཚེ་ལ་དོན་ཡོད་པར་བྱེད་ན། གཞོན་པ་ལང་ཚོའི་དུས་ཡིན་ནའང་འདྲ། རྒན་པ་མགོ་དཀར་དུས་ཡིན་ནའང་འདྲ། ག་དུས་ཡིན་རུང་ཁྱོད་ཀྱིས་ལས་གང་ཞིག་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྒྱུན་འཁྱོངས་ཀྱིས་ཁུ་སིམ་མེར་འཇིག་རྟེན་འདིར་འགྱུར་ལྡོག་འབྱུང་དུ་འཇུག་སྲིད་དེ། གཞན་གྱི་སེམས་པར་ཁྱོད་ཀྱིས་ལེགས་འགྲུབ་བྱེད་མི་ཐུབ་སྙམ་པའི་དོན་དག་དེ་ཁྱོད་ཀྱིས་རྒྱུན་འཁྱོངས་ལ་བརྟེན་ནས། འགལ་རྐྱེན་དང་འགོག་རྐྱེན་ལ་སོགས་པའི་དཀའ་ངལ་མཐའ་དག་ཚེགས་མེད་དུ་བཅོམ་པར་བྱས་ཏེ་ཕྱོགས་དང་ཕྱོགས་ལས་རྣམ་པར་རྒྱལ་བར་འགྱུར་ངེས།མདོར་ན། རྒྱུན་འཁྱོངས་ནི་དཀའ་སྤྱད་སྡུག་རུས་ཐེག་པའི་འཇིག་རྟེན་འགྲོ་ལུགས་ལ་བཟུང་བའི་རྣམ་འགྱུར་ཡིན་ལ། རྒྱལ་ཁའི་ཕྱོགས་སུ་བསྐྱོད་པར་བརྒྱུད་དགོས་ངེས་ཀྱི་ལམ་བུ་དེ་དང་རྒྱལ་ཁའི་ཚབ་མིང་དེའང་ཡིན་ཟེར་ཆོག་པས། ང་ཚོས་དེ་ལ་དགའ་བཀུར་ཚད་མེད་ཞུ་དགོས་པ་མ་ཟད། ཇི་སྲིད་བར་བསྟོད་དབྱངས་འབུལ་དགོས་ལ། དེ་ནི་རྒྱལ་ཁ་དང་མཚན་སྙན་གྱི་མ་མ་དང་། འབད་བརྩོན་དང་སྡུག་རུས་ཀྱི་གཅེན་གཅུང་། ཕམ་ཁ་དང་ཨ་གསར་གྱི་གཤིན་རྗེ་ལྟ་བུ་ཡིན་པ་མ་ཟད། འཇིག་རྟེན་གྱི་བྱ་བ་སྒོ་ཀུན་ནས་བསྒྲུབས་ཤིང་འགྲུབ་པར་འགྱུར་བའི་རྒྱུ་ཡང་དེ་ཡིན་ཕྱིར། ལོ་ཟླའི་བཞུར་རྒྱུན་ལ་ཕངས་པ་མེད་དགོས་ན་རྒྱུན་འཁྱོངས་བྱེད་དགོས་ལ། མི་ཡུལ་གྱི་ཆེས་མཛེས་སྡུག་བཀྲ་བའི་འཇའ་ཚོན་དེ་ཕུབ་དགོས་ནའང་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་ཡུལ་གྱི་གྲུ་ཁ་དེར་འཇོག་ཕོད་པའི་ལག་རྗེས་ཤིག་འཇོག་དགོས་ནའང་རྒྱུན་འཁྱོངས་བྱེད་དགོས་སོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།