སྙན་ངག་པ་གྲགས་ཅན་འཇུ་སྐལ་བཟང་ལགས་ཀྱི་སྙན་ངག
རྩོམ་པ་པོ།:འཇུ་སྐལ་བཟང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-07-20 14:21:15
ཀློག་གྲངས།:
༄༅། །གེ་སར་རྒྱལ་པོ།
འཇུ་སྐལ་བཟང་།
འཇུ་སྐལ་བཟང་།
ཨེ་མ།
ཉི་ཟླ་རེས་བགྲོད་ཀྱིས་གངས་རྩེ་སྐོར་ས།
སྙན་ཚིག་ཆུ་ཀླུང་གིས་རླབས་སྒྲ་སྒྲོག་ས།
གནམ་འོག་ན་མགོ་འཕང་ཆེས་མཐོ་བའི་ཕོ་རྒོད་ཀྱི་འདུ་ར།
ས་སྟེང་ན་མཚར་སྡུག་ཆེས་ཆེ་བའི་དྭངས་སྨན་གྱི་འཁྲུངས་གཞིས།
གནམ་གྱི་འོག་ན་སུས་ཀྱང་མ་ནོན་པའི་གེ་སར་གྱི་སྙན་པ་དེས།
མཐོ་ལྗོངས་ཀྱི་གནམ་སའི་ལྟེབས་ཁ་དེ་གཞན་ལས་རྒྱ་ཡངས་པར་ཕྱེས།
ས་ཡི་ཁྱོན་ན་འགྲན་ཟླས་མ་བཟུང་པའི་གེ་སར་གྱི་གཏམ་རྒྱུད་དེས།
གངས་འདབས་ཀྱི་གཙང་པོའི་བཞུར་རྒྱུན་དེ་ཀུན་ལས་རྒྱང་རིང་བར་བརྐྱངས།
གནས་འདི་ན།
དྲང་ཞིང་ལྡེམ་པའི་སྙུག་རྒོད་ལ།
ལྟོང་ཁ་བཏོད་པ་ཙམ་གྱིས།
མི་སྐད་ལྷང་ལྷང་འཆད་ལ།
རྟ་ཕོ་རྐྱང་ངུ་དག་གིས་གཞན་དང་མི་འདྲ་བའི།
འཚེར་སྐད་སྐྱོ་ལྷང་ངེ་བ་ཞིག་སྐབས་སྐབས་སུ་སྒྲོག
ལོ་རྒྱུས་ལ་བམ་ཀློག་ཐེངས་རེ་བྱས་པ་ན།
ཨ་ཅེ་འབྲུག་མོའི་མགུལ་རྒྱན་ལས་འཐོར་བའི།
གཟི་མཆོང་འགར་རེ་སུས་ཀྱང་རྙེད།
གནས་འདི་ན།
དྲག་ཆར་བབས་པའི་རྗེས་སུ།
སྦྲ་ནག་ཆུང་ཆུང་དག་གི་མཐོངས་ཀ་ནས།
དུ་བ་སྔོ་རྒྱང་ངེར་ཐོན་ཚེ།
གྲོ་མ་རྟ་མགོ་ཙམ་ཞིག་བཙོས་ཏེ།
ཨ་མ་འགག་མོས་ཞལ་དྲོ་ཆིལ་ལེར་ཁྱོད་ལ་སྒུག་ཡོད།
གནས་འདི་ན།
ཆུ་མིག་དང་གླུ་མགོ་ཡོད་ཚད་ཨ་ལ་ལས་བརྡོལ་ཅིང་།
གཙང་པོ་དང་གླུ་རྔ་མ་ལུས་ཐ་ལ་རུ་འཁྱིལ།
ཁ་བ་དཀར་པོའི་འདབ་མ་འཕུར་བ།
མི་ཡུལ་དུ་འབྱོར་བའི་ཆབ་ཤོག་ཡིན་ལ།
བསང་དུད་སྔོན་མོ་འཁྱུག་ཅིང་འགྲོ་བ།
ལྷ་ཡུལ་དུ་སྤྲིངས་པའི་འཕྲིན་པ་ཡིན།
གེ་སར་རྒྱལ་པོའི་དཔའ་རྩལ་ལ་འགྲན་འདོད་ཀྱིས།
གནས་འདི་ཡི་གླག་རྒོད་ཚོའི་འཇུམ་རྩལ་དེ་གཞན་ལས་ལྡེམ་ལྕག་ཆེ།
སེང་ལྕམ་འབྲུག་མོའི་མཚར་སྡུག་ལ་ཕྲག་དོག་གིས།
གནས་འདི་ཡི་མེ་ཏོག་གི་མཛེས་ཞལ་དེ་ཀུན་ལས་བཀྲག་མདངས་ཆེ།
གནས་འདི་ན།
ཁྲབ་རྨོག་ལ་ཟླ་འོད་ལྷུང་པའི་གཤེར་འོད་འཚེར་ཞིང་།
རལ་གྲིའི་དངོ་མདངས་ཀྱིས་བྱུགས་པའི།
ལོ་ཟླ་སྔོ་ནག་གི་རླབས་གཉེར་དཀྲིགས་པའི་ངང་ཚུལ་དེ།
ད་ལྟ་གང་དུ་ཡིབས་ཟིན་པ་ང་ཚོས་སུ་ལ་འདྲི།
དེ་ལྟ་ནའང་།
སྐུ་རྗེ་མི་ཡི་ཉི་མའི་དགྲ་ལྷའི་ཚེ་མདུད་ཐོགས་ཤིང་།
སྒྲོལ་མ་སེང་ལྕམ་དཀར་མོའི་ཚེ་ཆང་ཡང་ཡང་བཞེས་པས།
ཤི་གསོན་གྱི་གྲི་སོ་ནས་རྨས་སྐྱོན་ཁུར་མྱོང་པའི།
རིགས་རྒྱུད་ཅིག་གི་སྙིང་སྟོབས་གསོན་པོ་དེ།
ད་ལྟ་ད་དུང་ཁྲག་རྒྱུན་གྱི་ཤུགས་ཀྱིས་འཚོ།
ཨེ་མ།
དུས་ཀྱི་ཕྱི་མིག་དང་ཕྲད་པ་ཙམ་གྱིས།
སེང་འབྲུག་སྟག་རྩེའི་རྒྱ་ཕིབས་དེ།
སྒྲིབ་བྲལ་གྱི་ཐུགས་ལས་ཧར་གྱིས་བཞེངས།
རྒྱུན་གཅིག་པའི་ཟུངས་ཁྲག་དེས་འཕར་རྩ་དེད་ནས།
མི་རབས་ནས་མི་རབས་སུ་གྱེས་པས།
ས་ཡི་གོ་ལ་དེ་གེ་སར་རྒྱལ་པོའི་གཏམ་རྒྱུད་ཀྱི་དྲ་བར་ཚུད།
ཡོང་ཁུངས། བོད་ཀྱི་གྱེར་འདོན་སྤྱི་སྟེགས་ཆེན་མོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།