ར་ས་བསྟན་འཛིན་ཆོས་གྲགས་ལགས་ཀྱི་ལྷུག་རྩོམ།

རྩོམ་པ་པོ།:ར་ས་བསྟན་འཛིན་ཆོས་གྲགས། ཡོང་ཁུངས།:རང་གྲོལ་དུས་དེབ། དུས་ཚོད།:2022-07-08 09:07:05 ཀློག་གྲངས།:
བྱང་ཐང་གི་ཀ་རྩོམ་ལྷུག་ཁྲ།
ར་ས་བསྟན་འཛིན་ཆོས་གྲགས།

        ཀ་ཕིབས་དང་འདྲ་བའི་ཤེལ་ཁང་གི་ཁྲ་མ་ནས། སེར་སྐྱར་གྱུར་ཞིང་། གསོན་ཤུགས་བྲལ་བའི་དགུན་དུས་ཀྱི་བྱང་ཐང་ཡངས་ཤིང་མཐའ་ཡས་པ་དེ་ལ་རྒྱང་ལྟ་བྱེད་ཐེངས་རེར། ཕ་མེས་ཀྱིས་དཔར་བའི་རྐང་རྗེས་རེ་རེ། དེ་འདྲའི་སླ་མོ་ཞིག་མིན་པ་ཤེས་འོངས་ལ། ཨ་ཕོའི་པགས་ཚགས་ཀྱི་འོག་ན་ལྡིང་བའི་སྙིང་ཁམས་དེའང་། སྲ་མཁྲེགས་ལྕགས་ལས་གྲུབ་པ་ཞིག་ཡིན་པའང་རྟོགས་སོང་། ད་དུང་། འབྲོག་མོའི་མགོ་རས་ཀྱི་འོག་ལས་སེར་ཁ་བཞིན་མངོན་པའི་འདྲེན་བྱེད་གཉིས་ཀྱང་། ཆུ་མིག་བཞིན། ལོ་ངོ་སྟོང་ཕྲག་དུ་མར་སྐམ་པ་མེད་ཅིང་། ཡུལ་འདིའི་འདས་མ་ད་གསུམ་ཀུན་ལ་ཉམས་པ་མེད་པར། ལྷུང་ལྷུང་ངང་ནས་བཞུར་ཏེ་ཡོད་ཅེས་ཟེར་ན་ཧམ་གཏམ་ཞིག་ཀྱང་གཏན་ནས་མིན།
        ཁ་བ་བབས་པའི་དགུན་དུས་ཀྱི་བྱང་ཐང་ནི། སྤྲིན་དཀར་ཡོད་ཚད་ལོ་གཅིག་མཁའ་ལ་ལྡིང་ལྡིང་སྟེ། ངལ་བས་ས་ལ་བབས་པ་དང་ཀུན་ནས་མཚུངས་ཤིང་། དུད་ཁྱིམ་རེ་རེའི་དུ་ཁུང་ནས་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་ཚོམ་བུ་ཚོམ་བུ་དེ་དག་ཀྱང་། སྤྲིན་དཀར་གྱི་ཟོལ་ལ་བརྫུས་ཏེ་སྟོང་སང་གི་ནམ་མཁའི་ལྟོ་བར་འཁྱུད་བཞིན་འདུག རྒྱང་རིང་ནས་ཟུག་འོང་བའི་འབྲོག་ཁྱིའི་ཟུག་སྐད་རེ་གཉིས་ནི། མུ་མེད་ཀྱི་བྱང་ཐང་འདིར་ཚེ་སྲོག་གི་འཕར་རྩ་ལྡིང་བཞིན་ཡོད་པ་མི་ཚོར་ཤེས་སུ་འཇུག་ཆེད་དུ་ཡིན་པ་དང་འདྲ། དེ་ལྟར། དཀར་བོང་བོང་གི་འཇིག་རྟེན་འདི་ནས། ནག་ཡུག་ཡུག་གི་འབྲོག་ཁྱི་འདི་དག་གིས། མིག་ཤེས་ལ་ལྗོངས་རིས་གསར་བ་ཞིག་སྟེར་གྱིན་འདུག རྣ་ཤེས་ལ་དབྱངས་རྟ་གསར་བ་ཞིག་རྩོམ་བཞིན་མཆིས།
        ག་ལེར་འདྲིས་བཞིན་པའི་བྱང་ཐང་གི་འཚོ་བ་ནི། མུ་མེད། ཙག་རླུང་། གྲང་ངར། ད་དུང་ཡུལ་ཡུལ་པོ་ཞེས་པའི་ཐ་སྙད་དེ་དག་གིས་མཚོན་ཐབས་མེད་པ་གཞི་ནས་རྟོགས། ཐ་སྙད་དེ་དག་གི་རྒྱབ་ན་འབྲོག་པ་རེ་རེའི་མི་མུས་རྒྱུད་བཅས་ཀྱི་གཏམ་རྒྱུད་མཚར་པོ་རེ་རེ་བསྐུངས་ཡོད་ལ། འགྲོ་ན་བྲོ་དང་བཏང་ན་གླུ་ཡི་ས་བོན་ཞིག་ཀྱང་སྦྲུམ་ནས་ཡོད། གླུ་ཨ་ལ་ཐ་ལ་ཡི་དབྱངས་རྟ་རྩྭ་ཐང་གི་གཏིང་དུ་ཟུག་ཅིང་། ནམ་མཁའི་དབྱིངས་སུ་འཕུར་བའི་དུས། དབུ་སྐྲ་གངས་རིས་བཀྲུས་ཤིང་། ལུས་པོ་འཁར་བར་བརྟེན་པ། པགས་ཚགས་མཐུག་པོ་མནབས་པའི་མྱོང་བ་ཅན་གྱི་རྒན་རྒོན་ལོ་ན་བརྒྱད་ཅུ་དགུ་བཅུར་སོན་པ་དེ་དག་དང་། དེ་དག་གི་ཨ་མྱེས་ཚོའང་དྲན་ནས་འོངས།
        ང་དང་རྩྭ་ཕྲན་གདན་ལ་བཏིངས་པའི་བྱང་ཐང་བར་ལ་ལབ་གླེང་མེད་ནའང་། བྱང་རླུང་དྲག་པོ་སྔར་བཞིན་དེ་དུས་རབས་གསར་བ་ཞིག་གི་བར་སྟོང་ནས་ལྡང་གིན་ཡོད་པ་ཤེས་དུས། མུ་མེད་ཀྱི་ཐང་ཡངས་སུ་ནག་ཐིག་བཞིན་རྒྱུ་བ་ནི་ལོ་བགྲེས་ཀྱི་རྒན་རྒོན་འགའ་དང་། ལུ་གུའི་རྗེས་འཚོལ་མཁན་གྱི་བུད་མེད་རེ་གཉིས། ད་དུང་དེ་དག་གི་རྗེས་སུ་གྲིབ་མ་བཞིན་སྙེག་མཁན་གྱི་ཕྲུ་གུ་དེ་དག་རེད། གཞོན་པ་ཚོ། གྲོང་ཁྱེར་ཞེས་པའི་འདོད་ཡོན་གྱིས་གཏམས་པའི་ཞིང་ས་ཞིག་ཏུ་གཉིད་ལམ་སྣ་ཚོགས་རྨི་བཞིན་ཡོད་ངེས་ལ། བྱང་ཐང་ནས་སྐྱེས་ཤིང་། བྱང་ཐང་གི་འཚོ་བར་བསྟོད་པ་ནར་རེར་ལེན་མཁན་གྱི་རྩོམ་པ་པོ་མང་བོ་ཞིག་ཀྱང་། གྲོང་ཁྱེར་གྱི་པང་དུ་སྡོད་པ་ལས། བྱང་འབྲོག་གི་ཐང་དུ་ལོག་པར་འཚེར་སྣང་བྱེད་ཀྱི་ཡོད་ངེས་རེད། དེ་ནི་དུང་སེམས་དང་རིགས་ཤེས་དབར་ལས་བྱུང་བའི་འགལ་བ་ཞིག་ཀྱང་ཡིན་སྲིད་སྙམ།
        ཅ་ཅོ་མེད་པའི་བྱང་ཐང་གི་ལྷིང་འཇགས་ཀྱི་འཚོ་བ་ནི། སྒྱུ་རྩལ་པའི་བློས་རྟོག་ལ་འཚམ་པའི་ཞིང་ཁམས་ཤིག་རེད། སྙན་ངག་པས་གྲོང་ཁྱེར་གྱི་འཐུང་བྱ་ཁང་དུ། དྲོ་སོབ་སོབ་ཀྱི་ངང་ནས་བྱང་ཐང་གི་གྲང་ངར་དང་དེའི་སྙིང་སྟོབས་ལ་བསྟོད་པ་འབུལ་བཞིན་འདུག་ལ། རི་མོ་བས། གྲོང་ཁྱེར་གྱི་ལས་ཤག་སྐྱིད་པོ་ཞིག་ནས། ཨ་ཁུ་འབྲོག་པའི་ཉམས་སྣང་ལ་ཚོན་རྩི་སྐུད་བཞིན་འདུག ད་དུང་། འབྲོག་ཐང་ནས་འཚར་བའི་གཞས་པ་དང་གཞས་མ་མང་བོ་ཞིག་གིས། གྲོང་ཁྱེར་དུ་འཚང་ཁ་ཤིག་ཤིག་གིས་རྒྱུགས་འོངས་ཏེ། སླར་ཡང་སྤང་ལྗོངས་དང་ཆུ་བོ། ལུ་གུ་དང་འབྲོག་མོའི་མཛེས་སྡུག་སོགས་དབྱངས་སུ་གྱེར་གྱིན་འདུག བྱང་ཐང་ཡ། ཁྱོད་ནི་དངོས་ཡོད་དང་སྒྱུ་རྩལ་གྱི་འགལ་འདུའི་བྱེད་པོ་ཞིག་རེད་ལ། དུས་འདིར། ཕ་རོལ་ཕ་རོལ་དུ་གནས་པའི་མཛེས་པ་ཞིག་ཏུ་བརྩི་བ་ལས། ཚུ་རོལ་དུ་བླངས་ཏེ་ལོངས་སུ་སྤྱོད་མཁན་ཞིག་ཨེ་ཡོད་སྙམ།
        ཆ་རྫོགས་ཀྱི་ཟླ་བ་དང་དེའི་འགྲམ་ན་སིལ་བུར་འཐོར་བའི་སྐར་ཕྲན། ད་དུང་མདུན་ན་འཁྱགས་པས་ཅུང་ཙམ་བསྡམས་ཏེ་ཡོད་པའི་ཆུ་མིག་ཆུང་ཆུང་དེ་དག་ནི། བྱང་ཐང་གི་མཚན་མོའི་མཛེས་པ་ཉག་གཅིག་རེད་ཨང་སྙམ། ཁེར་རྐྱང་གི་སྐོམ་པ་སོད་ཆེད། བརྙན་འཕྲིན་ལ་ཅེར་རེར་བལྟས་ཏེ་སྡོད་སྐབས། ངའི་སེམས་ཀྱིས་དམིགས་སའི་གྲོང་ཁྱེར་ཡོད་ཚད། དུ་སྨུག་གིས་ཁྱབ་ཅིང་། ངའི་ཡིད་ཀྱིས་གཏོད་སའི་གྲོང་ཁྱེར་གྱི་མི་ཚོགས། སེམས་ངལ་གྱིས་འཚོ་སྐབས། གཞི་ནས་བྱང་ཐང་གི་ཕང་བར་གནས་པའི་ང་རང་ཁེར་རྐྱང་མིན་པ་ཤེས། མ་མཐར། ངས་ཕྱི་རོལ་དུ་མཁའ་རླུང་རང་དབང་གིས་རྔུབ་ཆོག་ལ། འཁྱགས་སེང་ལས་བཞུར་བའི་ཆུ་མིག་ཀྱང་། གང་འདོད་ཀྱིས་ཧུབ་འཐུང་ཡང་བྱས་ཆོག དེ་དག་ནི་རིག་གནས་དེས་ང་ཚོར་བཞག་པའི་ཤུལ་ནོར་དང་། རིག་གནས་དེའི་སྙིང་སྟོབས་དང་མིག་རྒྱང་ཞིག་ཀྱང་ཡིན་ངེས་རེད། ད་དུང་། ••• •••
        ཇ་མདོང་དུ་སྲུབས་ཇ་དཀྲུགས་དུས། རྩྭ་ཐང་ཐོག་རང་དབང་གིས་རྒྱུ་བའི་འབྲི་མོར་བཀའ་དྲིན་ཞུ་འདོད་ལ། འོ་ཟོམ་འཁུར་བའི་འབྲོག་མོ་དེ་དག་གི་སྙིང་སྟོབས་ལ་ཡིད་སྨོན་འཆོར་ནས་འོང་། སྐབས་དེར། བསྲེས་ལྷད་དང་གཏམ་འདོད་ཀྱིས་ཁེངས་པའི་གྲོང་ཁྱེར་དུ། སྦི་རག་གིས་སྐྲངས་པའི་གྲོད་ཁོག་འབུར་འབུར་དེ་དག་གི་ནང་དུ་འཚངས་པ་ནི། གཞན་ལས་བྱུང་བའི་ཕྲུ་གུ་ཞིག་མངལ་དུ་ཆགས་པ་དང་འདྲ་ལ། སྒེག་རྫས་ཀྱིས་བསྒྱུར་བའི་བུད་མེད་དེ་དག་གི་བཞིན་རས་ཀྱང་། འགྲན་སེམས་ཀྱིས་བསླངས་པའི་ཁ་དོག་ཁྲ་ཁྲ་ཞིག་མིན་ནམ་སྙམ། དེ་ལྟར། གྲོང་ཁྱེར་ནི། མིའི་རིགས་ཀྱི་དཔལ་ཡོན་གྱི་མཚོན་བྱེད་ཡིན་པར་སླར་ཡང་ཐེ་ཚོམ་སྐྱེས་ཤིང་། གྲོང་ཁྱེར་ནི། སྒོ་ལྔའི་འདོད་ཡོན་རྒྱས་པར་བྱེད་པའི་སྦྲིད་སྨན་ཞིག་ལས། རིགས་ཤེས་ཀྱིས་འཚོལ་བའི་ཆོས་ཉིད་ཅིག་དང་རྒྱང་ནས་རྒྱང་དུ་ཆོད་པའི་སྣང་བ་སྟེར།
        ཉ་རྒྱས་ཀྱི་ཟླ་བ་དང་། ཕྲ་ཚོམ་གྱི་སྐར་ཚོགས། བྱང་ཐང་གི་མཁའ་དབྱིངས་ཁོ་ནས་འཚོ་ཐུབ་པ་ཞིག་ཡིན། གྲོང་ཁྱེར་གྱི་བར་སྣང་དུ། ཟླ་བ་དང་སྐར་ཚོགས་ཀྱིས་གཏམས་ཀྱང་། གྲོང་ཁྱེར་གྱི་མཁའ་དབྱིངས་ནི་དུ་སྨུག་གིས་བཀང་པས། དེ་དག་མཐོང་བའི་སྐལ་བ་ཞིག་ཅིས་ཀྱང་མིན་འདུག གྲོང་ཁྱེར་གྱི་དུ་སྨུག་དེའང་། མཐར་གཏུགས་ན་སེམས་ཀྱི་དུ་སྨུག་ཅིག་རེད་ལ། སེམས་ཀྱི་དུ་སྨུག་མ་སངས་ཀྱི་བར་དུ། གྲོང་ཁྱེར་གྱི་དུ་སྨུག་ལའང་སངས་པའི་གོ་སྐབས་ཤིག་གཏན་ནས་ཡོད་མི་སྲིད། སྐབས་འདིར་བདག་གི་བསམ་པར། ང་ཚོའི་རྟོག་པའི་ནང་དུ་འཆར་བ་ནི། དེ་ལྟ་བུའི་ཟླ་བ་ཞིག་དང་། དེ་ལྟ་བུའི་སྐར་ཚོགས་ཤིག ད་དུང་དེ་ལྟ་བུའི་ལྷིང་འཇགས་ཤིག་དགོས་རུང་། དོན་དུ། ལང་ལ་ཤོར་ཟིན་པའི་སྒོ་ལྔའི་བག་ཆགས་ཀྱིས། དེ་དག་སྒྱུ་རྩལ་དང་བསྲེས་ཤིང་། དེ་དག་ལྷ་སྒྲུང་དང་འཁྲུལ་ཏེ། འཕྲལ་གྱི་འཚོ་གཞིས་ཤིག་ཏུ་རྩི་བཞིན་ཡོད།
        རྟ་ཕོའི་རྨིག་རྗེས་ཀྱིས་ག་ལེར་སྟོང་བཞིན་པའི་བྱང་ཐང་གི་ཕང་བ་རུ། སྦག་སྦག་དང་རླངས་འཁོར་གྱིས་བཤུལ་ལམ་རིང་མོ་ཞིག་འཐེན་འདུག ལྡོག་ཏུ་མེད་པའི་དུས་ཀྱི་ཆོས་ཉིད་དེའི་འོག་ཏུ། རྒན་པོ་ལོ་ན་བརྒྱད་ཅུ་ལོན་པ་ཞིག་གིས་ཀྱང་། ད་ལོ་རྒྱལ་ཁབ་ཀྱི“ལས་གཞིའི”དོན་དུ་འཁྱོལ་མིན་སྐད་ཆ་འདྲི་གིན་འདུག ཕྲུ་གུ་ལོ་ན་དགུ་ལ་སོན་པ་ཞིག་གིས་ཀྱང་། ཁོ་པའི་རིག་གནས་གྲོང་ཚོ་ཡོངས་ནས་ལེགས་ཤོས་ཡིན་ཚུལ་གླེང་། བདག་གིས་ཁྱེད་ལ་གདེང་ཚོད་དེ་ལྟར་ཡོད་དོན་ཅི་ཡིན་དྲིས་པའི་སྐབས། ཁོ་པའི་རྒྱ་སྐད་གྲོང་ཚོ་ཡོངས་ནས་ལེགས་ཤོས་ཡིན་ཞེས་རྗོད་ཀྱིན་འདུག བདག་གིས་ཁོ་པའི་གདོང་ལ་ཡུན་རིང་ཅེར་བའི་མཐར།  ཁྱེད་ལས་ལྷག་པའི་རིག་གནས་ཅན་ཞིག་གྲོང་ཚོ་འདིའི་ནང་ཡོད་ངེས་ཏེ། འདི་ནི་གྲོང་ཚོ་དེའི་ནང་སྔོ་ཚལ་བཙོངས་ཏེ་འཚོ་ཐབས་བྱེད་པའི་རྒྱ་མོ་དེ་ཉིད་རེད་ཅེས་སྨྲས། སྐབས་དེར། ཁང་བའི་ནང་དུ་ང་དང་ཁོ་ལས་སུ་ཡང་མེད།
        ཐ་སྙད་ཀྱིས་མཚོན་ཐུབ་པ་ནི་བདག་གི་དགའ་སྐྱོ་ཆགས་སྡང་ཁོ་ན་ཡིན་ལ། ཐ་སྙད་ཀྱིས་མཚོན་མི་ཐུབ་པ་ནི་ཁྱེད་ཀྱི་མིག་ཆུ་དང་དགོད་སྒྲ་དེ་དག་རེད། བལྟས་ཚོད་ལ་བྱང་ཐང་དེ་ཉིད་ཁུ་སིམ་དང་ལྷིང་འཇགས་ཤིག་རེད་མོད། ཞིབ་ཏུ་བསམས་ན། ཁུ་སིམ་དང་ལྷིང་འཇགས་དེའི་ཕག་ན། འབྲོག་པ་ཚོའི་སུན་སྣང་དང་དབུགས་རིང་ཞིག་ཀྱང་འཚངས་ཡོད་པ་ཚོར་ཐུབ། ཁང་བའི་སྒོ་ཐེམ་ཐོག་བསྡད་དེ་ཁ་ཏོན་བྱེད་མཁན་གྱི་རྒན་མོ་དེས། སྐབས་རརེ་རྒྱང་ལྟ་བྱེད་ཚུལ་ལ་བལྟས་ན། རང་གི་བུ་ཕྲུག་ལྷ་ས་ནས་ཡོང་བར་སྒུག་བཞིན་ཡོད་པ་འདྲ་ལ། བུ་ཕྲུག་དེས་ཀྱང་ལྷ་ས་ནས། བྱང་ཐང་ཐོག་ནས་བཙལ་ཡང་མི་རྙེད་པའི་རྨི་ལམ་ཞིག་གི་ཆེད་དུ་འཕུར་སོང་བ་ཡིན་ངེས། འགལ་བ་དེ་འདྲ། དགེ་སྡིག་དང་ལེགས་ཉེས་ཀྱི་ཐོག་ནས་ཤན་འབྱེད་བྱེད་རྒྱུ་ནི་ཤིན་ཏུ་དཀའ་སྲིད་པ། བྱང་ཐང་གི་འགྱུར་སླ་བའི་གནམ་གཤིས་དེ་དང་མཚུངས། ཚང་མས་སང་ཉིན་ཡོང་ངེས་ཡིན་པ་ཤེས་ཀྱི་ཡོད་མོད་ཀྱང་། སང་ཉིན་ཇི་འདྲ་ཞིག རང་གི་མགོ་བའི་ཐོག་ཏུ་སྨིན་ཚུལ་ཐད་ལ་བསམ་གཞིག་གཏོང་དགོས་ཨང་།
        ད་དུང་། བྱང་ཐང་གི་ཁོར་ཡུག་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ། ཁུ་སིམ་དང་ལྷིང་འཇགས་ཡིན་རེད་ལ། ལོ་ངོ་སྟོང་ཕྲག་གི་རྗེས་ལའང་། སྔར་བཞིན་ཁུ་སིམ་དང་ལྷིང་འཇགས་ཡིན་ངེས་རེད། སྙན་ངག་པས། སྔར་བཞིན་ཁྱོད་ཀྱི་ཁོད་ཡངས་དང་། ལྗང་མདོག མཚོ་མཚེའུ་བཅས་ལ་རྟོག་བཏགས་ཀྱིས་བསྐོར་སྲིད་མོད། དེའི་སྟེང་དུ་འཚོ་ཞིང་གཞེས་པའི་སེམས་ཁྲལ་གྱི་སྙིང་ཁམས་འཕག་འཕག་ཏུ་ལྡིང་ཞིང་། པགས་ཚགས་གྱོན་པའི་མི་རབས་དེ་དག་གི་དགའ་སྣང་དང་སྐྱོ་སྣང་། རེ་བ་དང་ཡི་ཆད། སྨྲེ་སྔགས་དང་མིག་ཆུར་སུ་ཞིག་གིས་སྣང་འཇོག་བྱེད་མྱོང་ངམ། ལོ་ཟླ་དེ་ལྟར་འཕུར་གྱིན་འདུག མི་རབས་དེ་ལྟར་བརྗེ་གིན་འདུག དད་མོས་ཀྱི་ཁ་དོག་ཀྱང་དེ་ལྟར་སྒྱུར་བཞིན་ཡོད། འོན་ཏེ། འགྱུར་མེད་པ་ནི། ཁོ་ཚོས་སྔར་བཞིན་ཁྲོན་པའི་གཏིང་གི་ཆུ་བོ་འཐུང་བཞིན་ཡོད་ལ། ཉི་ནུས་ཙམ་ལ་བརྟེན་པའི་གློག་འོད་དུས་ཐུང་དེ་ལ་བརྟེན་བཞིན་འདུག ད་དུང་། འཕྲོད་བསྟེན་དང་གཙང་སྦྲ་ཟེར་བའང་། རྒྱས་སྤྲོས་ཞེས་པའི་ཐ་སྙད་དེ་དང་སྦྲེལ་ཏེ་གླེང་།
        ན་ཟླ་ཚོ། གྲོང་ཁྱེར་གྱི་བསླུ་བྲིད་དང་། དཔལ་འབྱོར་གྱི་འདུ་འགོད། སློབ་གསོའི་ཁ་ཕྱོགས་ཀྱིས་བསླུས་ཏེ། ཁོ་ཚོའི་རྨི་ལམ། བྱང་ཐང་གི་ཁུགས་སོ་འདི་ན་གཏན་ནས་མིན་འདུག འོན་ཏེ། དེ་ཙམ་གྱིས་ཁོང་ཚོའི་བློ་རྒྱའང་ཕ་ཡུལ་ལས་འདས་པའི་འཇིག་རྟེན་ཆེན་པོ་ཞིག་ཏུ་ཡོད་པར་འདོད་མི་རུང་སྟེ། ཁོ་ཚོས་ཕ་ཡུལ་གྱི་སྒོ་ཟོག་ཡོད་ཚད་བཙོངས་ཤིང་། ཁོ་ཚོས་རང་གི་རྩྭ་ས་གཞན་ལ་བོགས་མར་བཏང་སྟེ། དེ་ལས་བྱུང་བའི་སྒོར་མོས་རང་ཉིད“གྲོང་ཁྱེར་པ”ཞིག་ཏུ་རློམ་བཞིན་ཡོད་ལ། རླངས་འཁོར་གྱི་རིན་ཐང་དང་། ལུས་ཐོག་གི་གཡུ་བྱུར་གྱིས་མི་ཚེའི་རིན་ཐང་འཇལ་བཞིན་འདུག བྱང་ཐང་། རི་བོའི་སྒལ་ཚིགས་སྔར་བཞིན་བརྟན་ཞིང་། ཐང་གི་ས་གཞི་སྔར་བཞིན་མཁྲེགས་ནའང་། མི་ཚོའི་སྒལ་ཚིགས་སྔར་ནས་གུག་ཅིང་། སེམས་ཀྱི་རུས་པ་སྔར་ནས་སྙི་མོ་སྙི་མོར་གྱུར་ཟིན་འདུག
        པ་ཏྲ་དང་འདྲ་བའི་འཁོར་ལམ་གྱི་ཤུལ་རིས། རྩྭ་ཐང་གི་བྲང་ཁོག་ཐོག་ཏུ་སྣོལ་མར་བརྐོས་ཤིང་། དེ་དག་ལ་མྱུར་ལམ་ཞེས། རྫོང་ནས་གྲོང་རྡལ། གྲོང་རྡལ་ནས་གྲོང་ཚོ། གྲོང་ཚོ་ནས་རང་ཁྱིམ་གྱི་སྒོ་ཁ་བར་སྐྱ་ཤུར་རེར་འཐེན་འདུག དེ་ནི་ཁོ་ཚོས་འཇིག་རྟེན་དང་འབྲེལ་འདྲིས་བྱེད་པའི་རྒྱུ་ལམ་ཉག་གཅིག་དེ་ཡིན་ལ། སྣུམ་ནག་བཏིང་མྱོང་མེད་པའི་ལམ་བུ་དེ་དག་གི་ཐོག་ནས། གསར་བུ་མང་བོ་ཞིག་གི་ཚེ་སྲོག སྐར་མདའ་བཞིན་དུ་ཡལ་ཚུལ་སྐོར། དབུ་སྐྲ་དཀར་བའི་རྒན་རྒོན་མང་བོའི་ངག་ནས་ཐོས་ཤིང་། བྲང་དུ་ཕྲུ་གུ་པང་བའི་བུད་མེད་མང་བོ་ཞིག་ཁེར་རྐྱང་ངང་དུ་གནས་པའི་ཚུལ་ལས་ཤེས། སྣུམ་ནག་གཞུང་ལམ་ཞིག ཁོ་ཚོར་མཁོ་ཚུལ་ཡང་ནས་ཡང་དུ་ཞུས་མྱོང་ལ། སྔར་བཞིན་ཞུ་བཞིན་ཡོད་མོད་ཀྱང་། འཛུམ་དང་བཅས་པའི་མགོ་ལྕོག་ལྡེམ་ཙམ་ལས། ང་ཚོར་མཁོ་བའི་ལན་ལ་དྲིས་ལན་རྡོ་རྗེ་བཞིན་དུ་འདེབས་མཁན་སུ་ཡང་མེད། ཚེ་སྲོག་ག་ཙམ་ཞིག་ཤོར་བའི་མཐར། ཁྱིམ་ཚང་ག་ཙམ་ཞིག་ཆག་གྲུམ་ཤོར་བའི་མཐར། གཞི་ནས། དུར་བྱང་ལྟ་བུའི་སྣུམ་ནག་གཞུང་ལམ་ཞིག ཁོ་ཚོའི་ཁྱིམ་སྒོའི་བར་དུ་བསྲིངས་ནུས་སམ།
        ཕ་མཐའ་མི་མངོན་པའི་བྱང་ཐང་གི་ཐོག་ཏུ། སྤོབས་པ་སྟེར་མཁན་ནི། སྔར་བཞིན་བྱང་ཐང་གི་ས་འོག་ན། ངའི་ཕ་མེས་ཀྱི་རུས་རྐང་སྦས་ཡོད་པ། ངའི་རྐང་བས་སྲ་མཁྲེགས་ཀྱི་ས་གཞི་དེ་མནན་དུས་ཤེས་འོང་ལ། དལ་མེད་ཀྱི་རླུང་བུའི་ཁྲོད། ངའི་ཡབ་མེས་ཀྱི་རྣམ་ཤེས་ལྡང་འོང་བ། ངའི་ངོ་གདོང་ལ་ལྡང་བའི་འཇམ་མཉེན་གྱི་བསིལ་རླུང་དེས་ཤེས་ཐུབ་ཀྱི་འདུག ཀི་རིང་ཞིག་བཏབ་ནའང་། སུ་ཞིག་གིས་ཀྱང་མི་ཤེས་པའི་ས་དེར། ངས་ལག་གཉིས་རྒོད་གཤོག་བཞིན་རྐྱོང་བཞིན། མིག་གཉིས་རྡོ་ལྟར་དུ་བཙུམས་ཏེ། ཁྱེད་ཀྱིས་བརྒྱུད་མྱོང་བའི་ལམ་ལ་མནོ་བསམ་ཞིབ་མོ་ཞིག་བྱེད་ཐུབ། ཕ་གིའི་ས་རྡོ་དེ་དང་། རི་བྲག་དེ། ད་དུང་མཚོ་མཚེའུ་དེ་དག་གི་ཐོག་ལ།  ངས་ཕ་སྐད་ཀྱི་ཐོག་ནས་མིང་བློ་ཡུལ་དུ་ཤོངས་དཀའ་བ་རེ་བཏགས་ཡོད་པས། ང་དང་དེ་དག་ཀྱང་། གངས་ཅན་གྱི་ལྗོངས་འདིར། ལས་ཀྱིས་འདུས་པའི་སྤུན་མཆེད་ཡིན་ཨང་སྙམ་པའི་སེམས་ཐག་ཉེ་པོ་ཞིག་ཀྱང་འཆར་ནས་འོང་བ་དེ་ཉིད་རེད།
        བ་ནེ་བུན་ནེར་དུས་རབས་ཉེར་གཅིག་གི་སྒོ་འགྲམ་དུ་སླེབས་པའི་ང་དང་བྱང་ཐང་། ཁ་བ་དང་བུ་ཡུག་གི་ཁྲོད་དུ་སྔར་བཞིན་མདུན་ནས་མདུན་དུ་བསྐྱོད་དགོས་ཨང་། གལ་ཏེ་གོམ་སྟབས་བཞག་པའི་སྐད་ཅིག་རེ་རེ་ནས། ང་དང་བྱང་ཐང་། མུ་མེད་ཀྱི་ཐང་ཡངས་འདིར། འཆི་བའི་གྲབས་ལས། གསོན་པའི་རེ་བ་བྲལ་བ་སྔར་ནས་ཤེས་པས་ཡིན། མདུན་ནས་མདུན་དུ་བསྐྱོད་དེ་མཐར་ཐུག་ལམ་བུ་ཇི་འདྲ་ཞིག་ཏུ་སླེབས་མིན་བརྗོད་པར་དཀའ་ནའང་།  དེ་ནི། ང་ཚོས་འབད་པས་བསྐྱངས་པའི་ལམ་བུ་ཞིག་དང་། རིགས་པས་བགྲོད་པའི་ཤུལ་ཞིག་ཡིན་པས། གཞན་གྱིས་བྲུས་པའི་ཀོང་དོང་ནང་དུ། ཐེ་ཚོམ་མེད་པར་མཆོངས་རྐྱང་ཐོག་ནས། འཕྲལ་གྱི་བདེ་བའི་གཉིད་དུ་སོང་བ་དེ་ལས་ལྷག་པ་ཡོད་པ་མ་རེད་དམ། དཀའ་བས་ཕྱུངས་པའི་རྔུལ་ཆུ་ཁྲུམ་ཁྲུམ་དེར། བདག་གིས་ཐུགས་རྗེ་ཞུ་བཞིན་ཡོད། དེ་ཡིས་མ་མཐར་ཡང་། བདག་གི་ལུས་ལ་དྲོད་ཁོལ་ཡོད་པ་མཚོན་པ་མ་རེད་དམ།
        མ་བཅོས་ལྷུན་གྱིས་གྲུབ་པའི་བྱང་ཐང་གི་དབྱར་ཁའི་མཚོ་མཚེའུ་དང་། ལྗང་ཞིང་ཡས་པའི་སྤང་ལྗོངས། འབྲོང་གཡག་གི་ཉམས་པ་མེད་པའི་ངར་ཤུགས། ད་དུང་། འཛུམ་ཞིང་བག་ཕེབས་ངང་དུ་གནས་པའི་བྱང་ཐང་ཐོག་གི་རྒན་རྒོན་འགའ་ཡི་འདྲ་པར་དྲ་བའི་ནང་དུ་བལྟས་ན་ཚར་རྒྱུ་མེད་ནའང་། དེ་ནི་གཞན་གྱི་མིག་ནང་འཚོ་བའི་ང་ཚོ་ཡིན་ལ། གཞན་གྱི་འདོད་བློས་བཞེངས་པའི་གཟུགས་བརྙན་ཙམ་ཞིག་ཡིན་སྲིད་པས། དེ་ལ་བརྟེན་ཏེ་རང་གིས་རང་ཉིད་སྐྱིད་པོར་རློམ་དོན་ཅི་ཞིག་ཡོད། དོན་དུ་ཁོ་ཚོ་ནི། བྱང་ཐང་དུ་སྒྱུ་མ་ལྟ་བུའི་རོལ་རྩེད་སྐད་ཅིག་ཙམ་ལ་རོལ་མཁན་ཞིག་ལས། དགུན་གཞུང་རིང་མོའི་གྲང་ངར་དང་། སྤང་ལྗོངས་བྱེ་མས་ཁྱུར་མིད་གཏོང་བར་སེམས་ཁྲལ་བྱེད་པ་པོ། དེ་བཞིན་དགུན་གྱི་ཁ་བ་མཐུག་པོའི་ཁྲོད། ནོར་ལུག་གཉིས་པོ་དཀའ་བས་སྐྱོང་མཁན་མཐར་ཐུག་དེ་ཉིད་ང་ཚོ་མ་ཡིན་ནམ།
        ཙ་ཀོ་ར་བཞིན་གྲང་ངར་གྱི་ཁྲོད་དུ་ལོ་ངོ་མང་བོར་ཞུམ་མེད་དུ་འཚོ་བཞིན་པའི་འབྲོག་པ་ཚོའང་། དུས་ཚོད་ཀྱི་དབང་གིས། གྲོང་དང་གྲོང་རྡལ་དུ་ཁྱུ་དང་ཁྱུ་བཞིན་སྤོ་བཞིན་འདུག སྤང་ལྗོངས་སྟེང་གི་སྦྲ་གུར་ནག་པོ་དེ་དག་ཀྱང་། ལོ་རེ་བཞིན་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན། སོ་ཕག་གིས་བརྩིགས་པའི་ཁང་ཆུང་དམར་སེར་ཇེ་མང་ནས་ཇེ་མང་འགྲོ་བཞིན་པར་བསམས་ན། མི་གཤིས་ནི་ཨ་གསར་དང་དུས་ཚོད་ཀྱི་རྗེས་སུ་སྙེགས་འདོད་པ་ནི་ཆོས་ཉིད་ཅིག་ཡིན་པ་ཤེས་འོངས་ལ། དབང་ལྔའི་འདོད་ཡོན་གྱི་བསླུ་བྲིད་འོག་ཏུ། རིགས་ཤེས་ཀྱི་སྦྱར་རྩི་ནི་ཇི་འདྲའི་དམ་པོ་ཞིག་མིན་པའང་རྟོགས་འོངས། འོན་ཏེ། འབྲོག་པ་ཚོས། གྲོང་ཁྱེར་དུ་གཉེར་བའི་ཡུལ་ཟོག་གི་ཁྲོམ་རའི་ཚོང་སྟེགས་ཀྱི་ཐོག་ཏུ། སྦྲ་གུར་ཆུང་ཆུང་མང་བོ་བཟོས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཚོང་མགྲོན་དུ་མར། སྦྲ་གུར་གྱི་ཁྱད་ཆོས་ས་སྟེང་གི་རྡུལ་བཞིན་ཡོད་ལུགས་རྗོད་བཞིན་འདུག  སྐབས་དེར། བརྒྱ་ལོར་དམར་པོ་དུ་མ། ཁོ་ཚོའི་གས་སྲུབས་མང་བའི་མཛུབ་རྩེ་ན་དལ་གྱིས་ཕྲེང་བ་བཞིན་བགྲང་གིན་ཡོད།
        ཚ་མངར་སྐྱུར་གསུམ་དུས་ཚོད་ཀྱི་ནང་དུ་གནས་པའི་གོ་རིམ་ཞིག་རེད། འབྲོག་ཁུལ་དུ་སྡོད་པའི་ཟླ་ངོ་དེ་དག་ལ། ཨ་ཁུ་འབྲོག་པ་ཚོའི་མི་གཤིས་ཀྱི་ཟབ་ས་ན་གནས་པའི་བོད་རིགས་རྣལ་མའི་གཤིས་སྤྱོད་ཀྱིས་ཡིད་དབང་ཕྲོགས་མྱོང་ལ། དུས་ཚོད་དང་འདུ་འགོད་ཀྱིས། ཁོ་ཚོའི་མི་གཤིས་ཀྱི་ཟབ་སའི་སྟེང་དུ་གཡོགས་པའི་སྐྱི་ཤུན་དེ་དག སྒོག་ཙོང་གི་ལྤགས་པ་བཤུས་པ་ཇི་བཞིན་ག་ལེར་ག་ལེར་ཇེ་སྲབ་ནས་ཇེ་སྲབ་ཏུ་འགྲོ་བཞིན་པ་མཐོང་སྐབས། ཤུལ་དུ་ཅིའང་ལྷག་ཐབས་མེད་པའི་སེམས་ཁྲལ་ཞིག་འགོག་མེད་དུ་འཆར་འོངས། ཡང་ཁམ་ཚིག་ལྟ་བུའི་རིག་གནས་ཀྱི་ནང་སྙིང་ཞིག སྲ་མཁྲེགས་ཀྱིས་ནམ་ཡང་གནས་ངེས་རེད་ཨང་སྙམ་པའི་རྟོག་སྣང་ཞིག་ཀྱང་འཆར། འོན་ཏེ། ཡོད་ཚད་དུས་ཚོད་ལ་དབང་སྲིད་ལ། དུས་ཚོད་ཀྱི་རླུང་བུ། བྱང་ཐང་ཐོག་གི་བུ་ཡུག་བཞིན། འུར་འུར་ངང་ཡུན་རིང་ལྡང་རྗེས། གནམ་ངོ་དྭངས་པའི་ཞོགས་པ་དེ་ལ། འགྱུར་བ་ཡོད་ཚད་དང་། ལྷག་མ་ཅི་ཡོད་གཞི་ནས་གསལ་པོར་མངོན་ཐུབ་ཨང་།
        ཛ་དྲག་དང་དངངས་འཚབ་ཀྱིས་འཚོ་བ་ནི་དེང་སྐབས་ཀྱི་འཚོ་བའི་ཁྱད་ཆོས་ཡིན་ན། སོས་དལ་དང་ལྷོད་བག་གིས་འཚོ་བ་ནི་ང་རང་སྐབས་དེར་གནས་པའི་བྱང་ཐང་དེའི་ཁྱད་ཆོས་ཤིག་ཡིན་ངེས་རེད། དོན་དག་ཕྲན་ཚེགས་འགའ་ཐག་གཅོད་བྱེད་ཕྱིར། གྲོང་ཚོ་ཁག་གི་ལས་སྣེ་བསྡུས་ཏེ་གྲོས་མོལ་བྱེད་ཐེངས་རེར། ཉི་མ་ཤར་རི་ནས་ནུབ་རིར་འཁྱོལ་འགྲོ་ལ། གྲོས་གླེང་བྱེད་སྐབས་ཀྱང་། གཏམ་དཔེ་མང་བོ་མཉམ་དུ་བསྲེས་ཏེ་ཕར་ཚུར་ཟུར་ཟ་ཀྱལ་ཀ་མང་དུ་བྱས་པའི་རྗེས། གྲོས་ཁ་ཅི་ཡང་ཐག་ཆོད་མེད་པར་སོ་སོར་གྱེས་ནས་འགྲོ། དེ་ལྟར་དོན་དག་ཕྲན་ཚེགས་ཤིག ཉིན་དུ་མར་གྲོས་སྡུར་བྱེད་དགོས་འདུག སྐབས་དེར། བདག་གིས་ལོ་ངོ་མང་བོའི་སྔོན་དུ་བལྟས་པའི་གེ་སར་རྒྱལ་བོའི་སྒྲུང་རིང་དེ་དག་ནང་། དམག་འཐབ་ཁྲོད། ཕར་ཚུར་གླུ་ཤགས་མང་བོ་ལེན་རྒྱུ་དེ། ཕར་ཚུར་གཡུལ་འགྱེད་བྱས་པ་ལས་ཀྱང་གལ་འགངས་ཆེ་བའི་བྱུང་རིམ་དེ་དག་ལྷང་ངེར་དྲན།
        ཝ་ལེ་ཝ་ལེར་ཡིད་ལ་ད་དུང་འཆར་བ་ནི། བྱང་ཐང་ཐོག་གི་ལོ་ན་བགྲེས་པོ་ཚོའི་སྐད་ཆ་དེ་དག་རེད། ཁོང་ཚོའི་སྐད་ཆ་ནི་གཏམ་དཔེ་མང་བོ་དང་འབྲེལ་ཏེ་ཤོད་འགོ་ཚུགས་པ་ཞིག་རེད་ལ། ཁོང་ཚོའི་གནའ་གཏམ་མང་བོ་ཞིག རི་བོ་དེ་དང་ཆུ་བོ། ནམ་མཁའ་དང་སྤང་ལྗོངས་ཀྱི་འབྱུང་ཁུངས་དང་འབྲེལ་བ་ཤ་སྟག་རེད། ཁོང་ཚོས་བརྗོད་པའི་རི་དང་ཆུ་བོ་དེ་དག་ཀྱང་། དགའ་སྐྱོ་ཆགས་སྡང་། དགྲ་འདུལ་གཉེན་སྐྱོང་ཁོ་ནར་དགའ་བའི་སྐྱེ་བོ་ཕལ་པའི་གཤིས་དང་ལྡན་པ་དང་། ལམ་གྱི་སུམ་མདོ་དེ་དག་ཀྱང་། བཙན་དང་འདྲེ་ཡི་རྒྱུ་ལམ་ཁོ་ན་ལས། ཁམས་གསུམ་སྙོམས་པར་བཞག་པའི་བྱང་ཆུབ་སེམས་དཔའ་དང་། ཐར་བའི་ལམ་སྣེར་འཁྲིལ་བའི་སྐས་འཛེག་ལྟ་བུ་ཤིན་ཏུ་ཉུང་། སྐབས་དེར། ནུབ་ཕྱོགས་ལྷ་སྒྲུང་ནང་དུ་གནས་པའི་དགའ་སྐྱོ་ཆགས་སྡང་ཆེ་ཞིང་། ཕོ་མོའི་འདོད་བརྩེ་རབ་ཏུ་འབར་བའི་བྱུང་རིམ་དེ་དག་དྲན་འོངས་པས། ང་ཚོའང་གནའ་བོའི་མི་རིགས་དག་གི་གྲས་སུ་དཔུང་ཐར་ཤིག་ཤིག་བྱེད་པའི་དུས་ཤིག་བྱུང་མྱོང་ཡོད་འདུག་པས། སྐབས་ཤིག་རིང་། བྱང་ཐང་ཐོག་གི་གྲང་རླུང་འུར་འུར་དེ་ལའང་། ཚ་དྲོད་ལྡན་པའི་སྣང་བ་ཞིག་ཀྱང་སྐྱེས།
        ཞྭ་གོས་པགས་རིགས་ཀྱིས་བཟོས་པའི་རྒན་པོ་འགའ་རེས། གྲོང་ཚོའི་ནང་དུ་འཁར་བ་བཟུང་སྟེ། རྩིག་ཟུར་ན་ཉི་མར་སྲོ་བཞིན་འདུག འཚོ་བའི་ཆ་ཤས་སུ་གྱུར་བའི་ཞྭ་གོས་དེ་དག་ནི། ངའི་བྱིས་དུས་ཀྱི་དྲན་པ་དང་འབྲེལ་བ་ཤིན་ཏུ་ཆེ་བ་ཞིག་ཡིན། ལོ་ངོ་འདི་དག་གི་རིང་། ཞྭ་གོས་དེ་འདྲ་གྱོན་པའི་སྐྱེ་བོ་ཤིན་ཏུ་ཉུང་། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་རྗེས་དང་། དགུ་བཅུའི་གོང་རོལ་དུ། མདོ་ཁམས་ནས་ལྷ་སའི་ཕྱོགས་སུ་ཡོང་བའི་མཇལ་བ་མང་བོའི་གྱོན་པ་དེ་ལྟར་རེད། ཁོང་ཚོས་ཤིན་ཏུ་དད་གདུང་ལྡན་པའི་ངང་ནས་ཇོ་བོའི་སྐུ་པང་མདུན་དུ་ཐོད་པ་གཏུག་པའི་རྣམ་འགྱུར་དང་། ལོ་ན་བརྒྱད་ཅུ་དགུ་བཅུར་སོན་པའི་རང་གི་ཕ་ལོ་མ་ལོ་སྒལ་བར་ཁུར་ཏེ་ཇོ་ཁང་མདུན་དུ་ཡུན་རིང་རུ་བསྟར་སྒྲིག་པའི་སྙིང་སྟོབས་དེས། བདག་གི་མིག་གཉིས་མཆི་མས་སྦགས་མྱོང་ལ། ཚི་དྲེག་གིས་སྦགས་པའི་པགས་གོས་ཀྱི་ཞྭ་གོས་འོག་ན། ལྷག་བསམ་དག་པའི་སེམས་པ་ཞིག་དང་། འདས་མ་ད་གསུམ་ཀུན་ཏུ་འཕོ་ནུས་ལྡན་པའི་རྣམ་རིག་ཧ་ཅང་གསལ་པོ་ཞིག་ཀྱང་འདུག་གོ་སྙམ་ཡང་མྱོང་། ད་ཆ། ཞྭ་གོས་དེའི་རིགས་གྱོན་པའི་སྐྱེ་བོ་ཤིན་ཏུ་ཉུང་ཡང་ཉུང་ལ། བདེན་ཡང་བདེན་ངེས་ཏེ། དེང་སྐབས་ཡང་ཞིང་དྲོ་བའི་གྱོན་གོས་མང་བས། ལྗིད་ཅིང་སྲ་བའི་གྱོན་པ་དེ་དག་སུ་ཡིས་གྱོན། འོན་ཏེ། སྐབས་དེར་བདག་གིས་སྙིམ་པ་བྲང་ཁར་གཏད་དེ། ཞྭ་གོས་དེ་དག་འོག་ན་གནས་པའི་ལྷག་བསམ་དང་། སྙིང་སྟོབས་དེ་དག་ཅིས་ཀྱང་བསྲུང་བར་འཚལ་ཞེས་སྨོན་པ་དྲག་ཏུ་འདེབས་དགོས་བྱུང་།
        ཟ་ཟི་བྲལ་བའི་བྱང་ཐང་གི་འཚོ་བར། དབང་ཤེས་ཀྱི་ཡུལ་དུ་འཇུག་པའི་རྒྱ་སྒོ་ཡོད་ཚད་ཕྱེས་པའི་དུས་རབས་འདིའི་མི་ཚོའི་ཡིད་དབང་འཕྲོག་ཐབས་གཏན་ནས་མེད་པ་འདྲ། དེ་ནི་རིག་གནས་ཀྱི་ཁྱད་པར་དང་རིག་གནས་ཀྱི་ཁ་ཕྱོགས་མི་འདྲ་བས་ལན་པ་རེད། སྔོན་ཆད། སྒོ་ལྔའི་ཤེས་པ་ཡོད་ཚད། ཕྱི་རུ་འཕྲོ་བ་བཀག་ཅིང་སྡོམ་པ་དེ་ནི་ཁྱད་ཆོས་ཤིག་ཏུ་རྩི་བཞིན་ཡོད་ནའང་། དེང་སྐབས། སྒོ་ལྔའི་ལྕགས་སྒྲོག་ཡོད་ཚད་གཏོར་ཏེ་འདོད་ཡོན་ལྔ་ལ་ལོངས་སུ་སྤྱོད་པ་དགེ་མཚན་ཞིག་ཏུ་བརྩི་བའི་དབང་གིས་ཡིན། ཁེ་ཕན། ལོངས་སྤྱོད། རྒྱུ་ནོར།  སྒོ་ལྔའི་ཤེས་པར་རང་དབང་མེད་ན། དེ་དག་ཇི་ལྟར་བསྒྲུབ་དགོས་སམ། གྲོང་ཁྱེར། མདོར་ན་དབང་བོའི་སྒོ་ལྔས་དྲངས་པའི་འདོད་ཡོན་ལྔ་བོའི་བསླུ་བྲིད་ཀྱིས་གཏམས་པའི་དོ་ར་ཞིག་སྟེ། དེ་ན། ཁྲ་ཁྲ་སིལ་སིལ། ཞིམ་ཞིམ་མངར་མངར། འཇམ་འཇམ་མཉེན་མཉེན་ཁོ་ན་སྐྲུན་གྱིན་ཡོད། བྱང་ཐང་གི་དགུན་གཞུང་འདིར། དུ་བ་ལྷོག་ལྷོག་འཕྱུར་བའི་དུད་ཁྱིམ་དེ་དག་ནང་། རྒན་རྒོན་འགའ་དང་ཕྲུ་གུ་འགའ་ལས་སུའང་མེད། མཚན་མོ་འགར། ཁྱི་རྒན་འགའ་རེར་ཡང་། ཁུ་སིམ་དེ་ལ་སུན་སྣང་སྐྱེས་ཏེ། ཟུག་སྐད་སྒྲོག་བཞིན་སྐད་སྒྲ་ཅུང་ཞིག་སྐྲུན་གྱིན་འདུག
        འ་འུར་གྱི་ངང་ནས་བྱང་ཐང་གི་ཕང་བ་རུ་ལོ་ཕྱེད་ཐོན་ལ་ཉེ། སྔོན་ཆད་ཀྱི་གྲང་ཟུག་ཀྱང་རིམ་བཞིན་ཞི་འཇགས་སུ་སོང་ཞིང་། རྒྱང་རིང་ནས་སྤང་ལྗོངས་ལ་བལྟས་ཚེ། སྐྱ་སེར་སེར་གྱི་རྩྭ་ཕྲན་དེ་དག་རིམ་བཞིན་སྔོ་ལྗང་ལྗང་དུ་འགྱུར་འགོ་ཚུགས། སྲ་མཁྲེགས་སུ་གྱུར་པའི་ས་གཞིའང་། རྐང་འོག་ཏུ་ནེམ་ནེམ་དུ་འགྱུར་ཞིང་། གང་ནས་བཞུར་མིན་མི་ཤེས་པའི་ཆུ་ཕྲན་མང་བོ་ཞིག་ཀྱང་། གྲོང་ཁྱེར་གྱི་གཞུང་ལམ་བཞིན་ཕན་ཚུན་བསྣོལ་མར་ཆགས་པ་ཤིན་ཏུ་མང་། སྐབས་དེར། ང་ཚོའང་། ཕྱི་རོལ་དུ། སྒྲོག་ཙེ་གཅིག་དང་རྐུབ་སྟེགས་འགའ་ཞིག་ཕྱི་རུ་བསྒྲིགས་ཏེ་ཁ་བརྡ་ལྷོད་པོར་བྱེད་ཆོག་ལ། རི་བོའི་རྩེ་མོར་འཛེགས་ཏེ། ཀི་ཀི་བསྭོ་བསྭོའི་ལྷ་རྒྱལ་རིང་བོ་ཞིག་ཀྱང་འཐེན་ན་ཆོག ཡུན་རིང་འཁྱག་གིས་བསྡམས་པའི་མཚོ་མོ་ཆེ་ཆུང་དུ་མའང་། གཞི་ནས་དར་ཁ་གློད་པས། བྱང་ཐང་དེའང་ལྟེམས་མེར་གཡོ་བའི་འཇིག་རྟེན་ཞིག་ཏུ་གྲུབ། དེ་ནི་ང་ཚོའི་སྙན་ངག་ནང་དུ་རྒྱུན་དུ་འོང་བའི་ཡུལ་ལྗོངས་དེ་དག་རེད། དེ་ནི་བྱང་ཐང་གི་གཞི་དེའི་དུས་ཐུང་གི་དགའ་སྟོན་ཞིག་ཀྱང་རེད།
        ཡ་ཐོག་རིང་མོ་ཞིག་ཏུ། བྱང་ཐང་གི་གཞི་དེ་རྒྱ་མཚོས་ལྟེམས་མེར་གཡོ་བའི་འཇིག་རྟེན་ཞིག་ཡིན་ཚུལ་རྒན་རབས་ཚོའི་ངག་ལས་ཐོས། སྐབས་དེར་གནས་བཅས་པའི་སེམས་ཅན་དེ་དག་གི་དགའ་སྐྱོ་ཆགས་སྡང་ཡང་། རྒན་རབས་དེ་དག་གིས། ལྷ་སྒྲུང་དང་འབྲེལ་ཏེ་བདག་ཚོར་ཡང་ཡང་གསུང་གིན་འདུག འོན་ཏེ། དེ་དག་ལ། སུ་ཞིག་གིས་རྣ་བ་གཏད་དེ་བསམ་གཞིག་བྱེད་སྲིད་དམ། ལྷག་པར་མཐོང་ཆོས་གཙོ་བོར་བྱེད་པའི་དེང་གི་དུས། སུ་ཡི་དང་བ་འདྲེན་པར་བྱེད་སྲིད་དམ། རེད་ཡ།  ལོ་ངོ་དུ་མ་ཕྱིན་པའི་རྗེས་སུའང་། གནས་དེ་གང་འདྲ་ཞིག་ཏུ་འགྱུར་མིན་སུ་ཡིས་བརྗོད་པར་སྤོབས། སྐབས་དེར་ཡང་། ང་ཚོའི་གནས་ཚུལ་ཡོད་ཚད་གཞན་དང་གཞན་པ་ཞིག་གིས་ལྷ་སྒྲུང་ཚུལ་གྱིས་བརྗོད་སྲིད་ལ། ང་ཚོའི་གནས་ཚུལ་དེ་དག་ཀྱང་། གཞན་དང་གཞན་དུ་གྱུར་བའི་ཁོང་ཚོའི་ངོས་ནས་འཆད་ན། ལྷ་སྒྲུང་ལྟ་བུ་ཞིག་ཀྱང་ཡིན་ནའང་སྲིད། ཚོད་བགམ་དཀའ་བའི་ཡུལ་དུས་ཀྱི་འགྱུར་བའི་ཀློང་ན། ཡངས་ཤིང་ཡས་པའི་བྱང་ཐང་གི་ཕང་བའི་ནང་ན། ང་ཚོ་ནི་རྡུལ་ཟེགས་ཀྱི་ཆ་ཤས་ཀྱི་ཆ་ཤས་ཤིག་དང་འདྲ་བས། སྐྱིད་སྡུག་དང་དགའ་སྐྱོ་ཅི་ཞིག་ཡིན་རུང་། དེ་འདྲའི་ཧ་ལས་པ་ཞིག་གཏན་ནས་མ་ཡིན་པས། ལག་གཉིས་ཐང་དཀར་གྱི་གཤོག་ཟུང་བཞིན་རྐྱོང་བཞིན། མིག་གཉིས་རྡོ་བ་བཞིན་བཙུམས་ཏེ། རང་ཉིད་འཇིག་རྟེན་དེའི་ཕང་བ་རུ་ངོ་བོ་དབྱེར་མེད་དུ་ཐིམ་པའི་དགའ་སྣང་ཞིག་ཀྱང་རྒྱས་ནས་འོངས།
        ར་རིས་མ་སྦགས་པའི་བྱང་ཐང་གི་ཨ་སྔོན་གྱི་ཟླ་བ། ད་དུང་ཕྲ་རྒྱན་བཞིན་བརྒྱན་པའི་སྐར་ཚོགས་ཁྲི་སྟོང་མང་བོ། བདག་དེ་ལས་བྲལ་ཁར་སྐྱེལ་མ་བྱེད་པར་ཐོན་པ་དང་འདྲ་བྱུང་ལ། འབྲལ་ཁའི་མཚན་མོ་དེ་དང་གྱེས་འདོད་མེད་པའི་ང་རང་། སྐྱ་རེངས་ཤར་བར་ཇི་འདྲའི་འཇིགས་ཤིང་སྐྲག་པ་ཞིག་རེད་ཨང་། སྐྱ་རེངས་ཤར་ཚེ། ང་དེ་ནས་ཐོན་དགོས་ལ། ཟླ་བ་དང་སྐར་མ་དེ་དག་ཀྱང་ཡལ་འགྲོ་བས། སང་ཉིན་གྱི་མཚན་མོའི་ནམ་མཁའི་ངོས་སུ། དེ་འདྲའི་དྭངས་གཙང་གི་ཟླ་འོད་དང་སྐར་མ་ཞིག་གང་ན་འཚོལ་དུ་འགྲོ། སྐབས་དེར། དེ་སྔོན་བཏང་སྙོམས་སུ་བསྐྱུར་བའི་དངོས་པོ་ཡོད་ཚད། བྲལ་མི་ཕོད་པའི་རིན་ཐང་དང་ལྡན་པ་ཞིག་ཏུ་འགྱུར་འགྲོ་ལ། དེ་སྔོན་གྲང་ངད་ཀྱིས་གཙེས་ཤིང་སུན་སྣང་དོད་པའི་ཟླ་ངོ་དེ་དག་ཀྱང་། སླར་ཡང་ཕྱིར་ལྡོག་ཐེངས་ཤིག་བྱེད་ན་ཆོག་པའང་སྙམ་པའི་སེམས་འགྱུ་ཞིག་ཀྱང་ངང་གིས་འོང་གིན་འདུག འོན་ཏེ། དུས་ཚོད་སུ་ཡིས་ལྡོག་པར་ནུས།  མི་སེམས་སུ་ཡིས་སྐོང་བར་ནུས།
        ལ་རྩེ་དེར་སླེབས་རྗེས། རླངས་འཁོར་ལས་བབས་ཏེ། རང་གིས་ཡུན་རིང་བསྡད་མྱོང་ཡོད་པའི་གྲོང་ཚོ་དེ་ལ་རྒྱང་ལྟ་བྱས། གྲོང་ཚོ་དེ་ནི་སྔར་བཞིན་ལྷིང་འཇགས་རེད། གཡས་དང་གཡོན་གྱི་གྲོང་པའི་དུ་ཁུང་ནས། དུ་བ་སྔར་བཞིན་ལྷོག་ལྷོག་བྱེད་ཀྱིན་འདུག སྐབས་དེར། མི་མུས་རྒྱུད་བཅས་གནས་དེར་བཅའ་བའི་སྤུན་ཟླ་དེ་དག་ནི། ཇི་འདྲའི་སྙིང་སྟོབས་ལྡན་ཨང་སྙམ་པ་ཤར་འོངས་ལ། ལོ་ངོ་སྟོང་ཕྲག་དུ་མའི་རིང་། ཁོང་ཚོས་གྲང་ངར་བུ་ཡུག་འོག་ཏུ་མི་མུས་རྒྱུད་བཅས་ཚེ་སྲོག་བསྲིངས་ཏེ་ཡོང་བ་ལས། སུ་ལའང་སྡུག་ཡུས་ཚིག་གཅིག་བརྗོད་མྱོང་ཡོད་མི་སྲིད། སྒུགས་དང་། གྲོང་ཁྱེར་དུ་སོང་བའི་གཞོན་པ་དེ་དག་ཀྱང་། རྒས་དུས་ཁྱོད་ཀྱི་ཕང་བར་ལོག་ངེས་ཤིང་། སླར་ཡང་འཁར་བ་ཞིག་དང་གནའ་གཏམ་གྲངས་མེད་རུམ་དུ་བཟུང་སྟེ། ཉི་མར་སྲོ་བཞིན། ག་ལེར་ག་ལེར་ཐལ་བ་སྦར་མོ་གང་དུ་སྤྲུལ་ཏེ། ཁྱོད་ཀྱི་ཕང་བར་འཐིམ་ངེས་རེད། ཁྱོད་ནི་ཁོང་ཚོའི་མཐར་ཐུག་གི་ལོག་ཡུལ་དེ་ཡིན།
        ཤ་ཆང་གིས་སྐྱེལ་མ་བྱེད་མཁན་ཁོ་ཚོ། སྔར་ནས་རྫོང་ཐོག་ཏུ་གྲ་སྒྲིག་ཨང་གསར་གྱིས་བསྒུགས་འདུག ཁོ་ཚོས་ཟླ་ངོ་དེ་དག་ལ། ང་ཚོས་རོགས་སྐྱོར་གང་ལེགས་བྱས་པར་ཐུགས་རྗེ་ཆེ་ཟེར་གྱིན་འདུག ང་ཚོས་གོམས་གཤིས་དབང་གིས་སྐྱོན་མེད་ཟེར་གྱིན་འཛུམ་ཙམ་བྱས། དོན་དུ། ཁོང་ཚོར་སྦྱིན་པའི་རོགས་སྐྱོར་དེ་དག་ལས་ཀྱང་རིན་ཐང་ཆེ་བ་ནི། བདག་ལ་མི་ཚེའི་མྱོང་བ་ཟད་མཐའ་མེད་པ་བྱུང་བ་དེ་ཉིད་ཡིན། ཟླ་ངོ་དེ་དག་གི་རིང་། བདག་ལ་དཔེ་དེབ་ལས་ཀྱང་གལ་འགངས་ཆེ་བའི་མྱོང་རྟོགས་གསར་བ་འབྱུང་འགོ་ཚུགས་སོང་ལ། དད་མོས་ཞེས་པའི་སྟོབས་ཤུགས་དེ་ལ་དེ་བས་ཡིད་ཆེས་གཏིང་ནས་སྐྱེ་འགོ་ཚུགས། ལས་འགན་ཞིག་དེ་ལྟར་ཟླ་ངོ་འགའི་ནང་མཇུག་སྒྲིལ་ཟིན་ནའང་། འོས་འགན་གཞན་པ་ཞིག བདག་གི་ཁྲག་རྩ་ཀུན་ཏུ་བར་མཚམས་མེད་པར་རྒྱུ་འགོ་བརྩམས། གང་ལྟར་གནས་སྐབས་དེར། དེ་ཉིད་གང་ཞིག་ཡིན་པ་གསལ་བོ་མི་ཤེས་ནའང་། སོས་དལ་ངང་ནས་འདུག་ཐབས་གཏན་ནས་མེད་པར་གང་དང་ཅི་ཞིག་ལ། ནམ་ཡང་བརྩོན་འགྲུས་དགོས་པ་གསལ་བོར་ཤེས།
        ས་སྲོད་ཀྱི་མཚམས་སུ། ལྷ་སར་འབྱོར་སོང་། རླངས་འཁོར་སྣེའུ་ཟམ་ཆེན་གྱི་ཐོག་ཏུ་བསྐྱོད་འགོ་ཚུགས་སྐབས། མིག་མདུན་དུ་ཐོག་མར་འཆར་བ་ནི། གློག་སྒྲོན་གྱིས་བརྒྱན་པའི་པོ་ཏ་ལའི་གཟི་འོད་དེ་རེད། མེས་པོ་ཚོས་ལོ་ངོ་བརྒྱ་ཕྲག་རིང་ག་ལེར། ཐུན་མོང་དུ་བསྐྲུན་པའི་ཕོ་བྲང་པོ་ཏ་ལའི་གཟི་བྱིན་དེ་ཉིད་རེད། དེ་ཡི་ཚེ། བྱང་ཐང་གི་ཕང་བའང་། ས་སྲོད་ཀྱི་མུན་པའི་ཡོལ་བས་བསྒྲིབས་ཡོད་ལ། གྲང་རླུང་ཡང་འུར་འུར་ལྡང་གིན་ཡོད་ངེས་མོད། དེར་འདུ་འགོད་བྱེད་བཞིན་པའི་མི་རེ་རེའི་སེམས་ཁོང་དུ།  དྲོད་ཁོལ་ལྡན་པའི་མཆོད་མེ་རྐོང་བུ་གང་རེ་ཡོད་ངེས་ལ། པོ་ཏ་ལ་ཡི་གཟི་བྱིན་དེའང་ཡིད་ཀྱི་གཏིང་དུ་མར་མེའི་འོད་བཞིན་ནམ་ཡང་འབར་ཡོད་པས། གང་དུ་སོང་ཡང་ཁ་ཕྱོགས་ཡོད་ལ། གང་དུ་གནས་ཀྱང་གདེང་དང་སྤོབས་པ་ཞིག་ཀྱང་གཏན་ནས་གཏན་དུ་ཡོད་ངེས་རེད། སྐབས་དེར། ཡིད་ལ་སྤོབས་པ་ཞིག་དང་རྒྱུན་ཐག་གཅིག་གིས་སྦྲེལ་བས། ང་དང་བྱང་ཐང་དེ་འདྲའི་ཐག་རིང་ཞིག་ཀྱང་གཏན་ནས་མ་རེད་ཨང་།
        ཧ་བཏབ་པ་ལྟ་བུ་སྐད་ཅིག་ཉིད་དུ་རང་ཡུལ་དུ་འགྲོ་བའི་དངོས་པོ་ནི། སྒོ་ལྔའི་དབང་དུ་སོང་བ་དེ་དག་ཡིན། ཡང་གཏན་ནས་གཏན་དུ་སེམས་ཀྱི་གཏིང་དུ་རྩ་བ་ཚུགས་ཤིང་། ཕྱིས་སུ་ལོ་འདབ་རྒྱས་པའི་ཆོས་ཀྱང་ཡོད་ངེས་རེད། དེ་ནི་ཡིད་ཀྱི་མྱོང་རྟོགས་ཐོག་ནས་བྱུང་བ་ཤ་སྟག་གོ། དུས་ཀྱི་འཁོར་ལོ་བར་མེད་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད་ནའང་། ཡུལ་གྱི་བར་སྟོང་འདི་ནས་དེ་རུ་གྲངས་མེད་འཕོ་བཞིན་ཡོད་ནའང་། ཡིད་ཀྱི་སྲད་བུ་གཅིག་ཏུ་སྦྲེལ་ན་དེ་ལ་ཆོད་ཐབས་ག་ལ་ཡོད། ཡིད་ཀྱི་སྲད་བུ་དེ་ཉིད་ཀྱང་། རིག་གནས་ཐུན་མོང་ཞིག་གི་ཐོག་ཏུ་ཚུགས་པ་བདེན་ངེས་པས། ཕེབས་ཤོག་དང་། རིག་གནས་ཞེས་པའི་གར་སྟེགས་ཆེན་པོ་དེ་རུ་ཚང་མས་བྲོ་གར་བསྒྱུར་ལ་ཕེབས་ཤོག་དང་། སྐབས་དེར། བྱང་ཐང་ཇི་འདྲའི་གྲང་རུང་། རུས་པ་ལྕགས་སུ་བསྒྱུར་ནུས་ལ། ལྷ་ས་ཇི་འདྲའི་ཆུང་རུང་། ཡོད་ཚད་ཞུ་བའི་ནུས་པ་ཞིག་ཀྱང་ལྡན་ངེས་རེད།
        ཨ་མྱེས་ཚོས་བླངས་མྱོང་བའི་རྫི་གླུ་སྙན་མོ། བྱང་ཐང་གི་མཁའ་དབྱིངས་སུ་སྔར་བཞིན་གྲག་གིན་འདུག
        ཨ་མྱེས་ཚོས་དཔར་མྱོང་བའི་རྐང་བའི་རྗེས་ཤུལ། བྱང་ཐང་གི་སྤང་ལྗོངས་གསེབ་ན་སྔར་བཞིན་ཟབ།
        ཨ་མྱེས་ཚོ་དེ་ལྟར་རྒྱང་རིང་དུ་སོང་ནའང་། ཁོང་ཚོའི་སྙིང་སྟོབས་སྔར་བཞིན་ང་ཚོའི་སྙིང་ཁོང་ན་ལྷོག་ལྷོག་ཏུ་ལྡིང་།
        ཨ་མྱེས་ཚོས་ད་དུང་རྒྱང་རིང་རྒྱང་རིང་ཞིག་ནས། རེ་བའི་མིག་ཟུང་ཀེམ་ཀེམ་དུ་གཡོ་བཞིན། སྒྲ་འཛིན་གྱི་རྣ་གཤོག་ལག་པས་བཀུག་སྟེ། འཛུམ་མདངས་ཤིག་ལ་སྒུག་བཞིན་འདུག རྒྱལ་རྔ་ཞིག་ལ་ཉན་བཞིན་མཆིས། གཞན་ཡང……
༢༠༡༧ལོའི་ཟླ༩བའི་ཚེས༡༠ལ་གྲུབ།
༢༠༡༧ལོའི་ཟླ༡༢པའི་ཚེས༡༤ཉིན་བཅོས།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།