ཚ་ནག་ཀུན་བཟང་ལགས་ཀྱི་སྙན་ངག
རྩོམ་པ་པོ།:ཚ་ནག་ཀུན་བཟང་།
ཡོང་ཁུངས།:ཁྲི་ཤོར་རྒྱལ་མོ།
དུས་ཚོད།:2022-07-03 20:23:07
ཀློག་གྲངས།:
༄༅། །ང་རྒྱལ་གྱི་གླུ་ནག་པོ་དགུ་ཐུབ།
ཚ་ནག་ཀུན་བཟང་།
ཁ་བའི་རྡུལ་བརྩེགས་སྤོ་མཐོར་བརྩེགས་པའི་རིར།།
སྡེར་ཆགས་གདོང་ལྔས་སྲིད་པ་ལྡིར་བའི་སྒྲར།།
ནགས་ཀྱི་འབའ་ལེས་ཀི་ཅོ་འབྱིན་པའི་དབྱངས།།
འཇིག་རྟེན་བཞད་གད་འཆོར་བའི་རྒྱུ་མིན་ནམ།།
ནམ་མཁའི་ཀ་བའི་ཟོལ་དུ་བརྫུས་པའི་རྫར།།
ཞོལ་ཆེན་ཧུར་སྒྲའི་ལྕེ་དམར་བརྡབ་པའི་དབྱངས།།
ཅེ་སྤྱང་བྱ་རྨྱང་བྱེད་པའི་ལྟེང་ཀ་ལ།།
རྨིག་བཞིས་གོར་མ་རྫུ་བཞིན་མི་འགྲོ་འམ།།
བྱིན་ཆགས་རྫ་གཡམ་འཐབ་པའི་ཀོ་རོན་ན།།
ཐང་དཀར་གཤོག་རྩལ་སྟོབས་ཀྱིས་དྲེགས་པའི་ཚེ།།
བྲག་རྩར་ཐི་བ་འཁུན་པའི་བཟོ་ལྟ་ལ།།
རྗེས་ཆགས་ཕྱི་མིག་ལྟ་བཞིན་མི་འགྲོ་རི།།
བྱིན་ཆགས་ནགས་མའི་གཡུ་ལོ་བཀྲ་བའི་གཞིར།།
སྙེམས་བྲལ་རུ་བཀྲ་ངེར་བའི་རྔམ་ཟིལ་གྱིས།།
བྱབ་ཆུང་རི་བོང་འབྲོ་བའི་ཤ་ཚུགས་ལ།།
སྡེར་བགྲད་འཇིགས་རྔམ་སྟོན་པར་ཅིའི་ཕྱིར་སྔངས།།
མཐའ་བྲལ་འབྱམས་ཀླས་དབྱིངས་ཀྱི་ཕོ་བྲང་དུ།།
རྩལ་ལྡན་གཉིས་སྐྱེས་རྒྱལ་བོའི་མཆེ་སྡེར་གྱིས།།
ཞེ་སྡང་སྨིན་མ་སྡུད་པའི་དུག་ལྡན་ལུས།།
ཉམ་ཐག་ཀླད་ཞོ་ལྡག་ལ་ངལ་དགོས་ཅི།།
མདོག་ངན་ཁྭ་ཏ་ངུ་བའི་མུ་ཅོར་གྱིས།།
མགྲིན་སྙན་ཁུ་བྱུག་སྐད་དང་མ་སྡེབ་པར།།
ལྟས་ངན་ཡུགས་ས་སྨྱོས་པའི་ཨག་འགྱུར་གྱིས།།
ཉིན་སྲིབ་དབྱེན་གྱིས་བསྐོར་ཡང་སྙིང་བོ་ཅི།།
ཀླ་ཀློའི་མཚན་སྨག་འཁྲིགས་པའི་ཁུང་བུ་རུ།།
འུག་པས་གད་མོ་དགོད་པ་བྲིན་ཆེ་ཡང་།།
འཆང་བའི་མདུད་པ་ཞིག་པའི་ཕ་རོལ་ན།།
དག་པའི་ནམ་མཁའ་སྔོ་བ་སུ་ཡིས་ཤེས།།
སྟོང་བའི་ཀ་བ་བཙལ་ནས་མ་རྙེད་པར།།
ཀུན་རྫོབ་ཀ་བའི་གདགས་གཞི་འཚོལ་བ་ཡི།།
སྨྱོན་པ་ཐམས་ཅད་སྨྱོན་པའི་མཐར་ཐུག་སྟེ།།
རྒྱལ་བོ་སྨྱོས་ཟིན་འབངས་ཀྱང་སྨྱོས་པར་ཟད།།
ང་ཡང་སྨྱོ་འགྱུར་སྨྱོ་བཞིན་སྨྱོས་པ་སྟེ།།
ནམ་མཁར་སྐས་འཛུགས་གཡུང་དྲུང་ཕབ་པ་དང་།།
ང་རྒྱལ་དྲེགས་པས་ཇུ་ཐིག་ཕབ་པའི་མུར།།
འཇིག་རྟེན་འགྱུར་ཡང་གཅིག་པུར་འཚོ་བ་ཉིད།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།