ས་དཀྱིལ་ཚེ་བཀྲའི་སྙན་ངག

རྩོམ་པ་པོ།:ས་དཀྱིལ་ཚེ་བཀྲ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-06-03 21:13:32 ཀློག་གྲངས།:
གསེར་གྱི་གཤོག་པ།
ས་དཀྱིལ་ཚེ་བཀྲ།

གསེར་གྱི་གཤོག་པ།  དངུལ་གྱི་གཤོག་པ།
གཤོག་པ་དབྱིངས་སུ་བརྐྱངས་པའི་གཅེས་ཕྲུག་ཚོ།
ཕུགས་འདུན་རྒྱང་དུ་གཏད་པའི་གཅེས་ཕྲུག་ཚོ།
ས་ཆེན་དང་ནམ་མཁའ་རིག་པས་བརྒལ་ནས་ཕུར་ཅིག
མེས་པོ་དང་ཕ་ཡུལ་རུམ་དུ་སྦས་ནས་བཞུད་ཅིག

ཁྱོད་ཚོ་ནི་རིགས་རྒྱུད་ཅིག་གི་བླ་སྲོག་ལ།
ཡང་ཡང་འབོད་སྐད་དང་ལམ་སྣ་དྲངས་མཁན་ཏེ།
ཁྱོད་ཚོ་ནི་ས་ཆེན་གྱི་ངོ་མཚར་དང་འོད་སྣང་ཡིན།
ཁྱོད་ཚོ་ནི་ཕ་ཡུལ་གྱི་ས་གཞི་དང་ནམ་མཁའ་ཡིན།
ཁྱོད་ཚོ་ནི་ཕ་མ་ཡི་མིག་ཟུང་དང་སྙིང་ཆུང་ཡིན།
ཁྱོད་ཚོ་ནི་དགེ་རྒན་གྱི་འཛུམ་མདངས་དང་རེ་བ་ཡིན།

ཁྱོད་ཚོའི་ལང་ཚོའི་མེ་ཏོག་གི་ཟིལ་བ་ཤམ་ཤམ།
ཕ་མ་དང་དགེ་རྒན་གྱི་སེམས་ན་ཟགས།
ཁྱོད་ཚོའི་ཕུགས་འདུན་གྱི་བཞུད་ལམ་རིང་མོ་ཡང་།
ཕ་མ་དང་དགེ་རྒན་གྱི་སེམས་སུ་མངོན།
ཁྱོད་ཚོ་ནི་ཕ་མ་དང་དགེ་རྒན་གྱི་ཡིད་ཆེས་དང་སྤོབས་པ་ཡིན་ལ།
ལ་རྒྱ་དང་རེ་སྨོན་སྟོང་ཕྲག་གི་ས་བོན་ཡིན།

ཁོ་བོ་ནི་དྲོད་འཇམ་གྱི་ཉི་མ་དེ་ཡིན་ན།
ཁྱོད་ཚོ་ནི་རེ་བའི་མྱུ་གུ་དེ་ཡིན་སྲིད་པས།
ཁྱོད་ཚོས་ཉི་འོད་ཀྱི་དྲོད་སྐྱིད་བསྣམས་ནས་མི་ཡུལ་ལ་མཛེས་སྡུག་བསྐྲུན་ཆོག
ཁོ་བོ་ནི་མཐའ་མེད་པའི་ནམ་མཁའ་དེ་ཡིན་ན།
ཁྱོད་ཚོ་ནི་རང་དབང་ལྡན་པའི་གཤོག་པ་དེ་ཡིན་པས།
ཁྱོད་ཚོས་ཤེས་བྱའི་མཁའ་དབྱིངས་ནས་ས་མཐའི་རྒྱལ་ཁམས་འགྲིམ་ཆོག

གལ་ཏེ་ཁོ་བོ་རླུང་བུ་བསིལ་བསིལ་དེ་ཡིན་ན།
གལ་ཏེ་ཁོ་བོ་རིག་པའི་སྒྲོན་མེ་དེ་ཡིན་ན།
གལ་ཏེ་ཁོ་བོ……

ཕུགས་འདུན་དང་དངོས་ཡོད་ཀྱི་མདུན་དུ།
ཁྱོད་ཚོའི་རྒྱང་རིང་གི་ལམ་བུ་འོད་དུ་འཚེར།
འབད་བརྩོན་ཐེངས་རེ་རེར་གྲུབ་འབྲས་ཡོད་མི་སྲིད་ཀྱང་།
གྲུབ་འབྲས་ཐེངས་རེ་རེར་ངེས་པར་དུ་མཐོང་ཆེན་བྱ་དགོས།
འདི་ནི་འདྲ་མཉམ་མིན་ཞིང་ལྡོག་ཐབས་མེད་པའི་བརྗོད་གཞི་ཞིག་ཡིན།

དགེ་རྒན་ངའི་ཁྲག་རྩའི་སྦུབས་སུ་ཁྱོད་ཅག་གི་ཕུགས་འདུན་འཕྱོ།
དགེ་རྒན་ངའི་རུས་པའི་གསེང་དུ་ཁྱོད་ཅག་གི་མ་འོངས་སྦྲུམ།
དགེ་རྒན་ངའི་སྙིང་གི་འཕར་ལྡིང་ལས།
ཁྱོད་ཅག་གི་ལང་ཚོ་རི་མོར་བྲིས་ཤིང་མངོན།
ང་ཡི་སྙིང་ཉེ་བའི་གཅེས་ཕྲུག་ཚོ།

ནམ་རྒྱུན་དཔེ་ཆ་བླུ་བ་ནི་དོན་ལ་ཤེས་རབ་ཉོ་བ་དང་མཚུངས་པས།
ཁྱོད་ཚོས་རྒྱུན་དུ་དཔེ་ཁང་དང་དཔེ་ཆར་དོ་སྣང་ཡོད་པར་ཞུ།
དམིགས་འབེན་དང་ཕུགས་བསམ་ཇི་ཙམ་མཐོ་བ་དེ་ཙམ་གྱིས།
དེ་ཉིད་ཀྱི་རིག་སྟོབས་དང་ཤེས་ཡོན་འཕེལ་བ་དེ་ཙམ་མྱུར།

མི་ཚེ་ནི་འགྲུལ་བཞུད་ཀྱི་ཡུལ་སྐོར་ཐེངས་ཤིག་སྟེ།
ཁྱོད་ཚོས་སྐྱིད་སྡུག་འདྲེས་མའི་དཀའ་ངལ་ཇི་ལྟར་མྱངས་ན།
ད་གཟོད་རང་གིས་མྱོང་པའི་དཀའ་སྡུག་ཡོད་ཚད།
མཛེས་སྡུག་ལྡན་པའི་ཕྱེ་ལེབ་ཏུ་འགྱུར་པ་རྟོགས་སྲིད།

འགྱོད་པ་ནི་སྙིང་སྟོབས་ཟད་པའི་སེམས་ཁམས་ཤིག་ཡིན།
འགྱོད་པ་ནི་གྱོང་གུད་ལས་གྱོང་གུད་ཆེ་བ་དང་།
ནོར་འཁྲུལ་ལས་ནོར་འཁྲུལ་ཆེ་བ་ཞིག་ཡིན་ན།
ང་ཚོས་མ་འོངས་པར་འགྱོད་སྲིད་པའི་སྙིང་རྩ་དམ་དུ་བསྡམས་དགོས།

ནམ་མཁའི་སྐར་རྒྱན་ང་ཚོའི་ཕུགས་འདུན་བཞིན།
ཟེར་འོད་ལམ་ལམ་དུ་འཚེར་ཞིང་།
ཉི་ཟླ་ཕན་ཚུན་འགྲན་ནས་འོད་ཟེར་འཕྲོ།
དགུ་ཚིགས་ཀྱི་མེ་ལོང་ནང་དུ་འཆར་བ་ཡོད་ཚད།
ལོ་ཟླའི་འཆར་ནུབ་དང་ས་གཞིའི་རྒྱབ་གཟུགས་ཉིད་དེ།
དུས་ཚོད་ཀྱིས་ང་ཚོ་མདུན་ནས་མདུན་དུ་ཁྲིད།

ཕ་ཡུལ་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་དུ།
ཁྱོད་ཚོས་བོད་སྐད་བཤད་ནས་ནུས་པ་འདོན་དགོས།
མེས་པོའི་རྐང་རྗེས་གསལ་བའི་བདེན་པའི་ཆེད་དུ།
ཁྱོད་ཚོས་བོད་ཡིག་སྦྱང་ནས་འཚར་སྐྱེད་འབྱུང་དགོས།
རྩོམ་རིག་ནི་སྤྱི་ཚོགས་ཀྱི་མཚོན་བྱེད་དེ།
སྐད་ཆ་ནི་མིའི་རིགས་ཀྱི་མཚོན་བྱེད་དང་།
ཡི་གེ་ནི་ཤེས་རིག་གི་མཚོན་བྱེད་ལགས་ན།
ཁྱོད་ཚོ་ནི་མི་རིགས་ཀྱི་མ་འོངས་པའི་བླ་སྲོག་ཉིད་དུ་མཐོང་།

གཅེས་ཕྲུག་ཚོ།
ཁྱོད་ཚོའི་རིག་པའི་སྒོ་མོ་འབྱེད་པའི་ལྡེ་མིག་དེ་ཁོ་བོ་ཡིན་ལ།
ཁྱོད་ཚོའི་ཆེས་ཐོག་མའི་བསམ་གཞིག་གི་གླུ་ངག་དབྱངས་སུ་གྱེར་མཁན་ཀྱང་ཁོ་བོ་ཡིན།
ཁྱོད་ཚོ་མཛེས་སྡུག་གི་མཚམས་སྤྲིན་ཀློང་ནས་ཉི་གཞོན་ལྟར་འཕགས་ཤོག
ཁྱོད་ཚོ་རི་ཚོགས་ཀྱི་ལུང་པ་འདི་ནས་མེ་ཏོག་བཞིན་བཞད་ཅིག
ཁྱོད་ཚོ་མུན་ནག་གི་མཚན་མོའི་ཀློང་ནས་སྐར་འོད་བཞིན་འཚེར་ཤོག
ཕ་མའི་སེམས་ཁོང་དུ་སྦས་པའི་དྲོད་ཐིག་ཁྱོད་ཚོ་ཡིན།
ཁོ་བོའི་རེ་བཞག་ཏུ་སྦྲུམ་པའི་གསེར་གཤོག་ཁྱོད་ཚོ་ཡིན།

ཁྱོད་ཚོ་ནི་ལོ་རྒྱུས་ཤིག་ཡིན། ཁྱོད་ཚོ་ནི་ཚོད་ལྟ་ཞིག་ཡིན།
འོན་ཀྱང་། ལོ་རྒྱུས་དང་འཚར་ལོངས་ལ་ཚོད་ལྟ་ཞིག་ཡོད་མི་སྲིད།
ཁྱོད་ཚོ་ནམ་མཁའ་དང་བྱེའུ་ཆུང་ཡིན་པས།
ནམ་མཁའི་རྒྱ་ཁྱོན་གཤོག་པས་གཞལ་ཆོག
ཁྱོད་ཚོ་ས་ཆེན་དང་ལྗང་མྱུག་ཡིན་པས།
ས་ཆེན་གྱི་བྲང་གཞུང་རིག་པས་བརྒལ་ཆོག

དུས་ཚོད་ནི་སྙིང་གི་འཕར་ལྡིང་ཁྲོད་ན་འཛར།
ལང་ཚོ་ནི་ཕ་མའི་རེ་བའི་ཁྲོད་ན་འཚར།
མི་ཚེ་ནི་རྐང་བའི་གོམ་སྒྲའི་བར་ན་ཟད།
དུས་ཚོད་དང་། ལང་ཚོ། མི་ཚེ་ནི།
ང་ཚོའི་ནང་སེམས་ཀྱི་རུས་རྐང་ལ་བསྒྲོན་པའི་བརྩེ་བ་ཡིན།
བརྩེ་བ་དེའི་ཟབ་སར་སྦས་པའི་ལོ་ཟླ་ཡིན།

ཁྱོད་ཚོ་ནི་ཁོ་བོའི་སྙན་ངག་དང་འདྲ་བས།
ཁྱོད་ཚོ་ནི་ཁོ་བོའི་སྙིང་གི་ནོར་བུ་ཡིན།
སྙིང་གི་ནོར་བུ།  སེམས་ཀྱི་གཤོག་པ།
རིག་པའི་ཐང་ཆེན་དང་ཤེས་བྱའི་མཁའ་དབྱིངས་སུ།
གསེར་གྱི་གཤོག་པ་བརྐྱངས་ནས་ཕུར་ཅིག

ཁོ་བོས་ཁྱོད་ཚོར་རེ་བ་མཐོན་པོ་བཅངས་ཡོད།
དེ་ནི་གནའ་བོའི་རུས་མཛོད་ནང་དུ།
ང་ཚོ་གདོང་རྒྱུད་གཅིག་ལས་མཆེད་པས་མིན་ལ།
ང་ཚོ་སློབ་ཁང་གཅིག་ཏུ་འཛོམས་པ་ཁོ་ནས་ཀྱང་མིན།
དེ་ནི་གསེར་འོད་བཀྲ་ཞིང་མི་སེམས་བཟི་བའི་དྲོད་ཁོལ་ཞིག་གམ།
མེས་པོའི་ཁྲག་རྒྱུན་ང་ཚོའི་ལུས་སྟེང་དུ་རྒྱུ་བ་ཁོ་ནས་མིན་ལ།
དེ་ནི་བོད་ཡིག་ཟེར་བའི་ཐ་སྙད་ཅིག་གིས།
ང་ཚོའི་རུས་པ་དང་རྣམ་ཤེས་གཞི་གཅིག་ཏུ་སྦྲེལ་བས་ཀྱང་མིན།

ལོ་ན་སོན་རྗེས།
ཁྱོད་ཚོས་ཚོར་བའི་དབྱིངས་སུ་ཐིམ་པའི་གླུ་ངག་གྱེར་སྲིད་ན།
རུས་པའི་རྐང་ལ་སིམ་པའི་སྙན་ཚིག་འབྲི་སྲིད་ན།
བརྩེ་བའི་སྲོག་ལ་བརྒྱུས་པའི་བདེན་པ་སྐྱོང་སྲིད་ན།

རི་སྒང་གི་དར་ལྕོག་ལྷབ་ལྷུབ་རླུང་ལ་བརྡར་བ་ཁྱོད་ཚོའི་བརྩོན་སེམས་ཡིན།
རི་ཞོལ་གྱི་ཆུ་མོ་ཤང་ཤང་རྒྱང་དུ་བཞུད་པ་ཁྱོད་ཚོའི་ཕུགས་འདུན་ཡིན།
རྩྭ་ཐང་གི་མེ་ཏོག་མཛེས་མཛེས་འཛུམ་ཁ་བཞད་པ་ཁྱོད་ཚོའི་ལང་ཚོ་ཡིན།

ཁྱོད་ཚོ་དཔྱིད་ཀྱི་མྱུ་གུ་ལྟ་བུའི་སྐྱེས་སྟོབས་ཡིན།
ཁྱོད་ཚོ་དབྱར་གྱི་མེ་ཏོག་ལྟ་བུའི་མཛེས་སྡུག་ཡིན།
ཁྱོད་ཚོ་སྟོན་གྱི་འབྲས་བུ་ལྟ་བུའི་རེ་བ་ཡིན།
ཁྱོད་ཚོ་དགུན་གྱི་ཁ་བ་ལྟ་བུའི་དྭངས་གཙང་ཡིན།

གསེར་གྱི་གཤོག་པ།  དངུལ་གྱི་གཤོག་པ།
གཤོག་པ་དབྱིངས་སུ་བརྐྱངས་པའི་གཅེས་ཕྲུག་ཚོ།
ཕུགས་འདུན་རྒྱང་དུ་གཏད་པའི་གཅེས་ཕྲུག་ཚོ།
ས་ཆེན་དང་ནམ་མཁའ་རིག་པས་བརྒལ་ནས་ཕུར་ཅིག
མེས་པོ་དང་ཕ་ཡུལ་རུམ་དུ་སྦས་ནས་བཞུད་ཅིག
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།