གནུབས་རྒྱལ་མཚན་གྱི་སྙན་ངག
རྩོམ་པ་པོ།:གནུབས་རྒྱལ་མཚན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2022-06-02 09:43:46
ཀློག་གྲངས།:
༄༅། །དབྱངས་གསལ་ལ་བརྒྱུས་པའི་བརྩེ་བའི་ཡིག་འབྲུ་སུམ་ཅུ།
གནུབས་རྒྱལ་མཚན།
གསེར་མཚོ།
ས་མ་རུབ་པའི་སྔ་རོལ་ཏུ།
ཁྱོད་ཀྱིས་གོམས་སྟབས་བསྒྱུར་བའི་ཐུ་སྣེ་མིག་ལམ་དུ་ཐོགས་ཡོང་།
ཅི་འདྲའི་ཡི་གར་འོང་།
ལོ་ཟླ་འདི་ཅི་འདྲའི་མགྱོགས་པ་ལ།
ཁ་དོག་མི་འདྲ་བའི་ཡུལ་ལྗོངས་བཞི་བརྗེས་ཟིན།
ད་ནི་དགུན་ཟླར་སླེབས་པས་སྡོང་མགོའི་བྱིའུས་ཀྱང་།
གཞིས་ཆགས་སའི་ཚང་མལ་ཞིག་བཅའ་བཞིན་འདུག
དགུན་ཟླ་འདིར་འདང་ཐག་ཆོད་ཀྱི་ཁ་ཟས་ཀྱང་སྒྲིག་ཚར་ཡོད།
ངག་སྒྲོས་ལས་དལ་གྱིས་བབས་པའི་སྙིང་གཏམ་དེ་དག
མི་ཚེའི་ཕྲ་རྒྱུན་དུ་བཏབས་པས།
མཛེས་སྡུག་གི་རྩྭ་ཐང་མེ་ཏོག་གི་རྒྱ་ཕིབས་ཀྱིས་ཁེབས།
སྐར་ཚོགས་ཁྲ་ཆིལ་ལེར་བཀྲ་བའི་དགུན་གཞུང་དེར།
སེམས་པ་ལྷན་དུ་བསྲེས་ཏེ་ནམ་མཁའི་སྐར་མ་རུམ་དུ་བླངས་པ།
ནམ་ཡང་བརྗེད་ག་ལ་སྲིད།
གནམ་ས་ཡུག་གཅིག་ཏུ་འདྲེས་མདོ་ན།
ཆུ་མོ་བཞིན་ཤང་ཤང་བཞུར་བའི་ཕྱི་ཐག་རིང་བ།
ཁྲེལ་གཞུང་གིས་གཉོར་བའི།
དམ་ཚིག་གིས་བསྐྱངས་པའི།
རྟིང་མའི་མཛའ་མཐུན་སྙིང་ཉེ་བ་དེ།
ཆུང་འདྲིས།
ཨུཏྤལ་གྱི་སྐེ་རྒྱན་ལྟ་བུའི།
བྱུར་དམར་གྱི་འཁྲི་ཤིང་ལྟ་བུའི།
སུས་ཀྱང་ཞེ་ལ་ཐོགས་པའི་ལྷ་མོ།
བརྩེ་བའི་བྱིན་མཐུ་ཟབ་མོ།
འཇིག་རྟེན་གྱི་དཔལ་དུ་འཕོས་བྱུང་།
སྐད་ཆས་མཚོན་དུ་མི་ནུས་པ།
བར་ཐག་གི་ས་བཅད་སྟོང་བ་དེ་མ་ཡིན་པར།
ཞེ་འདང་གི་མཚོ་མོ་སྲུང་བའི་འགན་འཁྲི་ལྕི་མོ་དེ་ཡིན།
མིག་ཟུང་སྐར་ཆེན་འདྲ་བའི།
ཁ་འབྲས་བྱུ་རུ་འདྲ་བའི།
མེ་ཏོག་ལུག་མིག་འདྲ་བའི།
བྱད་གཟུགས་སྙིང་ལ་བབས་འོང་།
གཤིས་རྒྱུད་ཡིད་ལ་ཆགས་འོང་།
འཕྱོངས་རྒྱས་ཟླ་བ་འདྲ་བ།
ཡང་དག་པའི་དྲན་པས།
ཁྱོད་ཀྱི་ཕྱི་ནང་ཀུན་ལ་ཡང་ཡང་འཁྱམས་ཉུལ་བྱས་པས།
མི་ཚེ་འདིར་ངས་གཏན་དུ་བརྗེད་ཐབས་བྲལ་བ་ནི་ཁྱོད་ཀྱི་བབ་ཆགས་པའི་གཤིས་རྒྱུད་རེད།
བདག་སེམས་སྐྱེད་མོའི་ཚལ་ན་སེངྒེ་རྨས་མ་ཞིག
སེངྒེ་དེའི་གཡུ་རལ་ལ་དྲན་པའི་ཟིལ་བ་ཆགས་འདུག
མི་ཞིག་མི་ཞིག་ལ་དགའ་བའི་གོ་རིམ་གྱི་བར་ཙམ་ནའང་།
ཡིད་དུ་འོང་བའི་མཚར་སྡུག་གི་མཛེས་ཉམས་རེ་རེ་འདུག
མིག་མདངས་ཀྱི་སྐད་ཆ།
གནས་བབ་ཀྱི་ལམ་འཕྲད།
འཕྱོར་ཉམས་ཀྱི་འགུག་ཤུགས།
ས་སྲོད་འདིར།
བདག་གིས་ཚམ་ཚོམ་མེད་པར།
ཕ་ཡུལ་ན་བཞད་པའི་མེ་ཏོག་ཅིག་དྲན་ཡོང་།
ཡང་ནས་ཡང་དུ།
སེམས་ཀྱི་འཕལ་ག་འཕྲོད་པས།
བུང་བ་མེ་ཏོག་འཁོར་སོང་།
མེ་ཏོག་བུང་བར་འཁྱུད་སོང་།
མགྲིན་གླུ་དར་དིར་འཐེན་པ།
ཡིད་ཀྱི་གླིང་ལ་ཁྱབ་སོང་།
ཉི་ནུབ་འདིར།
བདག་གིས་ཡང་ཡང་རྒྱང་རིང་ལ་ཅེར་དོན།
ཉི་འོད་ཁྱོད་རང་ཇི་བཞིན་རྒྱང་རིང་དུ་བཞུད་འགྲོ་བར།
སེམས་ཁྲལ་གྱི་འདུན་པ་ལྷག་མ་ཞིག་སྐྱེས་ཡོང་བས་ཡིན།
མཚོན་ཐབས་བྲལ་ནའང་།
བདག་གིས་ཐ་སྙད་ཀྱི་ཡིག་ཚོགས་སྒྲིག་ཏེ།
འཇིག་རྟེན་ཧྲིལ་བོར་ཡི་གེའི་མཆོད་པ་བཤམས་སྟོན་བྱ་འདོད།
དེ་ལྟ་ནའང་།
མཚོན་མི་ཐུབ་པའི་ཁྱོད་ཀྱི་བརྩེ་དུངས་རེ་རེ་ཇི་ལྟར་གསེད་བཀྲོལ་གཏོང་བར་བསམ་གཞིག་གི་གཏིང་མར་ཚུད་ཐབས་དཀའ།
དོ་ནུབ། སྐར་ཚོཊ་ཀྱི་མེ་ཕུང་སྒེའུ་ཡོལ་བརྒྱུད་དེ་སྔས་མགོར་འཕོས་པས།
གཉིད་མལ་ལས་དཀྲོགས་བྱུང་།
མགོ་བོ་དགྱེས་ཏེ་མཁའ་རུ་བལྟས་པའི་ཚེ།
སྐར་མ་བརྩི་འདོད་ཀྱི་ཡི་ག་འགོག་མེད་བྱུང་།
ཅི་ལྟར་བརྩིས་ནའང་།
ཆུང་དུས་འུ་གཉིས་ཀས་བརྩིས་པའི་གྲངས་ཀ་དེ་དང་གཏན་ནས་མི་ཐུག
ཡང་ཡང་བརྩིས་མཐར།
སྐར་མ་རྡོག་གཅིག་མི་ཚང་།
དེ་ནི་རྒྱང་དུ་གྱེས་པའི་ཁྱོད་རང་རེད།
ངས་དྲན་པ་མཐའ་དག་ལོ་ཟླའི་སྒྲོམ་བུར་བཅུག་ཏེ།
རླབས་རྒྱུན་ཆད་པ་མེད་པའི་གཙང་བོའི་བཞུར་དབྱངས་སུ་བསྐུར་ཡོད།
ཐ་སྙད་ཀྱི་སྒྲིག་གཞི་རེ་རེར་ཤོང་ཐུབ་དཀའ་བའི་ལོ་ཟླའི་མིག་ཆུ་དེའང་།
གཞི་གཅིག་ཏུ་འདྲེས་པའི་ཆུ་བོར་འཐིམས་ནས་ཁྱོད་སར་བཞུར་ཡོད།
སྙིང་ཉེ།
འུ་གཉིས་ཀས་འཇིག་རྟེན་གཅིག་ནས་ནམ་མཁའ་མི་འདྲ་བ་གཉིས།
ལུས་ཀྱི་གྱོན་གོས་སུ་བསྣམས་དགོས་བྱུང་ནའང་།
འུ་གཉིས་ཀའི་སེམས་པ་ནམ་ཡང་ངོ་བོ་དབྱེར་མེད་དུ་གནས་ཡོད་ཕྱིན།
བར་ཐག་ནི་དྲན་པ་གཙང་བའི་མེ་ལོང་གསལ་བོ་དེ་ཡིན།
ཆུང་འདྲིས།
ད་ལྟ། འུ་གཉིས་འཁྱུག་ཙམ་ཐུག་པའི་དུས་ཚོད་ཙམ་ཡང་མ་ཡོད་ཀྱང་།
ངའི་ཐོག་མའི་བརྩེ་དུང་གི་ས་བོན་འདེབས་མཁན་ཁྱོད་ཡིན་པས།
ལོ་ཟླ་ཅི་ཙམ་འདས་ཀྱང་།
ངས་ཉིན་གཅིག་ལའང་ཁྱོད་རང་བརྗེད་མྱོང་མེད་ལ།
རྟག་ཏུ་དྲན་སླ་བ་ཁྱོད་རེད།
གྲགས་འཛིན་མས་རྒྱལ་བུ་དོན་གྲུབ་དྲན་ནས་མིག་ཆུ་ཕུད་མྱོང་བ་ཇི་བཞིན།
ནག་མོ་ཁོལ་གྱིས་མཛའ་མོ་དཔྱིད་ལྡན་མ་དྲན་ནས་གདུང་བས་མནར་ཏེ་སྙན་ངག་འབྲི་མྱོང་བ་ནང་བཞིན།
བདག་གིས་ཆུང་འདྲིས་ཀྱི་ཁྱོད་རང་དྲན་ཏེ་མིག་ཆུས་ནང་སེམས་སྦང་མྱོང་།
འཁྱག་སོབ་སོབ་ཀྱི་དགུན་ཟླ་རྟག་པར་ཚེས་བྱུང་།
ཕ་ཡུལ་དུ་འབྱོར་མ་ཐག
ཧ་ཅང་སྙིང་ཉེ་ངང་དྲན་ཡོང་བ་ནི།
ཆུང་དུས་སུ་འུ་གཉིས་འདྲེས་སའི་རྡོ་བའི་རྩེད་ར་རེད།
ཞིབ་ཚགས་དང་གཟབ་ནན་གྱི་ཆ་དེ་འདྲ་མེད་ཀྱང་།
བརྩེ་བ་དང་ཞེ་འདང་རུམ་པའི་གནས་མལ་དེ་བརྗེད་ཐབས་མི་འདུག
ཟླ་འོད་ལ་བལྟས་ནས་ཁོག་འདར་རྒྱག་པའི་ང་རང་།
མིག་ཆུ་འཁྱག་པོ་ཞིག་གིས་ལུས་ཧྲིལ་པོ་སྦངས་ཚར་འདུག
མེ་སྟག་སེན་མགོ་ཙམ་ཡང་བསྲོ་ས་མི་རྙེད་པའི་དོ་ནུབ།
ཡང་ཡང་དྲན་འོང་བ་ཁྱོད་ཀྱི་དཀར་འཇམ་གྱི་ནེམ་པ་མངོན་ཞིང་།
དྲོད་གཤེར་གྱི་བརླན་བག་བསྣམས་པའི་རུམ་ཁ་དྲོན་མོ་རེད།
ཞེ་འདང་གི་མཚོ་མོ་མ་དཀྲུགས་པས་འཐུས།
དམ་ཚིག་གི་མདུད་རྒྱ་མ་གྲོལ་བས་ཆོག
བརྩེ་དུང་གི་ཀོ་གྲུ་བརྟན་པས་ཚིམ།
མདོར་ན།
ཁྱོད་ཡོད་པས་ང་ལ་བདེ་སྐྱིད་ཡོད།
ཁྱོད་ཡོད་པས་ང་ལ་གསོན་ཤུགས་ཡོད།
ཁྱོད་ཡོད་པས་ང་ལ་སྙེམས་པའི་གཟི་དཔལ་ཡོད།
ངས་ཡང་ཡང་དཔྱད་ཞིབ་བྱས་པའི་དབང་དུ་བཏང་ནའང་།
འུ་གཉིས་ལ་མི་མཛའ་བའི་ཆ་ཅི་ཡང་མི་འདུག་མོད།
ལས་དབང་གིས་ཕྱོགས་སུ་གྱེས་པའི་ལྟེང་ཀ་ཇི་བཞིན།
མཐོ་བ་གནམ་དང་དམའ་བ་ས་རུ།
བྱ་དང་འབུའི་ཐོབ་སྐལ་གཉེར་དུ་བཅུག
སྟོན་མཇུག་གི་རླུང་བུས་ལོ་མ་དག་རྒུམ་ཏེ་ཁྱེར།
མུ་མཐའ་མེད་པའི་རྒྱང་རིང་ལ་འགྲོ་རྒྱུར་བྲེལ་གྱིན་འདུག
བདག་ཡིད་འདར་བ་ཆུ་ནང་ཟླ་བ་བཞིན།
ཁུར་ཏེ་རྒྱང་དུ་མི་བཞུད།
བསྡད་དེ་བརྟན་པོར་ཡང་མི་གནས།
དེ་ཡང་དོན་གྱིས་དྲན་པས་སྒུལ་ཤུགས་ཀྱིས་གཡོ་བ་མཚུངས།
འུ་གཉིས་ཁ་གཏད་དུ་འགྲེང་སྟེ་ཅི་ཡང་བཤད་ཆོག་པའི་དུས་ཚིགས་ཤིག་མེད་ན་ཡང་།
ལོ་རེའི་ལོ་སར་རྗེས་ཀྱི་མཚན་ཐུན་གཉིས་འུ་གཉིས་གཅིག་པུར་ཡུན་རིང་བོར་དབང་བས།
ཁྱོད་ཀྱི་ཤ་གསེང་རུས་གསེང་ན་འཁྱིལ་བའི་བརྩེ་འདང་གི་དྲོད་ཐིག་རེ་རེ།
འཇགས་པ་མེད་པར་སྙིང་ན་གསོན།
ཕ་ཡུལ་དུ་འབྱོར་མ་ཐག་མཐོང་འདོད་པའི་མིག་ཟུང་ཤོར་ས་དེ་ཁྱོད་རེད།
ཕ་ཡུལ་ལས་གྱེས་ཁ་མར་བློས་ཀྱིས་མི་ཐོངས་པའི་ཡིད་སེམས་ཐོགས་ས་དེ་ཁྱོད་རེད།
ཁྱོད་ནི་ལྷ་སྒྲུང་ལས་བྱུང་བའི་ལྷ་ཡི་སྲས་མོ་དབྱངས་ཅན་ལྷ་མོ་དང་།
གླིང་སྒྲུང་གི་སེང་ལྕམ་འབྲུག་མོ་ལྟ་བུ་ཞིག་ལས་ཆགས་འཇོག་ས་གཞན་རྙེད་དུ་མ་བྱུང་།
ཕྱིར་དྲན་གྱི་ནགས་ཀླུང་ལས།
དྲན་པའི་རི་དྭགས་རྨས་པ་ཞིག
དངངས་འདྲོགས་ཀྱི་རྣ་བ་གྱེན་དུ་བརྩེངས་ཏེ།
འཇིག་རྟེན་གྱི་མེ་ལོང་ངོར་ཡང་ཡང་བལྟ་ཞིང་འབྲོ།
ངོ་བོ་གཅིག་ཏུ་འདྲེས་པའི་སེམས་ཀྱི་དཀར་ཡོལ་ནང་འཁྱིལ་བའི།
དྲི་ཞིམ་དང་ཟུངས་བཅུད་ཀྱི་བརྩེ་དུངས་བདུད་རྩི།
དང་བོར་ཁྱོད་ཀྱིས་བསྙལ་ཞིང་ཐོག་མར་ང་ལ་དྲངས་པས།
མི་ཚེ་འདིའི་ངའི་རྙེད་པ་དང་བོ་ཁྱོད་ཀྱི་བྱམས་བརྩེ་དང་།
རྣམ་དག་གི་བརྩེ་དུངས་ཟབ་མོའི་ངང་ཚུལ་ཡིན།
སེམས་པ་དྲོན་པོ་དེར་འཐམ་འཁྱུད་ཐེངས་ཤིག་བྱས་པས།
ངའི་ཕྱི་ནང་ཧྲིལ་བོར་ཡང་།
དྲོད་ལྷང་ལྷང་དུ་བཏང་།
འཇམ་མཉེན་ཕྱག་སོར་ལ་ལག་འཇུ་ལན་གཅིག་གདབས་པས།
ངའི་མི་ཚེ་ཧྲིལ་བོར་ཡང་།
འོད་སྣང་འཚེར་འཚེར་དུ་བཟོས།
མི་ཚེ་ནི་ཆ་འཇོག་མེད་པའི་ནམ་མཁའ་ཞིག་རེད།
ལན་རེར་འཛུམ་གྱི་འོད་སྣང་འཕྲོ་ལ།
སྐབས་རེར་སྐྱོ་གདུང་གི་མིག་ཆར་འཐོར།
དེ་ཡིན་ཡང་།
ངའི་སྐྱིད་སྡུག་གི་གནམ་སའི་ཧྲག་བར་དུ་ཁྱོད་ཡོད་པས།
ངའི་གཡུ་རལ་གྱི་གཟི་ཉམས་ཤོར་མི་དགོས་པར།
ཟིལ་ཤུགས་ཀྱི་གད་རྒྱང་སྒྲོག་ལ་དཔའ་ཞུམ་མི་དགོས།
གྱེས་བྲལ་གྱིས་མཐའ་མཚམས་གཉིས་སུ་སྤྲད།
བར་ཐག་གིས་ཤར་ནུབ་གཡས་གཡོན་དུ་དེད།
ང་རང་མགོ་ལོག་ན། ཁྱོད་རང་པེ་ཅིང་ན།
ཁྱོད་རང་མགོ་ལོག་ན། ང་རང་ཁྲིན་ཏུའུ་ན།
ང་ཕ་ཡུལ་ལ་འབྱོར་རྗེས། ཁྱོད་རང་ཕ་ཡུལ་ལ་གྱེས་དགོས་བྱུང་འདུག
ཁྱོད་ཕ་ཡུལ་དུ་འབྱོར་རྗེས། ང་གཞི་ནས་ཕ་ཡུལ་དང་འབྲལ་དགོས་ཐུག་འདུག
2021/11/8ཞོགས་པར་སྤོས་ལྡན་ལྷ་ཡི་གྲོང་ཁྱེར་དུ་བྲིས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།