ར་ས་བསྟན་འཛིན་ཆོས་གྲགས་ཀྱི་ལྷུག་རྩོམ།
རྩོམ་པ་པོ།:ར་ས་བསྟན་འཛིན་ཆོས་གྲགས།
ཡོང་ཁུངས།:༢༠༢༡ལོའི་ལྷོ་ཁའི་རྩོམ་སྒྱུ་དེབ་དང་པོ།
དུས་ཚོད།:2022-05-28 20:43:40
ཀློག་གྲངས།:
འདེམས་གསེས་ཀྱི་ཁྲོད་དུ་སོན་པའི་ལོ་ཟླ།
ར་ས་བསྟན་འཛིན་ཆོས་གྲགས།
ར་ས་བསྟན་འཛིན་ཆོས་གྲགས།
༡
བྱིས་པ་ཞིག་གིས་རང་གི་བློ་དང་འཚམས་པའི་སྐྱེ་བོ་ཞིག་གི་ངོ་གདོང་མཐོང་མ་ཐག དེ་ལ་འཛུམ་མདངས་སྟོན་པ་དང་། རང་གི་བློ་དང་མི་འཚམས་པའི་སྐྱེ་བོ་ཞིག་མཐོང་ན་ཕྲལ་མར་གཡོལ་བའམ་ཡང་ན་ངུ་སྐད་ལྷང་ལྷང་བྱེད་པ། སློབ་གྲྭ་བ་ཞིག་གིས་ཞོགས་སྔ་ལངས་ཀྱིས་སྐྱོར་སྦྱོང་ལ་བརྩོན་པ་དང་། དགོང་མོ་ཕྱི་པོ་བར་དཔེ་ཀློག་ཁང་གི་གློག་སྒྲོན་འོག་ཏུ་དཔེ་དེབ་ལ་ལྟ་བ། དེ་བཞིན་དར་མ་ཞིག་གིས་ཁྱིམ་ཚང་དང་རང་གི་ལས་གནས་གཉིས་ཀྱི་བར་ལ་ཐེ་ཚོམ་གྱིས་རབ་རིབ་ཀྱི་གློག་སྒྲོན་འོག་ཏུ་ཐ་མག་རྐང་གཅིག་འབྱིན་རྔུབ་བྱེད་བཞིན་བསམ་གཞིག་གི་ཀློང་དུ་ཚུད་པ། བགྲེས་སོང་ཞིག་གིས་མཛུབ་བར་ནས་ཕྲེང་བ་བགྲང་བཞིན་ངག་ནས་མ་ཎི་ཡིག་དྲུག་བཟློ་ཞོར། འཁར་བ་ལ་བརྟེན་ཏེ་ནུབ་ཁའི་ཉི་ཟེར་ལ་ཕྱོགས་ཏེ་ཕྱི་མ་ཞིག་ལ་སྨོན་བཞིན་པའི་ངང་ཚུལ་གང་ལ་བསམས་ནའང་། དེ་ནི་འདེམས་གསེས་ཤིག་གི་ཆེད་དུ་བརྩོན་པ་ཡིན་ལ། མཐར་ཐུག་གི་འབྲས་བུ་འདེམས་གསེས་ཇི་བཞིན་ཡོང་མིན་གང་ལྟར་ཡང་དེ་ནི་འདེམས་གསེས་ཀྱི་བརྒྱུད་རིམ་ཞིག་རེད།
འདེམས་གསེས་དེ་ནི་ཡུལ་ཅན་གང་ཟག་རང་དབང་བ་ཞིག་ཡིན་པའི་མཚོན་བྱེད་དུ་བརྩི་ཆོག་ལ། ཡུལ་ཅན་གང་ཟག་དེ་རང་བྱུང་ཁམས་ལ་བསྟུན་ནས་འཚོ་གནས་བྱེད་པའི་གདོད་མའི་རྣམ་པ་ལས་ཐར་ཏེ། ཤེས་རིག་གི་ཕྱོགས་སུ་གོམ་ཁ་སྒྱུར་བའི་མཚོན་བྱེད་ཅིག་ཀྱང་ཡིན།
༢
རྒྱུན་དུ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་ཆོས་འབྱུང་། ཡང་ན་གསུང་རབ་དེ་དག་ལ་ལྟ་བའི་ཚེ། བདག་གི་མེས་པོ་ཚོ་ཡིད་ལ་དབང་མེད་དུ་དྲན་འོང་གིན་འདུགམེས་པོ། ཐ་སྙད་དེ་ནི་དྲན་པའི་ངོས་སུ་ཤིན་ཏུ་སྙིང་ཉེ་བ་ཞིག་དང་། ཡང་ཡུལ་དུས་ཀྱི་ངོས་ནས་ཤིན་ཏུ་རྒྱང་རིང་བ་ཞིག་རེད་ཨང་། ལྷག་པར་དུ་ང་ཚོའི་ལོ་རྒྱུས་ཐོག་ཏུ་མེས་པོ་ཞེས་བརྗོད་ན། འགའ་རེས་མི་ལོ་སུམ་སྟོང་དང་བཞི་སྟོང་། ཡང་ཁྲི་ཕྲག་ལྷག་གི་ལོ་རྒྱུས་ཀྱང་གསུངས་མཁན་ཡོད་མོད། རང་དབང་གི་ངང་ནས་འདེམས་གསེས་དང་ལྡན་པའི་ཤེས་རིག་གི་ཕྱོགས་ནས་བརྗོད་ན། གཙོ་བོ་བཙན་པོའི་ལོ་རྒྱུས་དང་འབྲེལ་ཏེ་བསམ་གཞིག་བྱེད་དགོས་པ་ཞིག་ཏུ་གྲུབ་ངེས་རེད་འདུག་སྙམ་པའི་བསམ་ཚུལ་ཞིག་ངང་གིས་འོང་། གང་ལགས་ཤེ་ན། འདེམས་གསེས་ནི་རང་དབང་བ་ཞིག་དང་། མི་གང་ཟག་གི་རང་རྐྱ་འཕེར་བའི་ནུས་པའི་མཚོན་བྱེད་ཅིག་ཏུ་བརྩིས་ཆོག་པས་རེད།
དུས་རབས་བཞི་པའི་སྐབས། ལྷ་ཐོ་ཐོ་རི་སྙན་ཤལ་གྱི་དུས་སུ་ནམ་མཁའ་ནས་བྱ་བཞིན་འཕུར་ཏེ་ཡོང་བའི་གསུང་རབ་དེ་དག་ལ་གཉན་པོ་གསང་བ་ཞེས་བཏགས་པ་ནས། དུས་རབས་བརྒྱད་པའི་སྐབས། ཁྲི་སྲོང་ལྡེ་བཙན་གྱི་བཀས་བསྐུལ་ཏེ་བསམ་ཡས་སྒྲ་སྒྱུར་གླིང་དུ་གསུང་རབ་མང་པོ་རང་དབང་གིས་ལོ་ཙཱ་བྱས་པ། དེ་ནས་དུས་རབས་བཅུ་གཅིག་ཙམ་གྱི་སྐབས། རས་རྐྱང་གིས་འཚོ་བའི་མི་ལ་རས་པ་ཞེས་པའི་ཆོས་པ་ཞིག་ལ། རི་གྲོང་གི་སྐྱ་སེར་ཀུན་གྱིས་གཙུག་ཏུ་བཀུར་བའི་བར་གྱི་མི་ལོ་བདུན་བརྒྱ་ཙམ་ནི། གསང་བའི་སྒོ་ནས་མཆོད་པ་བྱས་པ་དང་། དེ་ནས་རྒྱལ་ཁང་ནང་དུ་དར་བ། རིམ་བཞིན་དམངས་ཁྲོད་དུ་ཁྱབ་གདལ་སོང་བ་བཅས་རིག་གནས་ཤིག་ལ་འདེམས་གསེས་བྱས་པའི་བརྒྱུད་རིམ་ཞིག་ཅི་ལ་མིན།
འདེམས་གསེས་ནི། དཀའ་ཚེགས་ཀྱིས་བགྲོད་དགོས་པའི་འཕྲང་ལམ་རིང་མོ་ཞིག་རེད་ལ། འདེམས་གསེས་དེ། ལུས་སེམས་གཉིས་ཀ་བརྡབ་བརྡབ་གསིག་གསིག་བགྱིས་པ་ལས་བྱུང་བའི་འབྲས་བུ་ཞིག་ཀྱང་རེད། ད་དུང་། འདེམས་གསེས་ནི་དུས་གསུམ་གྱི་བདེ་སྡུག་དང་འབྲེལ་བའི་སྒམ་ནན་གྱི་བྱ་གཞག་ཅིག་ཀྱང་ངོ་། །
༣
ཡོད་ཚད་ལྷིང་འཇགས་སུ་གྱུར་པའི་མཚན་མོ་མང་པོར། འདེམས་གསེས་ཤིག་གི་ཆེད། ཕོ་བྲང་གི་ཡང་ཐོག་ཏུ་རྒྱལ་པོ་ཞིག་གིས་ཕྱག་གཉིས་རྒྱབ་ཏུ་བསྣོལ་ཞིང་ཕར་ཕེབས་ཚུར་ཕེབས་གནང་གིན། སྐབས་དང་སྐབས་སུ་བསམ་གཞིག་གི་དུད་སྤྲིན་གྱིས་གཏིབས་པའི་དབུ་ཉིད་སྔོ་བསངས་ཀྱི་ནམ་མཁར་གཟིགས་ཐེངས་རེར། མཁའ་ལྟར་ཡངས་པའི་མདུན་ལྗོངས་ཤིག་ལ་བློས་རྟོག་གནང་མྱོང་ཡོད་ངེས་ལ། དབུ་ཉིད་གུག་སྟེ་ས་གཞིའི་ཐོག་ལ་གཟིགས་ཐེངས་རེར། ས་གཞིའི་ལྟོ་བར་གོམ་ཞེང་རེ་རེས་འཇལ་བའི་གོ་རིམ་དེ། ཇི་འདྲའི་དཀའ་ཚེགས་ཅན་ཞིག་ཡིན་པར་དགོངས་བཞེད་ཟབ་མོ་ཡོད་ངེས་རེད།འདེམས་གསེས་ཀྱི་བརྒྱུད་རིམ་ཁྲོད་དུ། བོད་ཀྱི་གཞོན་ནུ་བློ་རྣོ་བ་མང་པོ་ཞིག གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་གར་དུ་སློབ་གཉེར་ལ་མངགས་མོད། མང་པོ་ཞིག་ཚད་པའི་དབང་གིས་རང་གི་ཚེ་སྲོག་ཀྱང་ཤོར། མཐར་ཐོན་མི་ཨ་ནུའི་བུས་དབྱངས་གསལ་གྱི་སྒོ་མོ་ཕྱེས་པ་དང་། ཀཱ་མ་ལ་ཤི་ལ། སྒྲ་སྒྱུར་གླིང་དུ་མཁལ་མ་མཉེས་པས་གྲོངས་སོང་ལ། རལ་པ་ཅན། སུས་ཀྱང་རེག་པར་མི་ཕོད་པའི་མགུལ་ཡང་གཅུས་ཏེ་བཀྲོངས་སོང་ཟེར། ད་དུང་། འདེམས་གསེས་ཤིག་གི་ཆེད། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་རང་གི་སྐུ་སྲོག་དང་ནང་བསྟན་དར་སྤེལ་གཉིས་ཀྱི་ཁྲོད་ནས། བསྟན་པར་དག་ཐེར་གནང་རྒྱུ་འདེམས་གསེས་ཀྱིས། མཐར་དགུང་ལོ་བདུན་ཅུ་ཡས་མས་ལ་བཙོན་ཁང་ནང་དུ་སྐུ་ཚེའི་འཕེན་པ་བཏང་། ཡང་འདེམས་གསེས་ཤིག་གི་ཆེད། སྐུ་དབང་ཤིན་ཏུ་ཆེ་བའི་བླ་མ་མར་པའང་། རྒྱ་གར་ཡུལ་དུ་ཞབས་ཐང་དུ་ཕེབས་ཏེ། དུག་སྦྲུལ་གྱི་གླིང་དང་བྱེ་ཐང་། དུག་ཆུ་བཅས་པ་བརྒལ་ནས་སྲོག་ལའང་འཛེམས་ཟོན་མེད་པར་གདམས་ངག་བཞེས་པར་ཕེབས་པའི་སྐུ་རྒྱབ་དེ་ཉིད་འདེམས་གསེས་ཁྲོད་ན་ཇི་འདྲའི་ཉམས་དགའ་བ་ཞིག་རེད། ད་དུང་། མཁས་པའི་དོན་མཐུན་གྱི་ང་རྒྱལ་དགུང་དུ་བསྒྲེངས་ཏེ་བསྟོད་པ་ང་བརྒྱད་མ་བརྩམས་གནང་མཁན་གྱི་ས་སྐྱ་བ། མཐོ་སྒང་གི་བདེ་སྡུག་གི་འདེམས་གསེས་ཆེད་དུ། སྐུ་མ་གཤེགས་ཙམ་གོང་གི་མི་ལོ་བདུན་གྱི་ཡར་སྔོན་ཏེ། དགུང་གྲངས་དྲུག་ཅུ་བཞེས་པའི་བགྲེས་གཟུགས་ཤིག་གིས། རང་གི་སྐུ་ཚ་དགུང་ལོ་དགུ་མ་གཏོགས་མ་སོན་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། དགུང་ལོ་ལྔ་ཙམ་ཡིན་པའི་སྐུ་ཚ་འགྲོ་མགོན་ཕྱག་ན་རྡོ་རྗེ་གཉིས་ཕྱག་རོགས་སུ་ཁྲིད་དེ། ལྱང་ཅུ་སྡེ་བཞིར་གྲགས་པའི་ཡུལ་དུ། རི་གཤོང་དང་བྲག་རོང་། ཐང་ཆེན་དང་ཆུ་ཀླུང་། ཁ་བ་དང་བུ་ཡུག་མང་པོ་ཞིག་གོམ་ཞེང་རེ་རེས་བརྒལ་དུས། ཁྱེད་ཉིད་ཀྱི་ཐུགས་བློ་དེ་ནམ་ཡང་གངས་ལྗོངས་ཀྱི་ཆེད་དུ་དྲག་ཏུ་སྐྱོམས་ཤིང་གནས་སྐབས་ཙམ་ཡང་ཞི་བར་བཞུགས་མྱོང་མེད་ཚོད་ཨང་།
དེ་དེ་བཞིན་གྱི་ལོ་རྒྱུས་ཀྱི་འདེམས་གསེས་རེ་རེའི་རྒྱབ་ན། མི་རབས་ཤིག་གི་རེ་བའི་མིག་ཟུང་སྦས་ཡོད་ལ། མི་རབས་ཤིག་གི་ལས་དབང་ཡང་བསྐུངས་ཡོད་འདུག འདེམས་གསེས་རེ་རེའི་རྒྱབ་ལོགས་ནི། དཀའ་ཚེགས་ཀྱིས་བགྲོད་པའི་ལོ་ཟླ་ཞིག་དང་། འདེམས་གསེས་མཁན་གྱིས་བཞིན་ནས་བཞུར་མྱོང་བའི་དཀར་ནག་འདྲེས་མའི་དགའ་སྐྱོ་ཡོད་ལ། ད་དུང་ཕྱིར་བཟློག་ཐབས་མེད་པའི་མི་ཚེའི་རིན་ཐང་ཡང་གཏའ་མར་བཞག་ཡོད། ལོ་རྒྱུས་ཀྱི་འདེམས་གསེས་རེ་རེར་ཕྱིར་མིག་བྱས་ཚེ། གཞི་ནས་རང་ཉིད་ཀྱང་ཆུང་ཆུང་མིན་པ་ཤེས་ཐུབ་ལ། རང་ཉིད་ཀྱང་ལོ་རྒྱུས་ཀྱི་འདེམས་གསེས་མང་པོས་བསྐྱངས་ཏེ་འཚར་བའི་མེ་ཏོག་རྐང་གཅིག་ཡིན་པའི་ངེས་ཤེས་སྐྱེས།
རི་བོ་ལྟ་བུའི་འདེམས་གསེས་ཀྱི་ལྗིད་ཚད་བཏེགས་མྱོང་བའི་མེས་པོ་དེ་དག ལོ་རྒྱུས་ཀྱི་བར་གསེབ་ནས་ངལ་གསོ་མཛད་དུས། ང་ཚོ་ནི་ཁོང་ཚོའི་འདེམས་གསེས་ཁྲོད་དུ་རྨིས་པའི་རྨི་ལམ་དེ་ཉིད་ཡིན། རྨི་ལམ་ནི། ཉིན་མོའི་སྐབས་སུ་ཡང་ནས་བསྐྱར་དུ་བསམ་གཞིག་དང་། ཡང་ནས་བསྐྱར་དུ་དོ་ཁུར་བྱེད་པའི་དོན་ཆེན་དེ་ཉིད་ཡིན་པ་བདེན་ངེས་ན། ང་ཚོ་ནི་ཁོང་ཚོའི་བསམ་གཞིག་བྱ་ཡུལ་དེ་ཉིད་དང་། ང་ཚོ་ནི་ཁོང་ཚོའི་དོན་ཆེན་དེ་ཉིད་ཡིན་ངེས་པས། ང་ཚོར་ཡང་རི་བོ་ལྟ་བུའི་ལྗིད་དང་ལྡན་པའི་འདེམས་གསེས་ཤིག་ངེས་པར་ཡོད་དགོས་ཨང་།
༤
ལོ་རྒྱུས་ཀྱི་འདེམས་གསེས་གླེང་སྐབས། སྔོན་སོང་གི་རྒྱལ་པོ་དང་བློན་པོ། མཁས་པ་དང་དཔའ་བོ་ཁོ་ན་གླེང་བ་ནི་གོམས་གཤིས་སུ་གྱུར་ཟིན་མོད། དེང་གི་དུས་སུ། མང་ཚོགས་ཀྱི་འདེམས་གསེས་གླེང་རྒྱུ་དེའང་གལ་ཆེན་ཞིག་ཡིན། རྒྱལ་པོ་དང་བློན་པོ། མཁས་པ་དང་དཔའ་བོ་དེ་དག བརྗིད་ཆགས་ཀྱི་ཕོ་བྲང་ནང་རོལ་དུ་རང་རང་གི་ལས་དོན་སྒྲུབ་མཁན་ཞིག་ཡིན་ན། མང་ཚོགས་ནི་ཕོ་བྲང་དེ་སྲུང་མཁན་གྱི་ལྕགས་རི་བརྟན་པོ་དེ་རེད།དབྱར་གྱི་ཚ་བས་བསྲེགས་པའི་བཞིན་རས་སྨུག་པོ་དེ་དག་དང་། དགུན་གྱི་གཙག་གིས་བསྡམས་པའི་ལག་ཟུང་འཁྱག་སྦོས་ཐེབས་པ་དེ་དག་གིས། རང་གི་དད་མོས་ཀྱིས་བདམས་པའི་ལམ་ཁ་འདིར། འགྱོད་པ་ཞེས་པ་གཏན་ནས་སྐྱེས་མ་མྱོང་ཟེར། གྲོང་ནས་རྒྱང་གིས་ཆོད་པའི་དབེན་ས་རེ་རེར། དགོན་པ་རེ་རེ་ལྷུན་གྱིས་ཆགས་དུས། དེ་ལ་སྟེང་ན་རྒན་རྒོན་དང་འོག་ན་བྱིས་པའི་ཁྱུ་ཚོགས་ཀྱི་འཚོ་གོས་ལ་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས་པའི་ཕོ་མོ་མང་པོའི་རྔུལ་ཆུ་དང་། བདེ་སྡུག་ཡོད་ཚད་ཕངས་མེད་ཀྱིས་གཏིམས་ཡོད། འཇིག་རྟེན་གྱི་གཡོ་སྒྱུ་དང་། འཇིག་རྟེན་གྱི་མགོ་སྐོར། ཡང་ན་འཇིག་རྟེན་གྱི་ཁྲེལ་དང་། བག་ཡོད་ཀྱིས་བསགས་པའི་ནོར་རྫས་ཡོད་ཚད། ཆོས་ཕྱོགས་ཞེས་པའི་རིག་གནས་ཀྱི་གཞོང་པ་ཆེན་པོ་དེར་བྱོ་དུས། ལྷག་བསམ་དང་འགྱོད་པ་ཞེས་པ་ཡིད་ཀྱི་ཆ་ཤས་ཙམ་ལའང་འཁོར་མྱོང་མེད་པ་ནི། འཁོར་བར་འཁྱམས་ཏེ་ཡོད་པའི་འཇིག་རྟེན་པ་ཚོའི་འདེམས་གསེས་ལྷད་མེད་རང་། བབ་ཆགས་ཀྱིས་འཚོ་བའི་མང་ཚོགས་གདོང་པ་དམར་སྨུག་དེ་དག་གིས། བསྲི་ཚགས་ཀྱིས་ཉར་བའི་གསེར་དངུལ་གྱི་རྒྱན་ཆ་དང་། སྔ་ལངས་ཕྱི་ཉལ་ལས་བྱུང་བའི་ཁེ་བབ་ཆུང་ཆུང་དེ་དག་རེ་རེ་བཞིན་ཕངས་མེད་ཀྱིས་བརྩིགས་པ་ལས། སྲིད་ན་འགྲན་ཟླ་དང་བྲལ་བའི་གསེར་གདུང་རེ་རེ་བསྐྲུན་ཡོད་ལ། གོ་ལ་འདི་ན་འགྲན་ཟླ་དང་བྲལ་བའི་རིག་གནས་ཀྱི་ར་བ་ཆེན་པོ་ཞིག་བསྐོར་ཡོད་ཨང་། དེ་དག་གི་མིང་ཐོ་རེ་རེ། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་ཏུ་འཁོད་མེད་མོད། དེ་དག་གི་འདེམས་གསེས་ལས་བྱུང་བའི་འབྲས་བུ་རེ་རེ། མཐོ་སྒང་གི་རི་བོའི་གསེབ་དང་ཆུ་མོའི་ངོགས། གྲོང་གི་དཀྱིལ་དང་གངས་རིའི་མཐའ་རུ་ཆེམ་ཆེམ་འཕྲོ་བའི་གསེར་ཏོག་རེ་རེ་དང་། ལྷབ་ལྷུབ་ཏུ་གཡོ་བའི་དར་ལྕོག་རེ་རེ། ད་དུང་བྲག་གི་ངོས་སུ་བརྐོས་པའི་ཡི་གེ་དྲུག་མ་རེ་རེར་སྤྲུལ་ཏེ། འགྱུར་མེད་ཀྱི་འདེམས་གསེས་དེ་བསྐལ་བའི་བར་དུ་མངོན་པ་བཞིན་དུ་གནས།
༥
གནམ་ལ་འཕུར་ཞིང་མཚོ་མོར་རང་དབང་གིས་འཇུག་ཐུབ་པའི་འཇིག་རྟེན་གྱི་ལྟད་མོ་ཡོད་ཚད། མཛུབ་རྩེ་ནས་རང་དགར་ལྟ་ཐུབ་པའི་དུས་རབས་ཉེར་གཅིག་པར། འདེམས་གསེས་ཀྱི་ཁྲོད་དུ་འདས་པའི་ལོ་ཟླ་མང་པོར་མཛུབ་རྩེ་ན་གྲངས་ཀ་བགྲངས་སྐབས། ང་ཚོ་དང་དུས་ཡུན་ཤིན་ཏུ་རིང་པོ་ཞིག་སོང་ཟིན་འདུག ཡོད་ཚད་དུས་ཚོད་ཀྱི་ཀློང་ན་ཐག་རིང་གི་སྐར་ཚོགས་བཞིན་ཆེམ་ཆེམ་དུ་འཕྲོ་བ་ལས། ལག་ཏུ་ཟིན་པའི་སྐལ་བ་ནམ་ཡང་ཡོད་ཚོད་མི་འདུག་ཨང་།སྐབས་དེར། འདེམས་གསེས་ཀྱི་ཁྲོད་དུ་ཕར་སློག་ཚུར་སློག་བྱས་མྱོང་བའི་བར་སྐོར་གྱི་བྲང་ཁོག་ཐོག་ཏུ་ཀྲོང་ངེར་ལངས་ཏེ། སྟོང་ལོ་གསར་པ་ཞིག་འོང་སྲིད་པའི་སང་ཉིན། ད་ལྟའི་འདེམས་གསེས་ཁྲོད་དུ་བཙས་ངེས་པའི་བྱིས་པ་དེའི་བཞིན་རས་ཅི་ཞིག་ཡིན་པར་བློས་བསླངས་བྱས།
བདག་གི་ངོས་ནས་འཆད་ན། འདེམས་གསེས་དེ་ནི་ཧ་ཅང་རྒྱང་རིང་རྒྱང་རིང་ཞིག་ཡིན་རུང་། སྐབས་དེར་འཚོ་བའི་མི་ཞིག་གི་ངོས་ནས་འཆད་ན། འདེམས་གསེས་འདི་ནི་སང་ཉིན་ཞེས་པའི་ཐ་སྙད་ཤིན་ཏུ་ཐག་ཉེ་པོ་ཞིག་གིས་འབོད་ཀྱི་ཡོད་ངེས་རེད།
རྩོམ་པ་པོ་ངོ་སྤྲོད།
ར་ས་བསྟན་འཛིན་ཆོས་གྲགས། ༡༩༨༢ལོར་ལྷ་ས་གྲོང་ཁྱེར་དུ་སྐྱེས། འབུམ་རམས་པ། དགེ་རྒན་ཆེ་མོ་གཞོན་པ། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན། ད་བར་རྩོམ་རིག་བརྩམས་ཆོས་དང་དཔྱད་རྩོམ་བཅས་ཁྱོན་དྲུག་ཅུར་ཉེ་བ་སྤེལ། «རིག་གནས་རིག་པ་སྤྱི་བཤད» «རྩོམ་རིག་མཐའ་དཔྱོད་ཀྱི་རིགས་ལམ»སོགས་དཔེ་དེབ་ལྔ་པར་དུ་བསྐྲུན། སྔ་ཕྱིར་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐེངས་འགའ་ཐོབ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོ་རིག་གཞུང་སློབ་གླིང་བོད་ཀྱི་རྩོམ་རིག་སྡེ་ཁག་གི་དགེ་རྒན་ཡིན། དེ་དག་ནི་འདས་ཟིན་གྱི་གྲུབ་འབྲས་མག་མོག་ཙམ་ཞིག་ཡིན། ཕོ་ལོ་བཞི་བཅུར་ཉེ་བའི་མི་ཞིག་ལ་མཚོན་ན། མ་འོངས་པར་བརྩམས་ཆོས་ཀྱང་འཚབ་འཚུབ་དང་གྲངས་ཚད་ཀྱི་ར་བ་ལས་གྲོལ་ཏེ། སེམས་རྣལ་དུ་ཕབ་པ་ལས་བྱུང་བའི་བརྩམས་ཆོས་འགའ་ཞིག་འབྲི་ཐུབ་པར་འབད་རྩིས་ཡོད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།