སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས་ཀྱི་སྙན་ངག

རྩོམ་པ་པོ།:སྐྱབས་ཆེན་བདེ་གྲོལ། ཡོང་ཁུངས།:༢༠༢༢ལའི་ཟླ་ཟེར་དེབ་དང་པོ། དུས་ཚོད།:2022-05-24 09:02:19 ཀློག་གྲངས།:
ལས།(ཞར་བཀོད་བཞི)
སྐྱབས་ཆེན་བདེ་གྲོལ།

ཚོང་དཔོན་གཡོ་སྒྱུ་ཅན་ཞིག་གི་སེམས་པ་ལྟར་རྙོག་འཛིང་ཆེ་བའི།
ནགས་ཚལ་ཞིག་ནས།
ཤིང་དུམ་ལག་ངར་འདྲ་བ་ཞིག་ཁྱེར་ཡོང་སྟེ།
ཁྱིམ་མཚེས་ཚང་ལ་སྟ་རེ་གཡར་ནས་དེ་ཉིད་དུམ་བུར་གསེས་ཤིང་།
ཟླ་གཅིག་ལ་འཁྱག་པར་གྱུར་པའི་ལྕགས་ཐབ་ཅིག་དང་།
ལོ་གཅིག་ལ་འཁྱག་པར་གྱུར་པའི་བུ་མོ་ཞིག་གི་སེམས་པ་བསྲོས་ཏེ།
ཤ་ཟོས་ཤིང་། ཆང་ཡང་མང་པོ་བཏུང་ནས།
ཁྱོད་ཀྱི་བེམ་རོའི་སྟེང་ནས་ཞབས་བྲོ་བརྡུང་རྒྱུ་ཟེར་བཞིན།
ཀི་རིང་པོ་རེ་བཏབ་པའི་ཐ་མར། མིག་ཆུ་ཐིགས་པ་འགའང་ཤོར་ནས།
མཛའ་བའི་ལག་གདང་ལན་གཅིག་གློད་དུས།
སོ་སོ་ཡུལ་གང་དུ་འགྲོ་བ་དང་།
དུས་གང་གིས་འཁྱེར་འགྲོ་བ་མི་ཤེས་པས།
མེ་ལོང་གི་ནང་དུ་མེ་ལོང་ཤར་བ་ལྟར།
སེམས་པ་ནི་སྒམ་ནང་གི་སྒམ་ཆུང་དུ་གྱུར་ཅིང་།
ཆེས་ཆུང་བ་དེ་རྡུལ་ཕྲན་གཅིག་ནང་ཟྭ་བརྒྱབ་ཡོད་པར་གྱུར་དུས།
ངེད་ཅག་གི་བྱ་བ་ཐམས་ཅད་ལ་སྐུལ་བར་བྱེད་པའི།
གཟུགས་མེད་ཀྱི་ལས་དེ་གང་དུ་ཡོད་དམ།
ཞི་དུལ་བག་ཡོད་ཀྱི་རྣམ་པར་གནས་ཏེ།
རྩིག་པ་དཀར་པོ་འདི་ཉིད་ནག་ཐིགས་གཅིག་གིས་ཀྱང་མི་སྦགས་པའི་དམ་བཅས་ཀྱང་།
མཚན་མོར་ཨུ་དུམ་ཝ་ར་བཞད་དེ་སྨག་ནག་ཉིད་འོད་ཀྱིས་གསལ་བ་མ་མཐོང་ཞིང་།
ཉིན་མོར་སེམས་ཀྱི་ལྷ་ཁང་འཇིག་ནས་ལྷུང་བཟེད་ཉིད་ས་རྡུལ་ཀྱིས་གང་བའང་མ་ཚོར་།
གཉེན་དོན། མཛའ་བརྩེ། ཕུགས་བསམ། གཞན་དོན།
བཙའ་ཆགས་པའི་སྒོ་ལྕགས་རེ་དང་འདྲ་བའི་ཐ་སྙད་དག་གི་མདུན་ནས།
ཕྱིན་ཅི་ལོག་པའི་འགྲེལ་བཤད་དག་ནི།
ལྡེ་མིག་ཆག་པོ་ཁྱོར་བ་་གང་དུ་གྱུར།
འདི་དག་ཐམས་ཅད་སེམས་པ་གཉོམ་པོ་ཞིག་གི་ནང་ཤོང་བར་བསྙད་དེ།
རྐང་སྣེ་རྡོ་དང་ཚེར་མར་མི་ཐོགས་པར་ཤེད་ཀྱིས་བརྒྱུགས་ཀྱང་།
སྟོང་པ་སྟོང་ནག་གི་ཡུལ་འདི་ན་འཆི་བདག་ཁོ་རང་ལས་གཞན་སུ་ཡོད།
ངེད་ཅག་འཆི་བདག་གི་ཕྱོགས་སུ་ཤུགས་ཆེན་པོས་འདེད་པའི།
རླུང་ནང་གི་ལས་དེ་དོན་དུ་ཅི་ཞིག་ཡིན་ནམ།
                                                  22/2/2021 མཛོད་དགེ་ཉིན་མ།

ནད་པ།

ཉིན་མཚན་འགའ་ལ་གཞས་བཏང་ནས་མཚམས་མི་འཇོག་མཁན་དེ་སྨྱོན་པ་ཆགས་པ་ཇི་བཞིན།
རྒྱུ་སྐར་བྱེ་བའི་ཀློང་ནས་རང་གི་སེམས་པ་མཐོང་མཁན་གྱི་ཁྱོད་ལ་ཐར་བ་འཐོབ་བམ།
ཧ་ཅང་རྒྱུན་ལྡན་ཡིན་དྲགས་པ་དེས་ཁྱོད་གཞན་ཞིག་ནད་པར་བཏང་ཞིང་།
ནད་ནི་དྲི་བ་ཡོད་ཚད་ལ་ཚད་ལྡན་གྱི་ལན་ཨེ་རྙེད་ལྟ་བ་དེ་ཡིན།

ཉི་མར་ཁ་གཏད་ཀྱང་བྲང་ཁ་འཁྱག་སྣང་གིས་ཁྱབ།
བདེན་འཛིན་གྱི་ལག་ཕྱིས་ཚ་བོར་བྱས་པ་དེས་ཀྱང་མི་ཕན།

ཤེད་ཤུགས་ཀྱིས་དབུལ་བའི་ལུས་པོ་ནི་ཆུ་ལ་འབྱར་བའི་ཤོག་སྐྱ་བཞིན།
ཁ་ཕྱོགས་མེད་པའི་གྲིབ་མ་ནི་དེ་ལས་ཤོར་བའི་རྣམ་ཤེས་བཞིན།

ལེན་འདོད་པའི་གླུ་ནི་མགྲིན་སྒོར་ཡང་སླེབས་མེད་པའི།
སེམས་པ་ཆུང་ཆུང་དེའི་སྦུབས་ཀྱི་མེ་སྟག་ཕྲ་མོའོ།

ཁྱོད་གཞན་དེས་རྒྱང་རིང་ནས་ཁྱོད་ལ་འཕྱ།
ཁྱོད་གཞན་དེ་ཉེ་ས་ནས་ཁྱོད་ལ་དུང་།

ཕན་ཚུན་ལ་ལག་པ་འཕྲད་ཙམ་བྱས་པས།
སྡིག་ཉེས་རྣམས་ཞི་བར་གྱུར་ཀྱང་སྡུག་བསྔལ་གྱི་གཏིང་ལ་ཚུད།

དོན་མེད་དུ་སེམས་ཁྲལ་ལ་གནས་པའམ།
གླེན་པ་བཞིན་སྐྱིད་ཉལ་བརྒྱབ་ཀྱང་རུང་།

མཇུག་འབྲས་ནི་གཅིག་པ་གཅིག་རྐྱང་སྟེ།
མཐར་ཅིས་ཀྱང་ལག་པ་གློད་དགོས་མིག་ཟུང་བཙུམ་དགོས།
                                             4/3/2021 མཛོད་དགེ་ཉིན་མ།

ལྷ་ཡུལ་དང་དམྱལ་བ།

འཇིག་རྟེན་འདིར།
ལྷ་ཡུལ་གྱི་ཉམས་ཅུང་ཙམ་ལྡན་པ་ནི།
འདིར་བྷེ་ཐྲུའུ་ཝུན་གྱི་རྨི་ལམ་ལས་འཕྱུར་བའི་རོལ་མོ་དང་།
བྷོར་ཧེ་ཟིའི་སེམས་ནང་བརྩིགས་པའི་སྒྲུང་གི་གྲོང་ཁྱེར།
བསྐལ་པའི་ཀ་ཏོ་རའི་ནང་།
ཞོ་ལྟར་ཆགས་པའི།
རྒྱལ་སྲས་དོན་གྲུབ་ཀྱི་བྱང་ཆུབ་ཀྱི་སེམས་སོགས་ཡོད་པས་རེད།

གལ་སྲིད་དེ་དག་དང་འདྲ་བའི་མཛེས་སྡུག་གིས་དབུལ་ཏེ།
བྱ་ཕག་སྦྲུལ་གསུམ་གྱི་ཚང་ནང་དུ་ལྷོག་ལྷོག་གདུ་བའི།
དབང་ཤུགས་དང་རྒྱུ་ནོར་ཁོ་ན་ལས་ལྷག་མེད་ཚེ།
གནས་འདི་ནི།
དམྱལ་བ་མནར་མེད་མ་རེད་དམ།
                                         31/3/2021 མཛོད་དགེ་ཉིན་མ།

སྐྱེལ་མའི་སྙན་ངག
                —འཕྱན་བྷང་ལགས་ལ།

ཁྱེད་ཀྱིས་དྲག་ཤུལ་གྱི་ཉམས་དེ།
ཚིག་ཚོགས་དང་ནམ་མཁར་བསྩལ།
མངོན་ཆུང་གི་ཚུལ་གྱིས་ར་རོ་བར་བྱས་ཤིང་།
གཡར་བའི་ལུས་པོ་དེའང་ཕྱིར་སྤྲད་ཟིན།

ཕག་ཚང་ནང་གི་ངག་དིག་པའི་མི་ཁྱུ་ཞིག
སྔར་བཞིན་སོ་སོའི་ཆོས་ལུགས་ནང་གཡེང་།
ཁྱོད་ཀྱིས་མཚམས་སྤྲིན་གྱིས་སྒོ་ལྕགས་ཤིག་བཟོས་ཏེ།
དེ་ཚོ་ལོགས་ཤིག་ཏུ་བཅུག རླུང་གི་རྒྱུ་བར་འགྲོགས་པའི།
འཆར་ཡན་གྱི་གཏམ་རྒྱུད་དག་ལོགས་ཤིག་ཏུ་བཅུག

ཁྱོད་ཕེབས་དུས་སྐྱོ་ངལ་ཡོད་མི་སྲིད་དེ།
ལྗན་ལྗིན་གྱི་དྲི་མ་ཡལ་བའི་རྣམ་ཤེས་ཀྱིས།
མཐར་ཐུག་གི་སྙན་ངག་ཉིད་མེ་ཏོག་གི་ཁོང་བར་སྦ་སྲིད།
མེ་ཏོག་དེ། དུས་ཀྱི་ས་གཞི་དང་ཡུལ་གྱི་ནམ་མཁའ་ལས་འདས་ཏེ།
ངེད་ཅག་མི་རེ་རེའི་སེམས་སུ་གཅིག་རེ་བཞད།
མཛེས་བྱད་དེས་སྲིད་པའི་ཕུན་ཚོགས་ཉིད་ནག་སུབ་བེར་བཏང་།
                                                     21/8/2021 མཛོད་དགེ་ཉིན་མ།

དྲི་བ།

མི་རེ་རེས་རང་གི་བྲང་ཁོག་ལ་རྒྱ་རྙི་བཙུགས།
ལོ་མ་སྐམ་པོ་དག་ཕྱོགས་ཕྱོགས་ནས་ས་ལ་འཐོར།
ཕུགས་བསམ་གྱི་མེ་ཏོག་རྣམས་རྙིད་པར་གྱུར།

སྐྱེ་བ་འདི་མཇུག་རྫོགས་ཟིན་དུས།
ཟམ་པ་ཞིག་ད་དུང་བརྒལ་དགོས་ཡོད་དམ།
                                                 6/6/2021 མཛོད་དགེ་ཉིན་མ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།