འབྲོག་ཀློའུ་སྒྲོལ་རྡོའི་སྙན་ངག་ཚན་པ་གཉིས།
རྩོམ་པ་པོ།:འབྲོག་ཀློའུ་སྒྲོལ་རྡོ།
ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ།
དུས་ཚོད།:2022-05-20 10:54:32
ཀློག་གྲངས།:
རྨོ་མོ།
འབྲོག་ཀློའུ་སྒྲོལ་རྡོ།
རྨོ་མོ་ལགས་ཉི་ཁྱམས་སུ་ཙོག་པོར་བསྡད་དེ་ཉིན་རེ་བཞིན་སྨྲ་བ་ཇེ་ལྕི་རུ་ཆགས།
འཚོ་དབུགས་ཀྱི་རླུང་རྒྱུན་གྲང་མོ་དེའང་རེ་ཞིག་ལྡིང་མཚམས་འཇགས་པ་ལྟར།
གཏིང་རིང་བའི་ཁ་བརྡའི་རྒྱུན་ལས།
དུས་ཚོད་ཀྱི་ཕྱི་རོལ་ནས་གཉེན་ཉེ་ཚོ་སླེབས་ཤིང་།
ང་ཚོས་མཉམ་དུ་ཇ་ཁ་གཅིག་ཏུ་ཁ་ལག་ཟོས།
ཀྱག་ཀྱོག་གིས་འཐེན་པའི་རྨོ་མོའི་མི་ཚེའི་ལམ་ཕྲན་སྟེང་།
རང་གི་འདས་པ་ཡོད་ཚད་དལ་བུར་སུབ་ཀྱིན་པ་དེས།
ངས་ནི་འདས་སོང་ཟེར་བ་དེ་ཐེག་དཀའ་བ་ཞིག་ཡིན་པ་ཚོར།
རྨོ་མོའི་ལོ་ཚོད་ལ་ཕྱི་མིག་ཅིག་བྱས་ཚེ།
ཆུ་རྒྱུན་གྱིས་བཀྲུས་པའི་ལོ་ཟླ་ཁུ་སིམ་པོ་འདུག
འཚོ་བ་ནི་དངོས་གནས་སྙིང་བོ་མེད་པ་དེ་ཡིན་ནམ།
བགྲོད་མི་ཚར་བའི་བྱིས་དུས་ཀྱིས་ང་རང་བསླུས་ཏེ།
ཐག་རིང་ས་མཐའ་ནས་ཕྱིར་ཡུལ་ལ་ལོག
གྱ་གྱུར་འཐེན་པའི་ཕ་ཡུལ་གྱི་ལམ་ཕྲན་དེ་མཐོང་དུས།
རྨོ་མོ་ཡང་། དུས་ཚོད་ཕྱི་རོལ་གྱི་གཉེན་ཉེ་ཚོས་འབོད་པ་གཏོང་བ་དང་འདྲ་བར།
ཁེར་ཧྲེང་ཟླ་བའི་ངོགས་ན་ཕར་ཕར་འགྲོ་བཞིན་འདུག
ཆར་བ་སྔར་རྒྱུན་ལྟར་ཤག་ཤག་ཤག
པཱ་ལགས། གཞི་ནས་ས་རུབ་བྱུང་།
ཆར་བ་སྔར་རྒྱུན་ལྟར་ཤག་ཤག་འཇོ།
པཱ་ལགས། ཁྱེད་ཀྱི་མིག་ཟུང་ལས་ཡུན་རིང་སྦས་པའི་སྐད་ཆ་དེ་དག
དོ་ནུབ་ཀྱི་ཆར་བ་ལྟར་དུས་ཚོད་ཀྱི་རྗེས་ཤུལ་ནང་ཇེ་གསལ་དུ་གྱུར།
ཡོད་ཚད་བློས་མི་དཔོག་པའི་རྙོག་དྲས་གྲུབ་པའི་ལོ་རབས་ནང་།
ང་རང་འགྲུལ་མཚམས་ཆད་པའི་ལམ་བུར་ལོག
དེ་ནི་སྨྲ་བ་ཉུང་ངུར་ཕྱིན་པའི་པཱ་ལགས་ཀྱི་བྲང་ཁོག་དང་འདྲ་བར།
རླུང་དང་བསེར་མ་ལྡང་།
པཱ་ལགས། དོ་ནུབ་ཀྱི་ཆར་བ་དེས་ཁ་མི་གྲག་པར།
གྲང་འཁྱགས་ཀྱིས་བསྣད་པའི་སྒོ་ཁྱིམ་ཧྲིལ་བོར་བབས།
པཱ་ལགས། དོ་ནུབ་ཀྱི་ཆར་བའི་འབབ་རྒྱུན་ཆད་རྒྱུ་ཞིག་མི་འདུག
སེམས་པ་ག་ཙམ་བཀྲུས་ཀྱང་རྫོགས་མཐའ་ཞིག་མི་འདུག
པཱ་ལགས། ཁྱེད་ནི་ཉིན་ལ་གཞས་ལྟར་གྲག་འོང་།
མཚན་ལ་ན་ཟུག་ལྟར་བསྣད་འོང་།
ཆར་བ་སྔར་རྒྱུན་ལྟར་ཤག་ཤག་ཤག
ཁྱེད་ཀྱི་སྣང་བརྙན་དེ་དག་འཕྲོ་རིམ་འཕྲོར་སེམས་ངོགས་སུ་འཕོས་འོང་།
.....
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།