རྡོ་རིང་པད་མ་དབང་ཆེན་གྱི་ལྷུག་རྩོམ།

རྩོམ་པ་པོ།:རྡོ་རིང་པད་མ་དབང་ཆེན། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2022-03-31 09:14:21 ཀློག་གྲངས།:
དྲན་པའི་ཀློང་གི་ཕ་ཡུལ།
རྡོ་རིང་པད་མ་དབང་ཆེན།

        དེ་རིང་ནི་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་ཉིན་གཉིས་པ་སྟེ་སྤྱི་ཟླ་ལྔ་པའི་ཚེས་གཉིས་ཡིན། ད་ལོའི་ལོ་གསར་གྱི་སྔ་གཞུག་ཏུ་རྒྱལ་ཡོངས་སུ་རིམས་ནད་མཆེད་དེ་འགྲུལ་རྒྱ་བསྡམས་པས། ང་རང་ཡང་ཟླ་ངོ་བཞིའི་རིང་ལ་ཕ་ཡུལ་དུ་ཐེངས་ཤིག་ཀྱང་འགྲོ་མ་ཐུབ་ལ། ཐ་ན་ཕ་མ་དང་སྤུན་མཆེད་དག་ལ་ལོ་གསར་ལེགས་སྐྱེས་ཤིག་ཀྱང་འབུལ་མ་ཐུབ་པར་གནའ་མཁར་ཟི་ལིང་དུ་སྒོང་ནས་བསྡད་པ་ཡིན། ད་ལྟ་ནད་ཡམས་སྔོན་འགོག་གི་བྱ་བར་གཞི་རྩའི་ཆ་ནས་རྒྱལ་ཁ་བླངས་ཡོད་པས། ནད་ཡམས་སྔོན་འགོག་གི་དོགས་ཟོན་མི་ལྷོད་པའི་རྨང་གཞིའི་སྟེང་འགྲུལ་རྒྱ་རིམ་བཞིན་གློད་ཅིང་། ཐོན་སྐྱེད་སླར་གསོའི་མགོའི་ཡང་བརྩམས་པས། ཕྱོགས་ཡར་མར་གྱི་རྒྱུ་འགྲུལ་པ་ཡང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། ངས་ཀྱང་ལྔ་གཅིག་གི་ངལ་གསོའི་དུས་ཚོད་འདི་བེད་སྤྱད་ནས་ཆེད་དུ་ཕ་མ་སྤུན་མཆེད་དག་ལ་སྐོར་ཞིག་བརྒྱབ་པ་ཡིན།
        ས་ཆའི་ཆགས་འཇིག་གི་དབང་གིས་ང་ཚོའི་སྡེ་བ་སྔོན་གྱི་ཁ་མལ་དུ་གནས་ཐབས་མ་བྱུང་བར། ༢༠༡༩ལོའི་སྟོན་མཇུག་ཏུ་རྫོང་མཁར་དང་ཐག་ཉེ་བའི་བྱ་ཁྱུང་ཐང(བོགས་གླེ་ཡང་ཟེར)ཞེས་འབོད་པའི་ཐང་ཆུང་ཞིག་ཏུ་གནས་སྤར་ཡོད་ནའང་། སྡེ་བའི་མ་ཎི་ཁང་ད་དུང་ཡང་སྡེ་བའི་གནས་གཞི་རྙིང་བར་ཡོད་ཅིང་། ང་ནམ་རྒྱུན་ཕ་ཡུལ་ལ་འགྲོ་ཐེངས་རེར་རང་སྡེའི་ཆོས་སྐྱོང་གཉན་པོར་ལྷ་བསང་རེ་གཏོང་བ་ནི་ངའི་གོམས་སྲོལ་ཞིག་ཏུ་ཆགས་ཡོད་པས། ད་ཐེངས་ཕ་ཡུལ་ལ་འགྲོ་དུས་ཡང་བསང་རྫས་དང་མཆོད་ཆང་སོགས་གྲ་སྒྲིག་བྱས་ཏེ་སོང་།
        ང་ཚོའི་སྡེ་བ་གནས་སྤར་ཏེ་ཡོང་སའི་ཐང་ཆུང་དེ་ནི་སའི་མ་གདན་བརྟན་ཅིང་བརླིང་བར་མ་ཟད། འགྲིམ་འགྲུལ་སོགས་ཕྱོགས་གང་ཐད་ནས་སྟབས་བདེ་ཡིན་པས། ང་ཚོའི་སྡེ་བ་ཐང་ཆུང་དེར་གནས་སྤོར་བྱེད་དུས་སྡེ་བ་གནས་སྤོར་བྱེད་སའི་གནས་ལེགས་པོ་ཞིག་རྙེད་འདུག་ཅེས་གནས་སྤོས་ཟིན་པ་དང་། གནས་སྤོ་བྱེད་དགོས་པའི་སྡེ་བ་དག་གི་ཁྲོད་ན་ཡིད་སྨོན་བྱེད་མཁན་ཡང་འདུག  ས་ཆའི་ཆགས་འཇིག་གི་དབང་གིས་ང་ལ་ང་ཚོའི་སྡེ་བ་ནམ་ཞིག་གི་ཚེ་གནས་འདིར་ཆགས་ཐབས་མེད་པར་གནས་གཞི་གཞན་ཞིག་ཏུ་སྤོར་དགོས་པ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་འདུག་སྙམ་པའི་བློ་ཞིག་སྔོན་ནས་བཟུང་སྐྱེས་ཡོད་ནའང་། གནས་འདི་དང་དངོས་སུ་ཁ་བྲལ་ནས་གནས་སྤོ་བྱེད་དུས་ཡུལ་འདིའི་ལུང་བ་རེ་དང་གད་པ་རེ། ལྗོན་པ་རེ་དང་ཐ་ན་རྩྭ་རྐང་རེ་རེ་ལའང་འཁྲེང་སེམས་ཤིག་དབང་མེད་དུ་སྐྱེས་བྱུང་། དེ་ནི་གནས་གཞི་རྙིང་བ་དེའི་རི་ལུང་ཐང་གསུམ་ན་རང་ཉིད་ཀྱི་འདས་ཟིན་པའི་ཕྱིར་དྲན་གྱི་གཏམ་རྒྱུད་མང་བོ་ཞིག་དང་། དགའ་སྐྱོ་ཆགས་སྡང་གི་ཚོར་བ་མང་བོ་ཞིག་ལུས་ཡོད་པའི་རྐྱེན་གྱིས་ཡིན་ངེས་ལ། མིག་ལ་འདྲིས་ཤིང་སེམས་ལ་ཞེན་པའི་ཕ་ས་གོར་མོ་འདི་ང་ནམ་འཕངས་བསྟོད་སའི་བྲག་ཐེམ་དང་། ངའི་སེམས་པ་ལོག་སའི་ཚང་མལ་ཡིན་པའི་རྐྱེན་ཡང་ཡིན་ངེས། དེ་ལྟར་ང་ཚོའི་སྡེ་བ་དངོས་སུ་གནས་གཞི་གསར་བར་གནས་སྤོ་བྱེད་དུས། ང་ལ་གནས་གཞི་རྙིང་བ་དང་ཁ་འབྲལ་མི་ཕོད་པའི་འཁྲེང་སེམས་ཤིག་སྐྱེས་བྱུང་བས། ངོ་མ་མི་སེམས་འདི་ནི་འགལ་འདུའི་ཕུང་བོ་ཞིག་རེད་ཨང་།
        དེ་རིང་གི་ཉིན་མོ་འདི་ནི་ལོ་གཅིག་གི་ཉིན་སུམ་བརྒྱ་དྲུག་ཅུའི་ཁྲོད་ཀྱི་ཆེས་སྤྱིར་བཏང་གི་ཉིན་ཞིག་ཡིན་ནའང་། ང་ལ་མཚོན་ན་དེ་རིང་ནི་སྤྱིར་བཏང་མ་ཡིན་པའི་ཉིན་ཞིག་རེད། ངེད་ཚང་གི་གཞིས་རྙིང་ནི་མ་ཎི་ཁང་གི་མདུན་དུ་ཡོད་པས། ངའི་སེམས་ལ་རླངས་འཁོར་ཐད་ཀར་མ་ཎི་ཁང་གི་སྒོ་ཁར་སོང་རྗེས་གཞིས་རྙིང་དུ་བསང་མེ་གསོ་བྱེད་ཀྱི་ཨོང་བ་ལེན་དུ་འགྲོ་དགོས་བསམས་ཏེ། ངས་རླངས་འཁོར་སྡེ་བའི་སྲང་མདོ་ནས་ཡར་དཀྱོགས་དུས་མདུན་ཕྱོགས་ཀྱི་ལམ་དེ་ས་སྤུངས་ཤིག་གིས་བཅད་འདུག་པས། རླངས་འཁོར་སྡེ་བའི་སྲང་མདོ་ནས་བསྡད་རྗེས་ང་རྐང་ཐང་གིས་སོང་བ་ཡིན། ལྷ་བསང་གཏོང་དུ་འགྲོ་དུས། ཉིན་འདི་དག་ལ་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་འོག་རྡོ་རིང་ཐང་དུ་ཡོད་པའི་གཞིས་རྙིང་གི་མཁར་རྣམས་བཤིག་བཞིན་འདུག་ཟེར་བའི་སྐད་ཆ་ཞིག་ཐོས་མོད། དེ་རིང་ངེད་ཚང་གི་མཁར་བཤིག་པ་དང་འཕྲད་པ་ཡིད་ཀྱི་དགུ་ལའང་དྲན་མ་མྱོང་། ང་མ་ཎི་ཁང་ལ་འགྲོ་བའི་ལམ་བར་དུ་ངེད་ཚང་གི་གཞིས་རྙིང་གི་ཨོང་རའི་ནང་དུ་བསང་མེ་གསོ་བྱེད་ཀྱི་ཨོང་བ་ལེན་དུ་སོང་། ངེད་ཚང་གི་མཁར་ད་དུང་བཤིག་མེད་མོད། རྒྱ་སྒོ་དང་མཁར་ནང་གི་ཁང་བ་ཡོངས་རྫོགས་བཤིག་རྗེས་ཀྱི་རྣམ་པ་དེ་ནི་ཡིད་དུ་མི་འོང་ཞིང་སྙིང་ལ་གཟན་པ་ཞིག་རེད། ངས་ངེད་ཚང་གི་གཡུལ་ཁ་ནས་མར་གཤམ་གྱི་སྡེ་བར་ལྟ་དུས་དེ་སྔོན་སྨུག་ཤ་ལེར་ཡོད་པའི་མཁར་རྣམས་ད་ལྟ་གཡས་བསྒྱེལ་གཡོན་བསྒྱེལ་བྱས་ཡོད་ཅིང་། སྒོ་ར་ཕྱི་ནང་གི་སིལ་སྡོང་སོགས་མདོང་ངེར་ལངས་འདུག་པས། ཡིད་ལ་རང་དབང་མེད་པར་བཤད་མི་ཤེས་པའི་སྐྱོ་བ་ཞིག་སྐྱེས་བྱུང་། ངས་ངེད་ཚང་གི་རྒྱ་སྒོ་མེད་པའི་མཁར་དེའི་ཕྱི་ནང་དང་། གཡུལ་ཁའི་མར་གཤམ་གྱི་སྡེ་བའི་རྣམ་པ་དེ་པར་ཞིག་བླངས་རྗེས། སླེ་བོ་ཞིག་གི་ནང་དུ་སྒོ་ཁའི་ཨོང་ར་ནས་བསང་མེ་གསོ་བྱེད་ཀྱི་ཨོང་ལེབ་འགའ་བཏུས་ནས་མ་ཎི་ཁང་ལ་ལྷ་བསང་གཏོང་དུ་སོང་།
        ལྷ་བསང་བཏང་ཚར་ནས་སླེ་བོ་ཕྱིར་འཁྱེར་འོང་དུས། ཏག་ཏག་ངེད་ཚང་གི་མཁར་བཤིག་པར་གྲ་སྒྲིག་བྱེད་བཞིན་པ་དང་འཕྲད་ཅིང་། ཕུ་བོ་བསམ་གྲུབ་ཀྱིས་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་མཁར་བཤིག་མཁན་དེར་མཁར་གྱི་མཐའ་སྐོར་དུ་ལོ་ཏོག་བཏབ་ཡོད་པས། མཁར་ནང་ལོགས་སུ་བསྒྱེལ་དགོས་ལ། མཁར་ནང་ལོགས་སུ་སྒྱེལ་དུས་མཁར་ནང་གི་འབུམ་ཁང་ལ་གནོད་དུ་འཇུག་མི་ཉན་པའི་བཀོད་སྒྲིག་བྱེད་བཞིན་འདུག ཉིན་འདི་ནི་ངས་བསམ་བཞིན་དུ་བདམས་ནས་ཡོང་བ་མིན་ནའང་། འདི་ལྟར་ངེད་ཚང་གི་མཁར་བཤིག་པར་ཐོ་ཐུག་པ་དེས་སེམས་པ་སྙི་བའི་ང་ལ་སྡུག་གི་སྣོན་མ་བཏབ་ཅིང་སྐྱོ་བའི་སྨུག་ལོང་ཞིག་གཏིབས་བྱུང་།
        བརྐོ་འཁོར་གྱི་མཆེ་བ་དེས་སློག་བཞིན་པ་ནི་ངེད་ཚང་གི་མཁར་རྙིང་དེ་ཁོ་ན་ཙམ་མ་ཡིན་པར་ངའི་ཆུང་དུས་ཀྱི་དྲན་སྣང་སྣ་ཚོགས་དང་། སྐྱིད་ལ་སྡུག་པའི་མི་ཚེ་ཞིག་གི་ལོ་ཟླ་རིང་མོ་ཡིན་པས། ད་ནས་བཟུང་ང་ལ་དྲན་པ་སློང་བྱེད་ཀྱི་དྲན་ཤིང་དེ་དག་མི་མངོན་དབྱིངས་སུ་ཡལ་དུས། ངས་བྱིས་པའི་དུས་སུ་པྲ་ཚག་བྱས་ཏེ་མཁར་ཁར་སྐོར་རྒྱུག་བྱས་པ་དང་། ཕ་མས་ནང་དུ་བཅུག་ནས་ལས་ཀར་སོང་རྗེས་ལྐོག་ནས་མཁར་ཁ་ནས་མར་ལྡིང་ནས་སྲང་ལ་རྩེ་རུ་སོང་ཚུལ། ལོ་གསར་གནམ་གང་གི་ཕྱི་དྲོར་མཁར་ཁར་ཆབ་རོམ་བསྒྲིགས་ནས་གནམ་ལ་མཆོད་པ་འབུལ་དུས་དགོང་ཁའི་ཉི་ཟེར་གྱི་ཁྲོད་དུ་ཆབ་རོམ་རྡོག་པོ་དེ་དག་ལས་འོད་སྣང་མཆེད་པའི་མཛེས་པ་སོགས་མིག་ལམ་དུ་འཁོར་ཡོང་།
        ངས་རང་ཉིད་ཀྱི་མི་ལོ་བཞི་བཅུ་ལྷག་གི་མི་ཚེ་ལ་ཕྱིར་འདང་ཞིག་བརྒྱབ་ན་ང་རང་ཕ་ཡུལ་ནས་བསྡད་པའི་ལོ་གྲངས་ལས་ང་རང་ཕ་ཡུལ་དང་གྱེས་ནས་བྱེས་སུ་བསྡད་པའི་ལོ་གྲངས་མང་ནའང་། ཕ་ཡུལ་དྲན་པའི་ཚོར་བ་དང་བག་ཆགས་དེས་ངའི་ལུས་ཀྱི་ཕྱི་ནང་གསང་གསུམ་ཡོངས་སུ་བཏུམས་ཡོད་ལ། དེ་ནི་ཕ་ཡུལ་ཞེས་པ་དེ་ནམ་ཡང་སེམས་ཀྱི་རྟོད་ཐག་དང་སྙིང་གི་སྲོག་ཤིང་དུ་གྱུར་པས་ཡིན། སེམས་ཀྱི་རྟོད་ཐག་དང་སྙིང་གི་སྲོག་ཤིང་དུ་གྱུར་པ་དེ་ནི་གནས་དེར་བསྡད་པའི་ལོ་གྲངས་དང་འཚོ་བའི་ཆ་རྐྱེན་སོགས་དང་འབྲེལ་བ་མེད་པར་སྙིང་གི་མཐིལ་དང་རུས་པའི་རྐང་དུ་ཟུག་ཡོད་པས། གནས་གང་ལ་སོང་ཞིང་ཡུལ་གང་དུ་བསྡད་ནའང་། ཡིད་ནས་ནམ་ཡང་བརྗེད་ཐབས་མེད་ཅིང་སེམས་ནས་ནམ་ཡང་འདོར་ཐབས་བྲལ་བ་ཞིག་རེད།
        ཕ་ཡུལ་ནི་ངའི་མི་ཚེ་འདིའི་ངོས་ཤིག་ཡིན་པས་ཕ་ཡུལ་གྱི་གྲུ་ཟུར་རེ་རེ་ན། ངས་ནམ་ཡང་གླེང་མི་ཚར་བའི་གཏམ་རྒྱུད་ཀྱི་མངར་ཁ་རེ་ལུས་ཡོད་ལ། བརྗོད་མི་ཚར་བའི་སྐྱིད་སྡུག་གི་ལོ་ཟླ་རེ་རེ་ཡང་ཐིམ་ཡོད་པས། ཡུལ་གདུང་ཆེ་བའི་ང་ལ་མཚོན་ན། སེམས་པ་སྙི་བའི་ང་ལ་མཚོན་ན། ཚོར་བ་རྣོ་བའི་ང་ལ་མཚོན་ན། རྒྱུན་དུ་ཡིད་ལ་ཕ་ཡུལ་འཁོར་ཞིང་། ནམ་ཡང་སེམས་སུ་ཕ་ཡུལ་གྱི་གྲུ་ཟུར་རེ་རེ་དྲན་ཡོང་། ངས་དེ་ལྟར་དྲན་དོན་ནི་ང་ནམ་ཡང་ཕ་མའི་ངག་ན་ཡོད་པའི་དཔེ་ཆ་བཏོན་ན། ཕ་མ་ནང་བཞིན་ལས་ཀ་ལས་ཏེ་སྡུག་འདག་མི་དགོས་ཞེས་པའི་ལམ་དེར་ཞུགས་པས་ཡིན། ངས་དེ་ལྟར་དཔེ་ཆ་བཏོན་ནས་སློབ་གྲྭར་འགྲིམས་པས་ང་ནི་ནམ་མཁར་སྤུར་བའི་ཤོག་བྱ་ལྟར་གྱུར་ཅིང་། ས་སྟེང་གི་མི་རྣམས་ཀྱིས་བར་སྣང་གི་ཤོག་བྱ་དེར་ཡིད་སྨོན་བྱེད་བཞིན་ཡོད་ནའང་། བར་སྣང་གི་ཤོག་བྱ་དེའི་སེམས་སུ་ནམ་ཡང་མིག་ལམ་དུ་གསལ་ལྷིང་ངེར་ཐོགས་པའི་ས་གཞི་ཆེན་མོ་དེ་དྲན་བཞིན་ཡོད། ནམ་ཞིག་གི་ཚེ་ཤོག་བྱར་ཁ་ལོ་བྱེད་པའི་སྐུད་པ་དེ་ཆད་ཚེ། ཤོག་བྱ་དེ་ནམ་ཡང་ཕྱིར་ས་གཞི་ཆེན་མོའི་སྟེང་དུ་ལྡོག་ཐབས་མེད་པར། བྱེས་ནས་བྱེས་སུ་གྱེས་དགོས་པ་ནི་ཤོག་བྱའི་ལས་དབང་ཡིན།
        ང་ཚོའི་སྡེ་བ་ཆགས་སའི་གནས་གཞི་གསར་བ་དེ་ནི་གནས་གཞི་རྙིང་བ་ལས་ས་བདེ་ཞིང་། ཁྱིམ་ཚང་རྣམས་ཀྱང་སྲིད་གཞུང་གི་བཀོད་སྒྲིག་ལྟར་གྲལ་བསྟར་བསྒྲིགས་ནས་ཆགས་ཡོད་པས། བལྟས་མ་ཐག་གོ་རིམ་ལྡན་ཞིང་གྲལ་འགྲིག་པའི་སྣང་བ་ཞིག་སྟེར་ནའང་། སྔོན་ཆད་གཡས་འཁོར་གཡོན་འཁོར་བྱས་ཏེ་རང་རང་གི་བདེ་ཕྱོགས་དང་ས་བབ་ལྟར་ཆགས་ཡོད་པའི་ཁྱིམ་ཚང་རེ་རེ་དང་། སྒོ་ར་ཕྱི་རིམ་ནང་རིམ་བྱས་ཏེ་བསྐོར་ཡོད་པའི་ར་སྐོར་རེ་རེ། རིང་ཐུང་སྦོམ་ཕྲ་མི་གཅིག་པའི་ལྗོན་ཤིང་རེ་རེ་ནི་དེ་ལྟར་གོ་རིམ་ལྡན་ཞིང་གྲལ་འགྲིག་པ་ཞིག་མིན་ནའང་། གྲལ་མི་འགྲིག་པའི་རྣམ་པ་དེ་ལས་རུ་སྡེ་ཞིག་གི་ཐུན་མོང་མ་ཡིན་པའི་མཛེས་པ་དང་། རུ་སྡེ་ཞིག་ལ་རང་དབང་གིས་མངའ་བའི་ཁྱད་གཤིས་ཤིག་མངོན་ཡོད་ཅིང་། རྣམ་པ་དེ་ལས་ང་ཚོས་སྡེ་རྒན་མཚོ་འདྲ་བ་ཞིག་གི་མཛེས་ཉམས་དེ་ཡང་མཐོང་ཐུབ།
        ངས་ང་ནི་རྡོ་རིང་གི་ཡིན་ཤག་ཤག་གིས་མིང་གི་མགོར་ཡང་རྡོ་རིང་ཞེས་སྦྱོར་བཞིན་ཡོད་ནའང་། རྡོ་རིང་དང་ངའི་བར་དུ་གཟུགས་མེད་ཀྱི་བྱེད་པོ་ཞིག་གིས་བར་ཐག་ཕྱེས་པས། ང་རིམ་བཞིན་རྡོ་རིང་དང་ཆ་མེད་རྒྱུས་མེད་དུ་འགྱུར་བཞིན་ཡོད་ལ། རྡོ་རིང་ཡང་རིམ་བཞིན་ང་དང་རྒྱང་བཀྱེད་བཞིན་འདུག མི་ཆ་མེད་ཅིག་གིས་ད་ལྟའི་རྡོ་རིང་ནས་ང་ལ་ཁྱིམ་ཚང་ག་གེ་མོ་ཞིག་གང་དུ་ཡོད་ཅེས་དྲིས་ཚེ། ངས་རང་གི་མགོ་བོར་འཕྲུག་ནས་སྡོད་པ་ལས། ཁྱིམ་ཚང་དེ་བ་ཚང་ཀན་ཡིན་ཞེས་སྟོན་མི་ཐུབ་པས། ངས་ང་ད་རུང་རྡོ་རིང་གི་ཡིན་ཞེས་བཤད་ན་རྒྱུས་མེད་ཀྱི་མི་དེ་དག་གིས་རྣ་བར་འགྲོ་སྲིད་དམ།
        རྡོ་རིང་ནི་ངས་སྟོབས་ཀྱིས་ནམ་འཕང་བསྟོད་སའི་བྲག་ཐེམ་དེ་ཡིན་ནའང་། རྡོ་རིང་ནི་ང་ལྷོད་ཀྱིས་ས་གཞིར་འབབ་སའི་ཚང་མལ་དུ་འགྱུར་ཐུབ་བམ།
        རྡོ་རིང་ཞེས་པའི་འཇིག་རྟེན་ཆུང་ཆུང་འདིར་བྲེལ་བྲེལ་འཚུབ་འཚུབ་ངང་ཡོང་ཞིང་བྲེལ་བྲེལ་འཚུབ་ངང་གྱེས་པའི་མི་བུ་དག་གིས་ང་ངོས་ཟིན་མིན་བཤད་དཀའ་ན་ཡང་། ཤོག་བུ་དཀར་པོའི་ངོས་སུ་ཡི་གེ་ནག་ཆུང་དུ་ཏུ་ཕབ་པའི་རྡོ་རིང་པད་མ་དབང་ཆེན་ཞེས་པའི་མིང་ཡིག་འདི་ནི་ངའི་ལུས་སྟེང་ལ་ཐེབས་པའི་རྡོ་རིང་ཞེས་པའི་རྟགས་ཐེམ་ཡིན།
        ས་ཆ་གཞན་དུ་སོང་ནས་བྱ་བ་སྒྲུབ་པའི་ང་ཚོའི་སྡེ་བའི་མི་རྣམས་ལོ་གསར་སོགས་ཀྱི་སྐབས་སུ་ཡུལ་ལ་ཡོང་ན། ཡུལ་མི་ཚོས་མི་དེ་དག་ལ“ཁྱོད་རང་ཡུལ་ལ་ཡོང་བ་ཡིན་ནམ་”ཞེས་འཚམས་འདྲི་བྱེད་པ་དང་། ཆུང་དུས་སུ་ང་རང་ལས་ཀ་སོགས་ཀྱི་དབང་གིས་སྒོ་ཕྱི་ལ་སོང་ཡོད་པའི་མི་དེ་དག་ལ་ཡིད་སྨོན་སྐྱེས་མྱོང་ཞིང་། ང་རང་ཡང་མི་དེ་དག་ལྟ་བུ་ཞིག་བྱེད་ཐུབ་ན་ཅི་མ་རུང་སྙམ་པའི་ཚོར་བ་ཡང་སྐྱེས་མྱོང་། ཡིན་ནའང་། ད་ལྟ་ང་རང་ཡུལ་ལ་ལྡོག་དུས“ཁྱོད་རང་ཡུལ་ལ་ཡོང་བ་ཡིན་ནམ”ཞེས་ཡུལ་མི་ཚོས་འཚམས་འདྲི་བྱེད་དུས། གཟུགས་མེད་ཀྱི་བྱེད་པོ་ཞིག་གིས་ང་རང་ནི་རྡོ་རིང་དང་རིང་ནས་རིང་དུ་བཀྱེད་བཞིན་པའི་ཚོར་བ་ཞིག་སྐྱེས་བྱུང་ལ། དང་ཐོག་བྱེས་སུ་གྱེས་པར་ཡིད་སྨོན་བྱེད་པའི་ང་རང་ད་ལྟ་ཕྱིར་ཕ་ཡུལ་གྱི་བྲང་ཁོག་ཏུ་ལོག་འདོད་ཀྱི་འདུན་པ་ཞིག་ཀྱང་དབང་མེད་དུ་སྐྱེས་ནའང་། འཚོ་བས་ང་རང་རྒྱང་དུ་དེད་ཅིང་རྡོ་རིང་དང་བར་ཐག་བཀྱེད་དུ་བཅུག་བྱུང་།
2020.7.31

རྩོམ་པ་པོ་ངོ་སྤྲོད།
        རྡོ་རིང་པད་མ་དབང་ཆེན། མདོ་སྨད་གཅན་ཚ་རུ་སྐྱེས། ༡༩༩༨ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་གཞི་རིམ་དུ་དགེ་རྒན་གྱི་བྱ་བ་བསྒྲུབས། ༢༠༠༧ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་ནས་གནའ་རབས་རྩོམ་རིག་ཆེད་ལས་ཀྱི་ཞིབ་འཇུག་འཛིན་གྲྭ་ནས་མཐར་ཕྱིན། ད་ལྟ«སྦྲང་ཆར»རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་པའི་ལས་ཀ་གཉེར་བཞིན་ཡོད། ལས་ཞོར་དུ་ལྷུག་རྩོམ་དུ་མ་ཞིག་བོད་ཁུལ་གྱི་དུས་དེབ་དག་ཏུ་བཀོད་མྱོང་ལ།ལྷུག་རྩོམ་ཕྱོགས་བསྒྲིགས་དེབ«དབུས་ལམ་རིང་མོ»༢༠༢༠ལོའི་ཟླ༡༠བར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན། «ཕ་མཚེར་གྲུ་བཞིའི་ལས་བསྐོས»དང«ང་དང་ལྷུག་རྩོམ་བར་གྱི་ལས་འབྲེལ» «ལྷུག་རྩོམ་གྱི་རང་མདངས»སོགས་ལྷུག་རྩོམ་ཐད་ཀྱི་དཔྱད་བརྗོད་སྐོར་ཞིག་ཀྱང«སྦྲང་ཆར»དང«གངས་རྒྱན་མེ་ཏོག»སོགས་ཀྱི་སྟེང་དུ་བཀོད་མྱོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།